Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ནང་གདན་ཞུ་གནང་འདུག

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འདི་ཚེས་ ༡༧ ཉིན་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་སིཌ་ནིར་ཕེབས་འབྱོར་བྱུང་བ་དང་བསྟུན། དེ་རིང་ཕྱི་ཚེས་ ༢༠ ཉིན་གུང་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་ Sharon Claydon མཆོག་དབུ་བཞུགས་ཐོག་གྲོས་ཚོགས་འཚོགས་བཞིན་པའི་སྐབས། སྲིད་སྐྱོང་མཆོག་ཟུར་ཉན་དུ་གདན་ཞུ་གནང་འདུག་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ལྕམ་ Dr. Sophie Scamps ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་ Susan Templeman ལགས་རྣམ་གཉིས་ནས་སྲིད་སྐྱོང་མཆོག་ལ་དགའ་བསུ་ཞུས་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་འདུག

གྲོས་ཚོགས་འཐུས་མི་ལྕམ་ Dr. Sophie Scamps ལགས་ཀྱིས་སྐབས་དེར་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་སྦྲགས། ཉེ་ལམ་རྒྱལ་ཚོགས་ཀྱིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་བོད་ནང་བོད་ཕྲུག་ས་ཡ་ ༡ ཙམ་རང་ཉིད་ཀྱི་ནང་མི་སྤྱི་ཚོགས་སོགས་དང་ཁ་བྲལ་བཏང་སྟེ། རྒྱ་ནག་གི་གཞི་རྒྱ་ཆེ་བའི་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བཙན་དབང་གིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་གོ་རྟོགས་གང་ཡང་མེད་པ་བཟོ་བའི་བརྒྱུད་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་གྱིས་བོད་རྒྱ་སྒྱུར་སློབ་གསོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པའི་བློ་འཚབ་ཀྱི་རྣམ་པ་ཆེད་འདོན་དང་ཉེན་བརྡ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་འདུག་པ་མ་ཟད། རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ལ་ཐད་བྱུས་བྱེད་བཞིན་པ་དང་འབྲེལ། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ནི་མི་རབས་ནས་བརྒྱུད་དེ་བོད་མིའི་ཆོས་དད་རང་དབང་དང་འབྲེལ་ནས་ཆོས་ཕྱོགས་ཀྱི་གནང་སྒོ་ཡིན་སྟབས། ཆབ་སྲིད་ཀྱི་གནོན་ཤུགས་འོག་སུ་འདྲ་ཞིག་གིས་དེར་ཐད་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་མ་ཟད།  ཨོསྟྲེ་ལི་ཡཱའི་གཞུང་གི་ངོས་ནས་བོད་མིའི་ཆོས་དད་རང་དབང་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག

གཞན་ཡང་སྐབས་དེར་གྲོས་ཚོགས་འཐུས་མི་ལྕམ་ Susan Templeman ལགས་ཀྱིས་ཀྱང་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་ ༡ ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭ་བཙན་འཇུག་གིས་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་སྐོར་ནན་བརྗོད་དང་སྦྲགས། བོད་མི་ཚོས་ཆོས་དད་རང་དབང་དང་ཞི་བའི་ལས་འགུལ་སྤེལ་བར་གང་བྱུང་དོ་དམ་འཛིན་བཟུང་བཀག་ཉར་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་པ་མ་ཟད། བོད་མི་གང་བྱུང་འགྲུལ་བསྐྱོད་བྱ་རྒྱུར་དམ་བསྒྲགས་དང་སུན་གཙེར་ཤུགས་ཆེ་བཟོ་བཞིན་པར་གྲོས་ཚོགས་འཐུས་མི་ཡོངས་ནས་གནད་དོན་དང་འབྲེལ། བོད་མིར་རྒྱབ་སྐྱོར་གནང་དགོས་ངེས་ཡིན་པ་བརྗོད་འདུག

