Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་བཀའ་མོལ་གནང་བཞིན་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་གཞུང་འབྲེལ་གྱི་གྲོས་མོལ་གནང་གི་མེད་ཀྱང་འགོ་ཁྲིད་ཚོ་དང་ལྷན་དུ་གཞུང་འབྲེལ་མིན་པའི་ཐོག་ནས་བཀའ་མོལ་གནང་བཞིན་ཡོད་པར་གསུངས་འདུག

ཉེ་ཆར་སྲིད་སྐྱོང་མཆོག་དབྱིན་ཡུལ་གཙོས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་སྐབས་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ BBC གསར་ཁང་གི་ HardTalk ཞེས་པའི་བཅར་འདྲིའི་ལེ་ཚན་ཐོག་མཉམ་ཞུགས་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པ་ Sarah Montague ལགས་ཀྱིས་བོད་མིའི་མངོན་འདོད་ངོ་མ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་རྣམས་ཀྱི་དངོས་ཡོད་གནས་སྟངས་དང་ཐུན་མོང་གི་མངོན་འདོད་གཞི་རྩར་བཟུང་སྟེ་ད་ལྟའི་ཆར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་ཀྱི་ཡོད་པ་དང་། བོད་རྒྱ་གཉིས་ཀར་སྨན་པའི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་ཡོང་ཐབས་གནང་བཞིན་ཡོད་ཅེས་གསུངས་པར་མ་ཟད། རྒྱ་ནག་གཞུང་ནས་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དེ་གནའ་བོའི་དུས་ནས་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་བཞེས་གནང་དགོས་པར་ཤོད་ཀྱི་ཡོད། འོན་ཀྱང་ལོ་རྒྱུས་ཐོག་ནས་དངོས་ཡོད་གནས་ཚུལ་དེ་ལྟར་མིན་ལ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་བཙན་བཟུང་མ་བྱས་སྔོན་བོད་དེ་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། དེ་ལྟ་ནའང་བོད་མི་ཚོས་མ་འོངས་པའི་ཁེ་ཕན་ལ་བསམ་ནས་བོད་ཀྱི་རང་བཙན་གནས་བབ་ཟུར་ལ་བཞག་སྟེ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་སྐོར་ནན་བརྗོད་གནང་འདུག

ལྷག་པར་དུ་གསར་འགོད་པ་ Sarah Montague ལགས་ཀྱིས་བོད་རྒྱ་གྲོས་མོལ་གྱི་གནས་བབ་དང་འབྲེལ་སྲིད་སྐྱོང་མཆོག་ནས་ད་ལྟའི་ཆར་རྒྱ་ནག་གི་འགོ་ཁྲིད་དང་བཀའ་མོལ་གནང་གི་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་བོད་རྒྱའི་དཀའ་རྙོག་འདི་ཞི་བའི་ཐོག་ནས་སེལ་རྒྱུར་གྲོས་མོལ་མ་གནང་ཐབས་མེད་ཆགས་ཡོད་པར་འགྲེལ་བརྗོད་དང་འབྲེལ་ད་ཆ་བོད་རྒྱ་གཉིས་ཀྱི་དབར་ལ་གཞུང་འབྲེལ་གྱི་གྲོས་མོལ་གནང་གི་མེད་ཀྱང་གཞུང་འབྲེལ་མིན་པའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་དང་བཀའ་མོལ་གནང་བཞིན་ཡོད་ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྤྱི་དང་བྱེ་བྲག་ཏུ་བོད་ཕྲུག་སློབ་མ་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་དབང་གིས་བཅུད་ཡོད་པ་དེས་བོད་མིའི་སྐད་ཡིག་དང་ཆོས་རིག་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་ལ་ཡར་རྒྱས་དང་དབུལ་ཕོངས་ཀྱི་གནས་སྟངས་བཟང་དུ་བཏང་ཡོད་ཅེས་བཤད་པ་དེ་ལྟར་ཡང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་མེད་ཚེ་བོད་མི་རང་གིས་ཀྱང་ཡར་རྒྱས་དེ་ལྟར་གནང་ཐུབ་ངེས་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ངོས་ནས་དཀའ་ངལ་དང་ནོར་འཁྲུལ་ཆེ་ཤོས་གཅིག་ནི་བོད་མིའི་མངོན་འདོད་ངོ་མ་གང་ཡིན་རྟོགས་ཐུབ་ཀྱི་མེད་པ་དེ་རེད་ཅེས་སོགས་ལན་འདེབས་གནང་འདུག

གཞན་ཡང་ BBC HardTalk བཅར་འདྲིའི་ལེ་ཚན་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཞིག་ནས་ཟུར་འདོན་ཆེད་བཟོ་བྱས་པའི་བརྙན་པར་དང་འབྲེལ་བའི་གནད་དོན་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་དང་འབྲེལ་བའི་བཀའ་འདྲི་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་ཡོད་པ་རེད།

གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༡ ནས་དབྱིན་ཡུལ་དང་། Scotland ནོར་ཝེ། དེ་བཞིན་ Denmark དང་འཇར་མན་བཅས་སུ་གཞུང་འབྲེལ་འཚམས་གཟིགས་དང་སྦྲགས་ཏེ་ས་གནས་སོ་སོའི་གཞུང་གི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི། དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་གི་འགོ་ཁྲིད་སོགས་དང་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་བཀའ་བསྡུར་གནང་བར་མ་ཟད། ས་གནས་ཀྱི་གཙུག་ལག་སློབ་གཉེར་ཁང་དང་བོད་མི་མང་ཚོགས་ལ་འཛིན་སྐྱོང་གི་ལས་དོན་དང་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད། 

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡོ་རོབ་ནས་ཕྱིར་བཞུགས་སྒར་དུ་ཕེབས་འབྱོར་གནང་རྗེས་སང་ཉིན་ཕྱི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༡༧ བར་སིམ་ལ་དང་ཀུལླུ། མ་ནཱ་ལཱི། སྤོན་ཌོ་བཀྲ་ཤིས་གླིང་། མན་ཌི། མཚོ་པདྨ། བཀྲ་ཤིས་ལྗོངས་སོགས་ཧི་མཱ་ཅལ་མངའ་སྡེ་ནང་གི་བོད་མི་གནས་ཡུལ་གྱི་ས་གནས་ཁག་གཅིག་ལ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་གནང་རྒྱུ་ཡིན་པ་ལྟར་འཚམས་གཟིགས་ཁྲོད་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་Shiv Pratap Shukla མཆོག་དང་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Sukhvinder Singh Sukhu མཆོག་རྣམ་གཉིས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།