Tibetan Royal Year of 2151 | Year of the Wood Dragon

སྟེང་པོ་ཆེ་རིན་པོ་ཆེ་སྐུ་གཤེགས་པར་བརྟེན་ཤར་པའི་མང་ཚོགས་ལ་ཐུགས་གསོ་མཛད་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟེང་པོ་ཆེ་རིན་པོ་ཆེ་ངག་དབང་བསྟན་འཛིན་བཟང་པོ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༦ ཐོག་སྐུ་ཞི་བར་གཤེགས་པར་ཤིན་ཏུ་ཐུགས་ཕམ་བྱུང་ཡོད་པར་བཀའ་སྩལ་དང་འབྲེལ། ད་ཆ་རིན་པོ་ཆེ་མཆོག་ཞི་བར་གཤེགས་ཟིན་ཀྱང་རྗེས་དྲན་ལེགས་ཤོས་ནི་དམ་པ་དེ་ཉིད་ཀྱི་ཉམ་ཆུང་གི་སྤྱོད་ཚུལ་དང་། ཐུགས་ལ་བཅངས་པའི་བྱམས་བརྩེའི་བསམ་པ་རང་རྒྱུད་ལ་བསྐྱེད་ཅི་ཐུབ་ལ་འབད་རྒྱུ་དེ་ཡིན་ཞེས་བཀའ་སྩལ་འདུགདེའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་ཤར་པའི་མཆེད་གྲོགས་ཕོ་མོ་ཡོངས་དང་ཁྱད་པར་དུ་སྟེང་པོ་ཆེ་བླ་བྲང་དང་དགོན་པའི་འདུས་སྤྱི་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ཉེ་ཆར་རིན་པོ་ཆེ་མཆོག་བལ་ཡུལ་ཤར་ཁུམས་བུའི་ས་ཁུལ་ནགས་ཆེར་སྐུ་ཞི་བར་གཤེགས་པར་ཤིན་ཏུ་ཐུགས་ཕམ་བྱུང་ཞིང་། ངོས་ནས་དམ་པ་དེ་ཉིད་ཀྱི་ཆེད་མཆོག་གསུམ་ལ་གསོལ་འདེབས་དང་། འབྲེལ་ཡོད་དད་ལྡན་ཀུན་ལ་སེམས་གསོ་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། དེ་སྔ་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་བྱང་ཤར་ས་ཁུལ་འབྲས་ལྗོངས་མངའ་སྡེར་ཕེབས་སྐབས་རིན་པོ་ཆེ་མཆོག་སྐབས་དེར་མཇལ་བཅར་ལ་ཕེབས་ཡོད་པ་ཐུགས་དྲན་གསོ་བར་མ་ཟད། སྐྱེས་ཆེན་དམ་པ་དེ་ཉིད་ནི་ཐུགས་ཉམ་ཆུང་ཞིང་ཁོང་གི་གཞན་ཕན་གྱི་ཐུགས་བསྐྱེད་ནི་མི་ཚེ་དོན་སྙིང་ལྡན་པར་འཚོ་བློ་ཡོད་རིགས་དག་ལ་མིག་ལྟོས་བཟང་པོ་འོས་པ་ཞིག་ཡིན་པ་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་རིན་པོ་ཆེ་མཆོག་ནི་གཞི་རྩའི་རང་ལུགས་ཀྱི་ཆོས་ལུགས་ནི་སྔ་འགྱུར་རྙིང་མ་ཡིན་པ་དང་དགུང་ལོ་ཆུང་དུས་ནས་བོད་དུ་ཕེབས་ཏེ་ནང་པའི་གཞུང་ཆེན་ཀ་པོད་དག་ལ་གསན་བསམ་སློབ་གཉེར་མཛད་ཞིང་། རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་གཏུགས་ནས་གདམས་པ་དུ་མ་ཞུས་ཡོད། ཕྱི་ལོ་ ༡༩༥༧ ལོར་བལ་ཡུལ་ཤར་ཁུམས་བུའི་སྟེང་པོ་ཆེ་རང་དགོན་དུ་ཕྱིར་ཕེབས་ནས་གདན་ཁྲི་མཛད་པ་དང་། རང་ཁོངས་ཀྱི་དགེ་འདུན་པའི་ཐོས་བསམ་སྒོམ་གསུམ་གྱི་ཐུགས་འགན་ཁོ་ན་ཙམ་མིན་པར་སྤྱི་ཚོགས་ཀྱི་བདེ་རྩར་ཕྱར་བ་གྲུ་འདེགས་གནང་གནད་ཡིན་པའི་ལམ་སྟོན་གནང་ཡོད་པར་མ་ཟད། ལྷག་པར་དུ་རིན་པོ་མཆོག་གིས་ཤར་ཁུམས་བུའི་ས་ཁུལ་གང་སར་ལྗོན་ཤིང་གསར་འཛུགས་གནང་རྒྱུས་མཚོན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་ལམ་སྟོན་མཛད་པའི་མཛད་རྗེས་ཁག་ལ་ཡི་རང་མཛད་འདུགདེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅོ་ལྔ་ཙམ་གྱི་སྔ་རོལ་ཏུ་རིན་པོ་ཆེ་ཁོང་གིས་ས་ཁུལ་དེར་རང་བྱུང་ཁམས་ལ་གནོད་འཚེ་ཆེ་དྲགས་ཚེ་ཐོན་སྐྱེད་ཀྱི་འཐུང་ཆུ་སྐམ་རྒྱུའི་ཉེ་བརྡ་གནང་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་ལ་གངས་རི་འཛེགས་མཁན་གྱི་སྤྲོ་འཆམ་པ་ཚོས་རི་འཛེགས་ལས་ཞོར་དུ་རིན་པོ་ཆེ་མཆོག་མཇལ་ཁར་བཅར་སྐབས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐོག་ལམ་སྟོན་བཀའ་སློབ་གནང་ཁག་ལ་ཡི་རང་བསྔགས་བརྗོད་ཞུ་འོས་རེད་འདུག་ཅེས་སྙན་སེང་ཞུས་ཡོད་སྐོར་བཀའ་སྩལ་འདུག ཕྱི་ལོ་ ༡༩༨༩ ལོར་སྟེང་པོ་ཆེ་མདོ་སྔགས་ཐེག་མཆོག་ཆོས་གླིང་ལ་མེ་སྐྱོན་བྱུང་སྐབས་ཕྱི་རྒྱལ་བ་དེ་དག་གིས་དགོན་པ་བསྐྱར་གསོ་གནང་བར་རམ་འདེགས་གང་ཐུབ་ཞུས་ཡོད་སྐོར་བཀའ་སྩལ་མཛད་འདུགགསུང་འཕྲིན་གྱི་མཐར་༸གོང་ས་མཆོག་གིས་ད་ཆ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་ཟིན་ཀྱང་རྗེས་དྲན་ལེགས་ཤོས་ནི་གང་ཉིད་ཀྱི་ཉམ་ཆུང་གི་སྤྱོད་ཚུལ་དང་། ཐུགས་ལ་བཅངས་པའི་བྱམས་བརྩེའི་བསམ་པ་རང་རྒྱུད་ལ་བསྐྱེད་ཅི་ཐུབ་ལ་འབད་རྒྱུ་དེ་ཡིན་ཞེས་གསུང་འཕྲིན་ཞིག་སྩལ་ཡོད་པ་རེད།གཞི་རྩའི་སྟེང་པོ་ཆེ་རིན་པོ་ཆེ་ངག་དབང་བསྟན་འཛིན་བཟང་པོ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༦ ཐོག་བལ་ཡུལ་ནཱམྕེ་ཁྲོམ་གཞུང་རང་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།