ཁ་ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཁག་གཅིག་ནས་རྒྱ་ནག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་བྱེད་རིམ་ལ་ཡོངས་སུ་དབང་སྒྱུར་དང་། མི་ལོ་ ༣༠ རིང་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་ཐུགས་འཚབ་ཀྱི་རྣམ་པ་གསལ་སྟོན་གནང་འདུག

རྩ་བའི་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་ ༥༩ པ་དང་བསྟུན། འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་ཚོགས་ཀྱི་ལས་ཁུངས་ནང་དབྱིན་ཡུལ་གཞུང་ཚབ་ཀྱི་གོ་སྒྲིག་འོག་རྒྱལ་ཁབ་ ༢༧ གྱི་སྐུ་ཚབ་མཉམ་ཞུགས་ཀྱིས་བོད་ཀྱི་ཆོས་དད་རང་དབང་དང་འབྲེལ་བའི་ཟུར་ཚོགས་ཤིག་འཚོགས་གནང་ཡོད་པ་དང་། ལས་རིམ་དེའི་ཐོག་རྒྱ་ནག་གཞུང་གིས་བོད་ཀྱི་ནང་བསྟན་ཆོས་བརྒྱུད་སྤྱི་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་ངོས་འཛིན་གྱི་ཆོས་ཕྱོགས་ཀྱི་བྱེད་རིམ་ལ་ཡོངས་སུ་དབང་སྒྱུར་བྱེད་བཞིན་པར་ཐེར་འདོན་གྱིས། བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བོད་བརྒྱུད་ནང་བསྟན་པ་རྣམས་ལ་གཞུང་གི་ཐེ་བྱུས་མེད་པར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་གཅིག་འགྱུར་གྱི་རྣམ་པ་གསལ་སྟོན་དང་སྦྲགས། དེ་འབྲེལ་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གི་རིག་གཞུང་ཐོབ་ཐང་ཐོག་གི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Alexandra Xanthaki ལགས་དང་བཙན་ཁྲིད་གར་སོང་ཆ་མེད་ཞིབ་འཇུག་ཚོགས་ཆུང་གི་དམིགས་བསལ་ཆེད་མཁས་པ་ Gabriella Citroni ལགས། བསམ་ཚུལ་དང་སྨྲ་བརྗོད་རང་དབང་ཐོབ་ཐང་གི་དམིགས་བསལ་ཆེད་མཁས་པ་ Irene Khan ལགས། གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་ Nicolas Levrat ལགས། དེ་བཞིན་ཆོས་དད་རང་དབང་གི་དམིགས་བསལ་ཆེད་མཁས་པ་ Nazila Ghanea བཅས་ཀྱིས་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་བཞིན་པར་ཐུགས་འཚབ་ཀྱིས་མཉམ་འབྲེལ་འབྲེལ་གཏུག་ཞིག་གཏན་འབེབས་གནང་ཡོད་པ་རེད།
དེ་དོན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་གཏན་འབེབས་གནང་བའི་མཉམ་འབྲེལ་ཞུ་ཡིག་དེའི་ནང་། རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་དང་། ༢༠༡༧ ལོའི་ཆོས་དོན་འཛིན་སྐྱོང་གི་སྒྲིག་གཞི་བཅས་གཙོ་བོར་གསལ་སྟོན་གནང་ཞིང་། ༸སྐུའི་ཡང་སྲིད་འདེམས་སྒྲུག་གི་གནད་དོན་ཁྲོད་ཁྲིམས་སྲོལ་དེའི་ནང་ལོ་རྒྱུས་ཀྱི་ཤུལ་བཞག་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ དེ་བཞིན་རྒྱ་ནག་དབུས་གཞུང་གི་ཆོག་མཆན་བཅས་རྩ་དོན་གསུམ་ངེས་པར་དུ་ཚང་དགོས་ལུགས་བཤད་ཡོད་པར་ཐགས་འཚབ་ཀྱི་རྣམ་པ་གསལ་སྟོན་དང་སྦྲགས། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་སྤྱི་དང་། ལྷག་པར་༸སྐུའི་ཡང་སྲིད་ཐོག་ཐེ་བྱུས་ཤུགས་ཆེ་བྱེད་བཞིན་པ་དེས་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་སྐོར་གསལ་སྟོན་གྱིས། རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་གི་གྲོས་མཐུན་དང་རྒྱལ་སྤྱིའི་བཟང་སྤྱོད་དང་ཆབ་སྲིད་ཀྱི་གན་རྒྱ་ ICCPR དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་གན་རྒྱ་ ICESCR བཅས་ལ་མཚན་རྟགས་བཀོད་ཡོད་པ་ལྟར། རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མེད་པ་གསུངས་འདུག མ་ཟད། རྒྱ་གཞུང་ལ་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཕྱིའི་ཐེ་བྱུས་མེད་པར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་གཅིག་འགྱུར་གྱི་རྣམ་པ་གསལ་སྟོན་གནང་འདུག

