Tibetan Royal Year of 2151 | Year of the Wood Dragon

ཨ་རི་གཞུང་གིས་སྙན་ཐོར་རྒྱ་གཞུང་ནས་བོད་གཞིས་བྱེས་གཉིས་སུ་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཐེར་འདོན།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་སྟེ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་མིའི་ས་ཁུལ་ཁག་ཏུ་གནས་སྡོད་ས་གནས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཆེས་ཆེར་གཏོང་བཞིན་པ་མངོན་གསལ་གནང་བ་མ་ཟད། རྒྱ་གར་དང་བལ་ཡུལ་གཙོས་བོད་ཕྱི་ཕྱོག་སུ་གནས་སྡོད་སྐྱབས་བཅོལ་བོད་མིར་བསུན་གཙེར་གྱིས་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་ར་སྤྲོད་གནང་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་འདྲ་མིན་ཁྱོན་ ༡༩༨ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཞིབ་འཇུག་གིས་ལོ་འཁོར་སྙན་ཐོ་ཐེངས་ ༤༧ པ་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་ནང་རྒྱ་ནག་དང་ཧོང་ཀོང་ Macau བོད་ཅེས་འཁོད་པའི་ཚན་པར་རྒྱ་གཞུང་གིས་སྔ་ལོར་རྒྱ་ནག་སྤྱི་དང་ལྷག་དོན་ཤིན་ཅང་རང་སྐྱོང་གི་ས་ཁུལ་དང་ཧོང་ཀོང་། དེ་བཞིན་བོད་ཀྱི་ས་ཁུལ་བཅས་སུ་ལྟ་སྲུང་དང་འཇིགས་སྐུལ། ཁྲིམས་མེད་ལུགས་མེད་ཀྱིས་འཛིན་བཟུང་དོ་དམ་དང་སྐྱེ་སྒོ་འགོག་ཐབས་སོགས་ཀྱི་ལས་དོན་རྒྱ་ཆེར་སྤེལ་ཡོད་པ་མངོན་གསལ་གནང་བར་མ་ཟད། མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད། འགྲོ་སྐྱོད་རང་དབང་སོགས་ལ་སྔར་ལྷག་དམ་བསྒྲགས་ཤུགས་ཆེར་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཧོང་ཀོང་། ཤར་ཏུར་ཀིས་ཐན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་མུ་མཐུད་ནས་གཏོང་བཞིན་ཡོད་པར་སྐྱོན་བརྗོད་གནང་འདུག

སྙན་ཐོ་ནང་བོད་དང་འབྲེལ་བའི་ཚན་པར་ཆ་མཚོན་ན། རྒྱ་ནག་དམར་པོ་གཞུང་གིས་བོད་ས་ཡོངས་རྫོགས་མི་ལོ་ ༦༠ ལྷག་རིང་ལ་དབང་བསྒྱུར་བྱས་པ་དེ་ལྟར་ནའང་། རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་གནས་རིམ་མཐོ་ཤོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་དང་གཉིས་པ་རྒྱ་ནག་མི་མང་དབུས་ཆབ་སྲིད་ལྷན་ཚོགས་གཉིས་ཀྱི་ནང་དུ་ད་བར་བོད་མི་གཅིག་ཀྱང་བསྐོ་གཞག་བྱེད་མྱོང་མེད་པ་དང་ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་དང་ཉེན་རྟོག་སྡེ་ཁག  དེ་བཞིན་རྒྱ་ནག་བཅིངས་གྲོལ་དམག་མི་བཅས་ཀྱི་གནས་རིམ་མཐོ་གྲས་ཁག་མང་ཆེ་བར་རྒྱ་རིགས་ལས་བྱེད་པ་ཤ་སྟག་ཆགས་ཀྱི་ཡོད་པར་ཟུར་ཟ་གནང་བ་དང་སྦྲགས། རྒྱ་གཞུང་གིས་ད་བར་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱས་ཏེ་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་གར་སོང་ཆ་མེད། དམར་གསོད་བཏང་སྟེ་བོད་མིའི་ཚེ་སྲོག་བཙན་འཕྲོག་བྱས་པའི་ཆབ་སྲིད་བཙོན་པ་ཁག་གི་མཚན་གཞུང་བཀོད་སྤེལ་གནང་བའི་ནང་བོད་ཀྱི་ཆབ་སྲིད་བཙོན་པ་དགེ་འདུན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རྡོ་རྗེ་བཀྲིས་ལགས། པ་སངས་ནོར་བུ་ལགས་སོགས་ཚུད་འདུག་པར་མ་ཟད། བོད་མིའི་ཆོས་དད་དང་བསམ་བརྗོད། འདུ་འཛོམས། ཆོས་དད། དེ་བཞིན་འགྲོ་འོང་བཅས་ཀྱི་རང་དབང་སོགས་ལ་དམ་བསྒྲགས་ཆེས་ཆེར་བྱས་ཏེ་མདོར་ན་རྒྱ་གཞུང་ལས་བྱེད་མི་སྣས་ཁྲིམས་ལུགས་ཀྱི་འགྲོ་སྟངས་དག་ཕྱི་གསལ་ནང་གསལ་མིན་པར་སྐྱོན་བརྗོད་གནང་ཡོད།

