Tibetan Royal Year of 2151 | Year of the Wood Dragon

སྤྱི་འཐུས་ཀྱི་གྲུབ་ཆ་མ་ཚང་བར་བརྟེན་གྲོས་ཚོགས་ཕྱིར་བཤོལ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ ༤ ཚོགས་ཐུན་ ༡ རྒྱུན་ལྡན་བཞིན་དབུ་འཛུགས་གནང་ཡོད་ཀྱང་། སྤྱི་འཐུས་ ༢༣ མ་གཏོགས་གྲོས་ཚོགས་ནང་མ་ཕེབས་པའི་རྐྱེན་གྱིས་གྲོས་ཚོགས་ཀྱི་ངོ་ཡོད་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་སྟབས་བཅའ་ཁྲིམས་དགོངས་དོན་གྲོས་ཚོགས་ཕྱིར་བཤོལ་གནང་དགོས་བྱུང་ཡོད།

རླུང་འཕྲིན་ཁང་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་ལ་གནད་དོན་དེ་དང་འབྲེལ་བའི་བཀའ་འདྲི་ཞུས་ཀྱང་དང་ལེན་གནང་མ་སོང་བ་དེ་ལྟར་ནའང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོ་སྦྲེལ་པོ་མཆོག་གི་ལམ་སྟོན་འོག་བཀའ་ཤག་གི་ངོས་ནས་གནད་དོན་དེ་གང་ཐུབ་གཙང་བཟོ་གནང་རྒྱུར་་འབད་བརྩོན་གནང་བཞིན་ཡོད་སྐོར་གསུངས་སོང་།

རྩ་བའི་ཐེངས་འདིའི་གྲོས་ཚོགས་དང་བསྟུན་གཞི་རིམ་མི་མང་རེ་འབོད་ཚོགས་པའི་གོ་སྒྲིག་འོག་འཛམ་གླིང་ས་ཕྱོགས་གང་ས་ནས་བོད་མི་ ༥༠༠ ལྷག་གིས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་ཁྲིམས་ཞིབ་པ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་བཞིན་པ་ལྟར། དེ་རིང་གྲོས་ཚོགས་ཕྱིར་བཤོལ་དང་བསྟུན་སྤྱི་འཐུས་ཉི་ཤུ་རྣམས་དེ་དག་དང་ཐུག་འཕྲད་སླད་ཆེད་ཕེབས་ཀྱིས་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་སོང་།

ཐེངས་འདིའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ ལས་ཉིན་ ༡ ཐོག་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སུ་ལས་རིམ་རྣམ་གཞག་ཁྲོད་རྒྱའི་སོ་པ་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་གནང་ཡོད་སྟབས། ཁ་སང་ཉིན་འཁྱོངས་རིང་གནད་དོན་དེའི་ཐོག་སྤྱི་འཐུས་རྣམས་ཀྱིས་ཐུགས་ཚོར་ཆེན་པོས་བགྲོ་གླེང་གནང་བར་མ་ཟད། དེ་རིང་སྤྱི་འཐུས་ཉི་ཤུས་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གནད་དོན་དེ་གཙང་བཟོ་མ་གནང་བར་དུ་གྲོས་ཚོགས་ལ་བཅར་རྒྱུ་མིན་པའི་འགྲེལ་བརྗོད་གནང་འདུག

སྐབས་དེར་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་གཙོས་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་ལས་དོན་ཐོག་ཚོགས་གཙོ་སྦྲེལ་མཆོག་གིས་བཞུགས་མོལ་ཚོགས་འདུ་གནང་རྒྱུ་ཡིན་སྐོར་གསུངས་སོང་ཞེས་གསུངས་པ་དང་སྦྲགས། མང་ཚོགས་ལ་སེམས་ཤུགས་ཆག་རྒྱུ་མེད་པ་དང་ལྷག་དོན་ལས་འགུལ་དེ་ཞི་བའི་ངང་སྤེལ་དགོས་ཞེས་གསུངས་སོང་ལ། ཁག་གཅིག་གིས་ལས་འགུལ་མཚམས་འཇོག་དགོས་པའི་ལམ་སྟོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།