ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་མཆོག་སྤྲུལ་རྡོ་རྗེ་བརྟན་གྱི་དགོན་པའི་ནང་དུ་གཞུང་གི་ཉེན་རྟོག་མི་སྣ་ཡོང་ནས་གྲྭ་ཕྲུག་ཆུང་ཆུང་ཚོ་དགོན་པའི་ནང་དུ་འདུག་མི་ཆོག་པ་དང་གལ་ཏེ་རྗེས་སུ་ཤེས་རྟོགས་བྱུང་ཚེ་ཉེས་ཆད་ཕོག་རྒྱུ་ཡིན་པའི་བཙན་བཀའ་བཏང་ཡོད་འདུག

རྩ་བའི་དེ་སྔ་བོད་ནང་ནས་གནས་ཚུལ་ཕྱི་གྱར་བྱུང་བའི་ནང་དུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་མཆོག་སྤྲུལ་རྡོ་རྗེ་བརྟན་སྔ་ལོའི་ཕྱི་ཟླ་ ༡༢ ཀྱི་ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་མ་ཟད། སློབ་གྲའི་སློབ་ཕྲུག་རྣམས་རང་ཁྱིམ་དུ་ཕྱིར་སློག་བཏང་ཡོད་པའི་རྗེས་སུ་ཁོང་མཚོ་སྔོན་ཞིང་ཆེན་གྱི་བཙོན་ཁང་ཞིག་གི་ནང་དུ་བཀག་ཉར་བྱེད་བཞིན་པ་མ་གཏོགས་གཞན་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། འབྲེལ་ཡོད་ནང་མི་དང་ཉེ་འབྲེལ་རྣམས་ལ་ཡང་ཁོང་ཐུག་འཕྲད་བྱེད་ཆོག་གི་མེད་པའི་ཉེན་བརྡ་བཏང་བ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་རིང་འདི་གར་འབྲེལ་ཡོད་ནས་གནས་ཚུལ་འགྲེལ་བརྗོད་གནང་དོན་ལྟར་ན། ལོ་ཤས་སྔོན་ནས་དགོན་པའི་དོ་དམ་འོག་ཏུ་ཡོད་པའི་སྒེར་གཉེར་སློབ་གྲྭ་མང་པོ་སྒོ་བརྒྱབ་ཟིན་ནའང་དགོན་པའི་ནང་དུ་རྒྱུན་སྡོད་བྱེད་མཁན་གྲྭ་ཕྲུག་ཆུང་ཆུང་ཚོ་ལ་དམིགས་བསལ་འཛིན་གྲྭ་བཙུགས་ནས་བོད་ཡིག་དང་ནང་ཆོས་སྐོར་གྱི་སློབ་སྦྱོང་དམིགས་བསལ་སྤྲད་བཞིན་ཡོད་སྟབས། ཉེ་ཆར་གཞུང་གི་མི་སྣ་དགོན་པའི་ནང་དུ་སླེབས་ནས་གྲྭ་ཕྲུག་ཆུང་ཆུང་ཚོའི་འཛིན་གྲྭ་སྒོ་བརྒྱབ་ཡོད་པ་དང་། དགོན་པའི་ནང་གི་གྲྭ་ཕྲུག་ཆུང་ཆུང་ཚོ་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་དུ་བཅུག་དགོས་པའི་ཁྲིམས་བཟོས་ཡོད་པ་གསུང་གི་འདུག
དེའང་མཆོག་སྤྲུལ་རྡོ་རྗེ་བརྟན་དགོན་པ་གཅིག་པུ་མིན་པར་མགོ་ལོག་ས་ཁུལ་གྱི་དགོན་པ་མང་ཆེ་བའི་ནང་གི་བོད་ཡིག་འཛིན་གྲྭའི་ཐོག་དམ་དྲག་བྱས་རྗེས་དགོན་པའི་ཉེ་འཁྲིས་ཀྱི་གྲོང་སྡེའི་ནང་དུ་བོད་ཡིག་འཛིན་གྲྭ་གསར་བཙུགས་བྱས་ཡོད་པ་དང་སློབ་ཁྲིད་འགོ་བཙུགས་ཡོད་ནའང་ས་གནས་སྲིད་གཞུང་མི་སྣ་སླེབས་ཏེ་འཛིན་གྲྭ་དེ་དག་ཀྱང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད་འདུག
