Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཀ་རྡོར་སྒང་གསུམ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་བ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཀ་སྦུག་དང་རྡོར་གླིང་། སྒང་ཏོག་བཅས་བོད་མིའི་འདུས་སྡོད་ཁག་ཏུ་དེ་རིང་ཚེས་ ༡༨ ནས་ ༢༦ རིང་གཞུང་འབྲེལ་འཚམས་གཟིགས་གནང་གཏན་ཁེལ་འདུག

མཛད་རིམ་ལ་གཞིགས་ན། སྲིད་སྐྱོང་མཆོག་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་དང་པོར་བཞུགས་སྒར་དྷརྨ་སཱ་ལཱ་ནས་རྒྱལ་ས་ལྡི་ལིར་ཕེབས་པ་དང་། སང་བྷག་ཌོག་ར་གནམ་ཐང་དུ་ཕེབས་འབྱོར་གནང་རྗེས་མཁའ་ཤང་དང་སོ་ནཱ་དཱ་བཀྲ་ཤིས་གླིང་། རྡོར་གླིང་དགོན་པར་གནས་གཟིགས་དང་མི་མང་མཇལ་འཕྲད་སོགས་གནང་རྒྱུ་རེད་འདུག

དེ་བཞིན་ཕྱི་ཚེས་ ༢༠ དང་ ༢༡ ཉིན་སྲིད་སྐྱོང་མཆོག་རྡོ་རྗེ་གླིང་དང་མི་རིག་ཁུལ་དུ་གནས་གཟིགས་དང་བོད་མིའི་འདུས་སྡོད་ཁག་ཏུ་འཚམས་གཟིགས་གནང་རྒྱུ་མ་ཟད་ཕྱི་ཚེས་ ༢༡ དང་ ༢༢ ཉིན་ཀ་ལིམ་པོང་གི་རྒས་གསོ་ཁང་དང་མང་ཚོགས་མཇལ་འཕྲད་སོགས་གནང་སྟེ་ཕྱི་དྲོ་ར་ལྦང་ལར་ཕེབས་ཐོན་གནང་རྒྱུ་རེད། ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་ར་ལྦང་ལར་སློབ་གྲྭ་སོགས་སུ་འཚམས་གཟིགས་དང་། མང་ཚོགས་ལ་གསུང་བཤད་གནང་རྒྱུ། ས་གནས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།

ཕྱི་ཚེས་ ༢༤ ཉིན་ལ་ཆེན་དུ་ཕེབས་ཏེ་མང་ཚོགས་ལ་གསུང་བཤད་དང་ཕྱི་དྲོར་ལ་ཆུང་དུ་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་རེད་འདུག་ལ། ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་མཆོག་སྒང་ཏོག་ནས་མཚོ་མགོར་ཕེབས་ཏེ་ཁུལ་དེའི་བོད་མི་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་དང་མཇལ་འཕྲད་གནང་རྒྱུར་མ་ཟད་ཕྱི་ཚེས་ ༢༦ ཉིན་ལས་རིམ་གཞན་ཁག་ཅིག་བསྐྱང་ཕྱིར་རྒྱལ་ས་ལྡི་ལིར་ཕེབས་ཀྱི་ཡོད་པ་རེད།

གཞི་རྩའི་སྲིད་སྐྱོང་མཆོག་ཨ་རུ་ནཱ་ཅལ་དུ་ལྡི་ལི་འཕགས་བོད་འབྲེལ་མཐུད་ལས་ཁང་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་དེ་སྔ་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་དབར་གྱི་དམག་འཁྲུག་བྱུང་ནས་ལོ་ངོ་ ༥༩ འཁོར་བའི་དུས་དྲན་ལས་འགུལ་ཞིག་རྟ་དབང་དུ་སྤེལ་བཞིན་པར་གདན་ཞུ་ཕུལ་བ་ལྟར་ཉེ་ལམ་དྷ་ས་ནས་ཕེབས་ཐོན་གནང་འཆར་དང་སྦྲགས། ས་གནས་སུ་ཕེབས་ཞོར་ཉེ་འཁོར་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་དང་བྷོམ་དྷི་ལ།  མིའོ་ཆོས་འཕེལ་གླིང་། ཏེ་ཛུ་དར་རྒྱས་གླིང་། ཊུ་ཊིང་། ཤིས་ལོང་། དེ་བཞིན་དྷི་མ་པུར་བཅས་སུ་འཚམས་གཟིགས་གནང་གཏན་ཁེལ་ཡོད་ཀྱང་། ད་ཆ་འཚམས་གཟིགས་དེ་ཕྱིར་འཐེན་གྱིས་ཀ་རྡོར་སྒང་གསུམ་དུ་ཕེབས་གཏན་ཁེལ་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་དེ་འབྲེལ་ཁ་སང་དབུས་བོད་ཀྱི་སྨན་རྩིས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ འཁོར་བ་དང་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༥ འཁོར་བ། དེ་བཞིན་བྱེས་སུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཕགས་ཡུལ་དྷརྨ་སཱ་ལཱར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ཏེ་ལོ་ངོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་མཛད་སྒོ་གཟབ་རྒྱས་ཐོག་གསུང་བཤད་གནང་སྐབས་ཐོག་མའི་འཆར་གཞི་ལྟར་ན། དེ་རིང་ང་རང་གྷོ་ཧ་ཌི་ཁུལ་དུ་འབྱོར་ཡོད་ཀྱང་། འདས་པའི་ཉིན་ཤས་ཁྲོད་རྟ་དབང་ཁུལ་དུ་རྒྱ་དཀར་ནག་གཉིས་དབར་འཕགས་བོད་མཐའ་མཚམས་དང་འབྲེལ་གནས་ཚུལ་རྣོ་ངར་ཆེན་པོ་ཆགས་པར་བརྟེན་གནས་ཡུལ་རྒྱ་གར་གཞུང་ལ་ཐུགས་སུན་པོ་བཟོ་མ་དགོས་པར་ཆེད་དམིགས་ཀྱིས་ཨ་རུ་ནཱ་ཅལ་ཁུལ་གྱི་མཛད་འཆར་རེ་ཞིག་ཕྱིར་བཤོལ་བྱས་ཡོད། དེའི་ཚབ་ཏུ་ཀ་རྡོར་སྒང་གསུམ་དུ་བཅར་རྒྱུར་ཐག་གཅོད་དང་ཀ་རྡོར་སྒང་གསུམ་དུ་བོད་མི་རྣམས་ཀྱི་གནས་སྟངས་རྒྱུས་ལོན་ཆེད་ཡིན་པར་གསུངས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་གྱི་འཚམས་གཟིགས་གྲུབ་མཚམས་སུ་ཡོ་རོབ་ཁུལ་དུ་ཕེབས་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།