གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་སྐྱོང་ལ་རྒྱ་ནག་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་སྐོར་གྱི་གནད་དོན་ཐད་འདྲི་རྩད་གནང་སོང་།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་ ༥ པའི་ཐོག་སྲིད་སྐྱོང་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་གྱི་ལས་རིམ་ཁྲོད། སྤྱི་འཐུས་ཁག་གཅིག་ནས་སྲིད་སྐྱོང་མཆོག་གིས་རྒྱ་ནག་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་མོལ་ཡོང་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ་ནས་འདྲི་རྩད་གནང་བར་སྲིད་སྐྱོང་མཆོག་གིས་ད་ལྟ་རྒྱ་ནག་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་གནང་བཞིན་ཡོད་པ་གསུངས་སོང་།

TPiE 10th Session Day 5 Discussion on SIno-Tibet Back-Channel
Screenshot, Source: TibetTV

དེ་ཡང་དེ་རིང་ལས་ཉིན་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དང་ཞིབ་བཤེར་གྱི་ལས་དོན་ཐོག་ལ་མ་ཕེབས་སྔོན་དུ། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་རྫོགས་ལ་ཉེ་བ་དང་འབྲེལ་ནས་བོད་རྒྱ་འབྲེལ་མོལ་ཐབས་བྱུས་ཚོགས་ཆུང་གི་ལས་དོན་གྱི་གནས་བབ་དང་དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་ལ་ཞིག་སྟེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བོད་རྒྱ་འབྲེལ་མོལ་དེ་ལ་བསྒྱུར་བཅོས་ཞིག་དགོས་པ་གཟིགས་ཀྱི་ཡོད་མེད་བཅས་ཀྱི་དྲི་བ་བཏང་བར། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ལ་བལྟས་ན་རེ་བ་དེ་ཙམ་མ་མཐོང་ནའང་། སྒོ་རྒྱབ་ཀྱི་འབྲེལ་བ་འཇོག་བཞིན་ཡོད་པ་དང་། མ་འོངས་རྒྱ་ནག་གི་འགོ་ཁྲིད་བསམ་ཤེས་ཅན་ཞིག་འབྱུང་བའམ། ཡང་ན་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་འབྱུང་ཚེ། རྒྱལ་སྤྱིའི་ཆབ་སྲིད་འཁྲུག་པོའི་ཁྲོད་བོད་དོན་འཐབ་རྩོད་ལ་གོ་སྐབས་དང་གདོང་ལེན་ཇི་ཡོད་ཐབས་བྱུས་ལྡན་པའི་སྒོ་ནས་གོམ་པ་རྒྱག་བཞིན་ཡོད་ཅེས་དང་། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ལས་དོན་དགོས་དམིགས་ལྟར་སྐབས་བསྟུན་ཞུ་སྒོ་ཁག་ཞུ་མུས་ཡིན་པའི་ལན་འདེབས་གནང་སོང་།

སྐར་རྟགས་ཅན་གྱི་དྲི་བ་དང་དེར་སྲིད་སྐྱོང་གྱི་ལན་འདེབས་ཐོག་སྤྱི་འཐུས་རྣམ་པའི་ཁྲོད་དོན་དྲི་བ་ཕེབས་པའི་ནང་དུ། ད་ལྟ་བཀའ་ཤག་གི་རྒྱ་ནག་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་འཇོག་བཞིན་ཡོད་སྐོར་དང་འབྲེལ་ནས། དེའི་ད་ལྟའི་གནས་སྟངས་དང་འབྲེལ་མོལ་བྱེད་སྟངས་བྱེད་ལུགས། སྒོ་རྒྱབ་ཀྱི་འབྲེལ་བ་ཟེར་བའི་སྐབས་སུ་ངོས་འཛིན་བྱེད་ཕྱོགས་བཅས་ཀྱི་སྐོར་ལ་དྲི་བ་བཏང་བར་སྲིད་སྐྱོང་མཆོག་གིས་རྩ་བའི་ཞིབ་ཕྲ་ཞིག་ཞུ་དཀའ་བ་ཡིན་ཡང་ད་ལྟ་སྒོ་རྒྱབ་ཀྱིེ་འབྲེལ་བ་འབྱུང་བཞིན་ཡོད་པ་དང་དེའང་ཆ་ཚང་སྲིད་སྐྱོང་གི་བཀའ་ཁྲོལ་འོག་ནས་འགྲོ་ཡི་ཡོད་པ་གསུངས་སོང་།

དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་རྒྱ་ནག་གི་འཁྲེགས་འཛིན་བྱེད་ཕྱོགས་སོགས་ལ་གཞིགས་ནས་ཐབས་བྱུས་ལ་འགྱུར་བ་གཏང་རྒྱུའི་དུས་ལ་བབས་ཡོད་པ་གཟིགས་ཀྱི་ཡོད་མེད་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས། དེ་བཞིན་ད་ལྟའི་ཆར་བོད་རྒྱ་འབྲེལ་མོལ་གྱི་ཐུགས་འགན་དགའ་ལྡན་ཕོ་བྲང་འམ་བཀའ་ཤག་སུ་ལ་ཡོད་པ་བཅས་ཀྱི་དྲི་བར་བཀའ་ལན་ཁྲོད། སྲིད་སྐྱོང་མཆོག་གིས་ད་ལྟའི་རྒྱ་ནག་དང་རྒྱལ་སྤྱིའི་འགྱུར་འགྲོས་ལ་གཞིགས་ཏེ་ཐབས་བྱུས་གང་འདྲ་འཛིན་དགོས་མིན་ལྟ་གིན་གནང་གི་ཡོད་པ་དང་། བོད་རྒྱ་འབྲེལ་མོལ་སྐྱར་གསོ་ཡོང་བའི་སྐབས་སུ་༸གོང་ས་མཆོག་གིས་ཐུགས་ཐག་མཛད་རྒྱུ་ཡིན་ཡང་དེའི་བར་ན་བཀའ་ཤག་ནས་འགན་འཁྱེར་གྱི་ཡོད་པ་སོགས་གསུངས་སོང་།

དེ་རིང་གྲོས་ཚོགས་སུ་སྔ་དྲོ་སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་གྱི་ལས་རིམ་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དང་ཞིབ་བཤེར་གྱི་ལས་དོན་ཐོག་བསྐྱོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།