Tibetan Royal Year of 2151 | Year of the Wood Dragon

སློབ་ཁག་བཅིུག་གི་དགེ་ལས་སློབ་མ་ ༦༠༠༠ ལྷག་ལ་ཊི་སྦི་བརྟག་དཔྱད་ལེགས་གྲུབ་ཟིན་པ།

Tibetan News Headlines

  • Gongma Rinpoche at 80: An in-depth interview with Sakya Gongma Trichen Rinpoche uncovering his life journey and biography

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • དམིགས་བསལ་ལས་རིམ། ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་༧སྐུ་ཚེའི་མཛད་རྣམ་སྙིང་བསྡུས།

བཞུགས་སྒར་དབུས་བདེ་ལེགས་སྨན་ཁང་དང་ཨ་རིའི་ Johns Hopkins གཙུག་ལག་སློབ་གཉེར་ཟུང་འབྲེལ་ཐོག་ནས་ Zero TB འམ་གློ་ནད་ཊི་སྦི་རྩ་མེད་ཀྱི་ལས་གཞི་དང་འབྲེལ་ཏེ་བོད་པའི་སློབ་གྲྭ་ཁག་ ༡༡ ནང་གི་དགེ་ལས་སློབ་མ་ ༦༡༧༧ ལ་གློ་ནད་ཊི་སྦིའི་བརྟག་དཔྱད་གནང་བའི་ཁྲོད་ཊི་སྦི་རིམ་པ་དང་པོའི་ནད་པ་ ༤༢ དང་ཛ་དྲག་ MDR ཊི་སྦི་ཡོད་མཁན་ནད་པ་གཉིས་མ་གཏོགས་ཐོན་མི་འདུག

དེ་རིང་ཟླ་ ༣ ཚེས་ ༡༩ ཉིན་སྔ་དྲོ་འདི་ག་དབུས་བདེ་ལེགས་སྨན་ཁང་དུ་བོད་མིའི་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་ལས་གཞི་དེའི་འགན་རྐང་བཞེས་གནང་མཁན་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པའི་འགན་འཛིན་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་གིས་དབུས་པའི་ཕྱག་སྦྲེལ་སྨན་པ་རྣམ་པ་དང་། དེ་བཞིན་ཊི་སྦིའི་ཐོག་ལ་སྙན་གྲགས་ཡོད་པའི་ཨ་རིའི་ Johns Hopkins གཙུག་ལག་སློབ་གཉེར་ཁང་གི་ཊི་སྦིའི་ཉམས་ཞིབ་ཚན་པའི་འགན་འཛིན་སྨན་པ་ Richard Chaisson ལགས་ཀྱིས་གཙོས་པའི་ཕྱག་རོགས་ལས་བྱེད་ཁག་ཅིག་བཅས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བ་དང་སྦྲགས། ད་བར་ལས་གཞི་དེའི་སྔ་རྗེས་ཀྱི་བརྒྱུད་རིམ་དང་མ་འོངས་པའི་འཆར་གཞི་ཁག་ཅིག་སྐོར་ལ་གསུངས་ཡོད།

ལྷག་པར་དུ་སྔ་ལོའི་ཕྱི་ཟླ ༤ ནས་བོད་མིའི་སྤྱི་ཚོགས་ནང་ Zero TB འམ་གློད་ནད་ཊི་སྦི་རྩ་མེད་ཀྱི་ལས་གཞི་ཞིག་དབུ་འཛུགས་ཀྱིས་ད་བར་རྒྱ་གར་བྱང་ཕྱོགས་བོད་སློབ་ཁག་བཅུ་གཅིག་གི་སློབ་མ་ ༥༣༨༧  དང་དགེ་རྒན་ལས་བྱེད་ ༧༩༠ བཅས་ཁྱོན་མི་གྲངས་ ༦༡༧༧ ལ་བརྟག་དཔྱད་ལེགས་གྲུབ་བྱུང་འདུག་པ་དང་། དེའི་ཁྲོད་ཊི་སྦི་རིམ་དང་པོ་ཡིན་པ་མི་གྲངས་ ༤༢  དང་ MDR འམ་ཛ་དྲག་ཊི་སྦི་རིམ་པ་གསུམ་པ་ལ་སླེབས་ཡོད་པ་ནད་པ་གཉིས་ར་སྤྲོད་བྱུང་འདུག

སྐབས་དེར་ཊི་སྦིའི་ཆེད་ལས་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ལས་གཞིའི་ཕུགས་ཀྱི་དམིགས་ཡུལ་དེ་བོད་པའི་སྤྱི་ཚོགས་ནང་ཊི་སྦི་ནད་མེད་པ་བཟོ་རྒྱུ་ཡིན་སྟབས་དེ་ལ་གཙོ་བོར་ནད་པ་ངོ་ཆོད་ཡག་དང་སྔོན་འགོག་གི་སྨན་བཅོས་འགོ་འཛུགས་སོགས་ཐབས་ལམ་གནད་འགག་གསུམ་ཡོད་པ་སོགས་གསུངས་ཡོད།

