Tibetan Royal Year of 2151 | Year of the Wood Dragon

སྤྱི་ཚོགས་བདེ་སྐྱིད་ལྡན་པ་དགོས་ན་མི་རེ་ངོ་རེ་བདེ་སྐྱིད་ལྡན་པ་ཞིག་དགོས།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་ཨི་ཊ་ལི་དང་ཝི་ཏི་ནམ། དེ་བཞིན་མོན་པ་བཅས་དད་ལྡན་པ་ཁག་ཅིག་གཙོ་འགྱུར་ཕྱི་ནང་གི་ཆོས་ཞུ་བ་ཚོར་༸རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་གནང་པ་དང་འབྲེལ། སྤྱི་ཚོགས་བདེ་སྐྱིད་ལྡན་པ་དགོས་ན་མི་རེ་ངོ་རེ་བདེ་སྐྱིད་ལྡན་པ་ཞིག་དགོས་ཞེས་བཀའ་བསྩལ་སོང།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཞུ་བ་ཚོར་སྔོན་འགྲོ་བཀའ་ཆོས་སྩལ་སྐབས་ད་བར་འཛམ་གླིང་ཐོག་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནའི་ཐོག་བསམ་བློ་གཏོང་བཞིན་ཕྱིན་པ་ལས་བྱམས་པ་དང་བརྩེ་བ་ཟེར་བའི་ནང་སེམས་རྒྱུད་ཀྱི་ཡོན་ཏན་ཐོག་དོ་སྣང་མེད་སྟབས། འཛམ་གླིང་འདིའི་ཐོག་མི་ཕན་ཚུན་དབར་གསོད་རེས་དང་སྡུག་པོ་གཏང་རྒྱུ། ཆོས་དད་མི་འདྲ་བའི་རྒྱུ་མཚན་གྱིས་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་སྤེལ་བའི་གནས་སྟངས་འཕྲད་བཞིན་ཡོད་པ་བཀའ་སྩལ་བ་མ་ཟད། མིས་བཟོས་པའི་ངལ་བ་དེ་དག་མཐོང་བཞིན་དུ་འགྲིག་འདུག་ལྟ་བུའི་བསམ་བློ་འཁྱེར་ནས་བསྡད་ན་མ་རབས་རེད་ཅེས་བཀའ་ནན་བསྩལ་སོང་།

ལྷག་དོན་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་ཚང་མས་སེམས་བཟང་པོ་དང་བྱམས་བརྩེའི་བློ་འཛིན་དགོས་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ལ་གནད་ཆེ་ཡིན་པ་དེ་ཤེས་དགོས་པ་མ་ཟད། མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་བདེ་སྐྱིད་ལྡན་པ་དགོས་ན་མི་རེ་ངོ་རེ་བདེ་སྐྱིད་ལྡན་པ་ཞིག་དགོས་ཞེས་བཀའ་ནན་བསྩལ་བ་དང་ཆབས་ཅིག བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་འདི་ནི་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་དང། ལྟ་གྲུབ་ཀྱི་ཆ་ནས་གཏིང་ཟབ་པོ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ལ་དེང་སྐབས་མི་མང་པོ་ཞིག་གིས་དེ་ལྟར་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ལྷག་དོན་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ལོ་ངོ་ཉི་ཤུ་སུམ་ཅུ་རིང་སློབ་གཉེར་རྒྱག་ཏེ་ལུང་རྟོགས་ཀྱི་བསྟན་པ་གཉིས་པོར་ཉམས་རྟོགས་འཁྲུངས་རྒྱུ་ཡོད་པས་ཁྱད་པར་བ་ཞིག་ཡིན་ཞེས་བཀའ་སྩལ་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་བསྟན་པ་སྤྱི་མཚན་དང་གང་ཟག་དགོས་མཚན་ལས་ཆོས་བརྒྱུད་ཕན་ཚུན་དབར་འཐེན་འཁྱེར་ཡོང་བཞིན་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག རིས་སུ་མ་ཆད་པའི་༸རྒྱལ་བའི་བསྟན་པ་ལ་ཞུགས་མཁན་ཚང་མས་སྟོན་པ་བཅོམ་ལྡན་འདས་གཅིག་གི་རྗེས་འབྲང་ཡིན་པའི་བསམ་བློ་འཁོར་དགོས་ཞེས་བཀའ་བསྩལ་སོང།

རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་གྲངས་གཅིག་གི་རིང་དམིགས་བསལ་བཀའ་ཆོས་སྩལ་དོན་ནི་གམ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་གཉེར་ཁང་གསར་རྒྱག་ཞུ་རྒྱུར་མཐུན་འགྱུར་རོགས་རམ་གནང་མཁན་ཨི་ཊ་ལིར་རྟེན་གཞི་བྱས་པའི་དགེ་འཕེལ་ཆོས་ཚོགས་དང་དང་ཝི་ཏི་ནམ་ནང་རྟེན་གཞི་བྱས་པའི་ཕན་བདེ་གླིང་ཆོས་ཚོགས་གཉིས་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ཞིག་ཆགས་ཀྱི་འདུག་པ་དང་། ཐོག་མའི་འཆར་༸གོང་ས་མཆོག་གིས་གསུང་ཆོས་དེ་༸རྒྱལ་བའི་ཕོ་བྲང་དུ་སྩལ་རྒྱུ་ཡིན་ཡང་། ད་ལན་མོན་རྟ་དབང་ཁུལ་ནས་མོན་པའི་མང་ཚོགས་མང་དག་ཞིག་བཞུགས་སྒར་དུ་ཆེད་བཅར་ཞུས་ཡོད་སྟབས། ༸གང་ཉིད་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྩལ་གནང་བ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།