ཕྱོགས་མཚུངས་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་སྐབས་སུ་ཨ་མདོ་རྔ་བའི་ཀིརྟི་དགོན་ཆེན་དང་། མགོ་ལོག་ལུང་སྔོན་དགོན། སྐུ་འབུམ་མར་མཆོད་ཆེན་མོའི་སྐབས་སུ་དགོན་པར་ཉེན་རྟོག་པ་ཕོན་ཆེ་འགྲེམ་འཇོག་བྱས་ཡོད་པ་ལྟར། ཆོས་མཇལ་བ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན་སྐུ་འབུམ་མར་མཆོད་ཆེན་པོའི་སྐབས་ཉེན་རྟོག་པས་སྐོར་སྲུང་བྱས་པ་མང་དྲག་སྟབས། དགོན་པའི་ནང་དུ་འཛུལ་སྐབས་བཙོན་ཁང་ཞིག་གི་ནང་སླེབས་པ་ལྟ་བུའི་ཚོར་བ་སླེབས་སོང་ཅེས་འགྲེལ་བརྗོད་གནང་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད། མགོ་ལོག་ཁུལ་དུ་ས་གནས་བོད་མི་རྣམས་ལ་ཕ་སྐད་གཙང་མ་རྒྱག་དགོས་པའི་སྐུལ་དེད་ལས་འགུལ་སྤེལ་བའི་རྐྱེན་གྱིས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༤ ལོར་མགོ་ལོག་དར་ལག་རྫོང་། དཔོན་སྐོར་སྡེ་བའི་སྡེ་དཔོན་དགོན་པོ་རྣམ་རྒྱལ་ལགས་དང་དགོན་པའི་མཁན་པོ་གཙོས་པའི་བོད་མི་ ༢༠ ལྷག་འཛིན་བཟུང་བྱས་པའི་ཁྲོད། དགོན་པོ་རྣམ་རྒྱལ་ལགས་བཀག་ཉར་འོག་རྡུང་རྡེག་དྲག་པོ་བཏང་རྐྱེན་གློད་བཀྲོལ་བཏང་བའི་ཉིན་ཤས་རྗེས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་མྱོང་ཡོད་པ་མ་ཟད། སྔ་ལོའི་ ༢༠༢༥ ལོའི་ཕྱི་ཟླ་ ༤ པའི་ནང་ཧྥ་རན་སིའི་ Le Monde ཞེས་པའི་གསར་ཤོག་གི་གསར་འགོད་པ་ཞིག་མགོ་ལོག་ཏུ་ཆེད་ཕེབས་ཀྱིས་གནས་ཚུལ་རྒྱུན་ལོན་གནང་བའི་ཁྲོད། རྒྱ་གཞུང་གིས་ཁུལ་དེའི་མཐོ་འབྲིང་སློབ་མ་ ༣༠༠༠ བརྒལ་བ་བཅའ་སྡོད་སློབ་གྲྭར་གཏོང་རྒྱུ་གྲ་སྒྲིག་དང་། ཆབ་སྲིད་སློབ་གསོ་གཙོ་གྱུར་བྱས་པའི་སློབ་གྲྭ་དེའི་སློབ་མ་རྣམས་རང་ཉིད་ཕ་མེས་ཀྱི་བོད་ཡིག་དང་བོད་སྐད་ལས་ཁ་བྲལ་བཏང་ཡོད་པ་ཕྱིར་མངོན་གནང་ཡོད་པ་རེད།
དེ་བཞིན་ཟླ་བ་དེ་གའི་ནང་མགོ་ལོག་སྟོང་སྐྱབས་དགོན་དུ་ཁྲིམས་ལུགས་ཀྱི་ཟབ་སྦྱོང་ཟེར་བ་ཞིག་འཚོགས་པའི་ཐོག ཞི་ཅིན་ཕིང་གིས་ཆོས་ལུགས་ཁྱབ་ཁོངས་སྐོར་གྱི་གལ་ཆེའི་གཏམ་བཤད་ཁག་ལག་བསྟར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་མ་ཟད། ཆོས་ལུགས་མི་སྣའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དང་། གཞུང་གི་ཁྲིམས་ལུགས་ལ་ངེས་པ་ཡོད་རྒྱུ། དེ་བཞིན་ཏང་གི་སྒྲིག་ཁྲིམས་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་སྤེལ་བཞིན་པ་མངོན་གསལ་བྱུང་ཡོད་པརེད།
མ་ཟད་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་མགོ་ལོག་གི་ཁྲ་གླིང་དགོན། ལུང་སྔོན་དགོན་སོགས་ལ་ཆོས་ལུགས་ཁྱབ་ཁུངས་ཀྱི་ཡིག་ཆ་དང་པོ་ཟེར་བའི་གཞི་རྒྱ་ཆེ་བའི་བྱེད་སྒོ་ཆེན་པོ་ཞིག་འཚོགས་ཡོད་པའི་ཐོག གཅིག་བཤད་གཉིས་བརྟན་གསུམ་སྐུལ་གྱི་བྱེད་སྒོ་ཟེར་བ་ཞིག་སྤེལ་འགོ་བཙུགས་ཡོད་པ་དང་། དེའང་འདི་ལོའི་ཕྱི་ཟླ་ ༣ ནང་འཚོགས་པའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དང་འབྲེལ་བའི་ལས་དོན་ཞིག་ཆགས་ཀྱི་ཡོད་འདུག