དེ་བཞིན་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དེ་དག་གིས་༸ གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༥ ལོར་ངོས་འཛིན་མཛད་པའི་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མི་ལོ་ ༣༠ རིང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་ཐུགས་འཚབ་དང་འབྲེལ། གནད་དོན་དེའི་སྐོར་རྒྱ་ནག་གཞུང་ཕྱོགས་ནས་གསལ་བཟོ་བྱ་རྒྱུ་ལྷག་ཡོད་ཐོག་༸སྐུ་ཉིད་མཆོག་རྒྱུན་ལྡན་གྱི་མི་ཚེ་སྐྱེལ་བཞིན་ཡོད་ཅེས་བརྗོད་ཡོད་པ་དེ་ལྟར་ཡང་། རྒྱལ་ཚོགས་ཀྱིས་དེ་འབྲེལ་བདེན་དཔང་ར་སྤྲོད་གང་ཡང་བྱུང་མེད་ཅེས་མངོན་གསལ་གྱིས། རྒྱ་ནག་གིས་ཁོང་གི་འཕྲོད་བསྟེན་གནས་སྟངས་དང་བཞུགས་གནས་སོགས་ཞིབ་ཕྲའི་ཐོག་གནས་ཚུལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
དེ་འབྲེལ་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ལྔ་ནས་རྒྱ་ནག་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་དང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་གཏན་འབེབས་གནང་བའི་མཉམ་འབྲེལ་འབྲེལ་གཏུག་དེར་དགའ་བསུ་དང་འབྲེལ། མཉམ་འབྲེལ་འབྲེལ་གཏུག་དེས་རྒྱ་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཐོག་ལ་ཐེ་གཏོགས་དང་། ཡང་སྲིད་ཀྱི་བདག་དབང་རྒྱ་གཞུང་ལ་ཡོད་ཚུལ་གྱི་འཁྱོག་བཤད་སྤེལ་བར་སྐྱོན་བརྗོད་ནན་པོ་དང་འབྲེལ། ཡང་སྲིད་ངོས་འཛིན་གནང་རྒྱུ་ནི་རང་བཞིན་གྱི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས། ཆོས་ཁས་མི་ལེན་མཁན་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་གི་ཆབ་སྲིད་ཀྱི་དགོས་དམིགས་བསྒྲུབ་ཐབས་སླད་གནད་དོན་འདིའི་ཐོག་ཐེ་བྱུས་བྱེད་དབང་མེད་པ་དང་ཆབས་ཅིག རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་ཡང་སྲིད་དེར་བོད་མི་ཚོས་ནམ་ཡང་ངོས་ལེན་གནང་གི་མིན་ཞེས་གསལ་བཟོ་གནང་གི་ཡོད་པ་ཙམ་མ་ཟད། ༸པན་ཆེན་རིན་པོ་ཆེ་དབུས་པའི་སྐུ་འཁོར་ལྷན་རྒྱས་རྣམས་མི་ལོ་ ༣༠ རིང་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་ལ་རྒྱ་ནག་གཞུང་ཕྱོགས་ནས་གསལ་བཟོ་བྱ་རྒྱུ་ལྷག་ཡོད་སྟབས། རྒྱ་ནག་གིས་དེའི་ཐད་འགན་འཁྲི་དགོས་པ་ཙམ་མ་ཟད། བོད་མི་རྣམས་ལ་ཕྱིའི་ཐེ་བྱུས་མེད་པའི་ཐོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་རྒྱུའི་ཐོབ་ཐང་དགོས་པ་གསུངས་འདུག
གཞི་རྩའི་འབྲེལ་མཐུད་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་མ་ཕེབས་གོང་དུ་ཟླ་བ་ ༧ ཚེས་ ༢ ཉིན་༸མགོན་པོ་མཆོག་གིས་༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་ཐད་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལས་གཞན་སུས་ཀྱང་ཐེ་བྱུས་བྱ་རྒྱུའི་དབང་ཆ་མེད་ཅེས་བསྩལ་བའི་བཀའ་སློབ་རྗེས་སུ་བྱུང་བ་ཞིག་ཡིན་པ་རེད་འདུག