ཕྱོགས་མཚུངས་ཁ་སང་ཕྱི་ཚེས་ ༡༩ ཉིན་སྲིད་སྐྱོང་མཆོག་ The Sydney Morning Herald གསར་ཤོག་གི་བཅར་འདྲི་ལས་རིམ་ཞིག་གི་ཐོག་ལྷན་ཞུགས་གནང་བ་ལྟར། སྲིད་སྐྱོང་མཆོག་གིས་སྐབས་དེར་སྲིད་བློན་ Anthony Albanese མཆོག་གི་དབུ་ཁྲིད་འོག་ཨོསྟྲེ་ལི་ཡཱའི་གཞུང་གིས་འདས་པའི་ལོ་ཡུན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ། Iran ཨི་རན་དང་ ཨུ་རུ་སུ། Myanmar  མེན་མར་སོགས་རྒྱལ་ཁབ་ཁག་ཅིག་ལ་གཞུང་འབྲེལ་གྱི་ཐོག་ནས་ Magnitsky ཁྲིམས་གཞི་ལག་བསྟར་བྱས་ཏེ་ཉེས་ཆད་བཅད་ཡོད་པ་དང་་འབྲེལ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་དུ་མས་རྒྱ་ནག་གིས་བོད་དང་ཤིང་ཅང་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་ཉེས་ཆད་འགེལ་དགོས་པའི་ཞུ་གཏུག་རིམ་པ་གནང་ཡོད་ཀྱང་ཨོསྟྲེ་ལི་ཡཱའི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་གི་ཁེ་ཕན་ལ་གཞིགས་ནས་སྣང་མེད་དུ་འཇོག་པ་དང་། ལག་ལེན་ཐུབ་ས་རེད་བསམ་པའི་རྒྱལ་ཁབ་ལ་ཉེས་ཆད་བཀལ་བ་ནི་དྲང་བདེན་མིན་པ་མ་ཟད། རྒྱལ་ཁབ་ལ་སྲིད་བྱུས་ཚད་ལྡན་ཞིག་ཡོད་ཚེ་སྲིད་བྱུས་དེ་དག་ལག་བསྟར་གཅིག་མཚུངས་གནང་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག

སྲིད་སྐྱོང་མཆོག་གིས་ད་དུང་ཨོསྟྲེ་ལི་ཡཱའི་སྲིད་བློན་ Anthony མཆོག་ནས་སླེབ་ལ་ཉེ་བའི་ལོ་དུས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་ནམ་བྱུང་ལ་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་གནང་དགོས་པ་མ་ཟད། བོད་གཙོས་གྲངས་མི་རིགས་ལ་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་རྒྱ་གཞུང་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས་པ་གསུངས་འདུག

བཅར་འདྲིའི་ལས་རིམ་དེའི་ཐོག་ད་དུང་། རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ཀྱི་ཡོད་པའི་འགྲེལ་བརྗོད་དེ་ནི་ལོག་འགྲེལ་ཞིག་ཡིན་ཞིང་། བཙན་བྱོལ་བོད་མིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་ཁེ་དབང་ཁོ་ན་རྩོད་བཞིན་པའི་གནད་དོན་གསལ་བཤད་དང་སྦྲགས། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་དེ་དག་ལ་རྒྱ་ནག་དང་ཁ་གཏད་བྱེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ནི་འཐབ་རྩོད་ཀྱི་གོ་བ་རྟོགས་མ་ཐུབ་པ་ལས་ང་ཚོས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པའི་འགྲེལ་བརྗོད་ནན་པོ་གནང་འདུག་པ་མ་ཟད། ཉེ་ལམ་རྒྱ་ནག་གཞུང་ཚབ་པས་ད་ལྟའི་ཆར་བོད་དང་ཤིང་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་དེ་ལོ་རྒྱུས་ནང་ཚད་མཐོ་ཤོས་སུ་གནས་ཡོད་པའི་འགྲེལ་ལོག་བྱས་ཡོད་སྐོར་གསུངས་འདུག

མ་ཟད་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་ཕྱི་ཕྱོགས་གསར་འགོད་པར་དམ་བསྒྲགས་མེད་པའི་ཐོག་རང་དབང་ངང་བོད་ཀྱི་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་བྱེད་དུ་འཇུག་དགོས་པ་དང་། རྒྱ་ནག་གིས་བོད་དེ་ལྷ་ཡུལ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཤིག་བསྐྲུན་ཡོད་ལུགས་བཤད་བཞིན་པ་ལྟར་ཕྱི་མི་ཚོ་ལྷ་ཡུལ་གྱི་དོན་དངོས་གནས་སྟངས་རྟོག་ཞིབ་བྱ་རུ་ཅིའི་ཕྱིར་དམ་བསྒྲགས་དང་འགྲུལ་བསྐྱོད་མི་ཆོག་པ་རེད་དམ་ཞེས་དྲི་བ་གནང་དོན་ལྟར། གསར་ཁང་དེས་གནད་དོན་དེའི་ཐོག་ཁུལ་དེའི་རྒྱ་ནག་གཞུང་ཚབ་པར་འབྲེལ་བ་བྱས་ཀྱང་ཡ་ལན་གང་ཡང་བྱས་མེད་པ་རེད་འདུག

ཕྱོགས་མཚུངས་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨོསྟྲེ་ལི་ཡཱའི་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་གཙོས་བོད་མིའི་རུ་ཁག་ཅིག་ནས་ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་ Penny Wong གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་བོད་དོན་ཞུ་གཏུག་གནང་བ་ལྟར། ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ནམ་ཐུག་ཚེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་ཡོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།