གསར་འགོད་ལྷན་ཚོགས་དེའི་ཐོག་ནས་༸སྐུའི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས་གློ་ནད་ཊི་སྦིའི་ན་ཚ་འདི་ནི་བོད་པའི་སྤྱི་ཚོགས་ནང་གི་ནད་རིགས་ཛ་དྲག་ཆེ་ཤོས་ཤིག་དང་དེའི་རྐྱེན་གྱིས་ཚེ་སྲོག་ཤོར་མཁན་མང་ཤོས་ཤིག་ཀྱང་ཆགས་ཡོད་པའི་འཚབ་ཆེའི་རང་བཞིན་སྐོར་ལ་ངོ་སྤྲོད་གནང་སོང་བ་དང་སྦྲགས། དབུས་བདེ་ལེགས་སྨན་ཁང་གི་ངོས་ནས་ ༡༩༧༠ ཡས་མས་ནས་དེ་ལ་གདོང་ལེན་དང་དཀའ་ངལ་སེལ་ཐབས་ཀྱི་སྔ་རྗེས་ཐབས་ཤེས་ཀྱི་བརྒྱུད་རིམ་སྐོར་ལ་གསུངས་སོང་། ཁྱད་པར་དུ་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་ལགས་ནས་དེ་སྔ་ ༡༩༩༠ ཡས་མས་ནང་ལ་ཡིན་ན་བོད་མི་འབུམ་གཅིག་ནང་ཊི་སྦི་ཡོད་མཁན་ ༡༥༠༠ ནས་ ༢༠༠༠ བར་ཆགས་ཀྱི་འདུག་ཀྱང་དེ་སང་སྨན་བཅོས་དང་གོ་རྟོགས་སོགས་ཀྱི་མཐུན་འགྱུར་ལ་བརྟེན་ནས་ནད་པ་ཧ་ཅང་གི་ཉུང་དུ་སོང་ཡོད་པ་དེ་ཡང་ ༢༠༡༢ ལོར་བོད་མི་ ༥༠༠ མ་གཏོགས་ཐོན་མེད་པ་གྲངས་ཐོ་དང་བཅས་པ་འཕྲོད་བསྟེན་ཡར་རྒྱས་ཕྱིན་ཡོད་པ་གསུངས་ཡོད།

ཨ་རིའི་ Johns Hopkins གཙུག་ལག་སློབ་གཉེར་ཁང་གི་ཊི་སྦིའི་ཉམས་ཞིབ་ཚན་པའི་འགན་འཛིན་སྨན་པ་ Richard Chaisson ལགས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཊི་སྦི་ནད་གཞི་མང་ཆེ་བ་སློབ་གྲྭའི་ནང་དུ་འཐོན་བཞིན་པ་ལ་ཐུགས་འཚབ་དང་འབྲེལ། ཊི་སྦི་ནད་་གཞི་འདི་སྤྱི་ཚོགས་ནས་རྩ་མེད་དུ་གཏང་ཆེད་གཙོ་བོ་སྔོན་འགོག་གལ་ཆེ་ཡིན་པ་ལྟར། ཐེངས་འདིའི་ ZeroTB ཞེས་པའི་ལས་གཞི་དེ་ཡང་ཐབས་བྱུས་དེ་གཙོ་བཟུང་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད་པ་མ་ཟད། མ་འོངས་པ་ལོ་གཉིས་ནང་དུ་བོད་པའི་དགོན་པ་གྲྭ་ཚང་ཁག་ཅིག་གི་ནང་དུ་ལས་རིམ་མུ་མཐུད་སྤེལ་རྒྱུ་དང་དེའི་ཐོག་ John Hopkins གཙུག་ལག་སློབ་གཉེར་ཁང་ནས་མཐུན་འགྱུར་གང་ཐུབ་གནང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་སོང་།

གཞི་རྩའི་བཞུགས་སྒར་དབུས་བདེ་ལེགས་སྨན་དང་ཨ་རིའི་ John Hopkins གཙུག་ལག་སློབ་གཉེར་ཁང་གཉིས་ནས་གློ་ནད་ཊི་སྦི་དང་འབྲེལ་བའི་ལས་གཞི་ཐོག་མར་ ༢༠༠༨ ལོ་ནས་དབུ་འཛུགས་གནང་འདུག་པ་དང་། དམིགས་བསལ་སྔ་ལོ་ ༢༠༡༧ ལོ་ནས་ཚོགས་པ་དེ་གཉིས་མཉམ་འབྲེལ་ཐོག་ནས་བོད་པའི་སྤྱི་ཚོགས་ནང་དུ་གློ་ནད་ཊི་སྦི་རྩ་མེད་ཅེས་པའི་འཕྲོད་བསྟེན་གྱི་ལས་གཞི་དེ་དབུ་འཛུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།