ལྷག་དོན་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ཕྱོགས་ཀྱི་བོད་མིའི་ས་ཁུལ་དང་རྒྱལ་ཁབ་སོགས་ཀྱི་ནང་གནས་སྡོད་གནང་བཞིན་པའི་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ལ་དྲག་གནོན་བྱས་ཡོད་པ་གསལ་བཀོད་གནང་བ་དང་ཆབས་ཅིག བོད་མི་སྐྱབས་བཅོལ་བ་མང་པོ་ཡོད་སའི་རྒྱལ་ཁབ་གཙོ་གྲས་རྒྱ་གར་དང་བལ་ཡུལ་གཉིས་ལ་མཚོན་ན་རྒྱ་ནག་གཞུང་གིས་དྲྭ་ལམ་བརྒྱུད་བོད་མིར་སྡིགས་ར་དང་བསུན་གཙེར་དང་ལྟ་སྲུང་དང་བཙན་སྐུལ་བྱས་པར་མ་ཟད། Safeguard Defenders ཡིས་འདི་ལོའི་ལོ་མགོར་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་ཏུ་རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ཁག་གཅིག་ལ་ཚེ་སྲོག་གི་འཇིགས་སྐུལ་བྱས་ཏེ་རྒྱ་ནག་ལ་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཕྱི་རྒྱལ་གྱི་རོགས་དངུལ་ཐོབ་པའི་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་རྒྱ་ནག་དཔོན་རིགས་ཀྱིས་དོ་དམ་དང་འདྲི་རྩད་ཀྱིས་ཚོགས་པ་དེ་དག་ཕྱིར་བསྡུ་བྱེད་མུས་ཡིན་སྐོར་བཀོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་བརྒྱུད་ནས་བོད་ལ་བསྐྱོད་རྒྱུའི་མཐོང་མཆན་ཞུ་མཁན་ཕྱི་རྒྱལ་མི་སེར་ཡིན་པའི་བོད་མི་དག་ལས་ཞིབ་ཕྲའི་གནས་ཚུལ་རྐུ་འཁྱེར་བྱས་ཏེ་གང་ཟག་དེ་དག་གི་ནང་མི་གཞིས་སུ་ཡོད་པ་རྣམས་ལ་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་ལྷག་དོན་རྒྱ་ནག་གིས་བལ་ཡུལ་གཞུང་ལ་ས་མཚམས་སྟངས་འཛིན་གྱི་ལམ་ལུགས་དང་ནག་ཅན་ཕྱིར་སྤྲོད་ཀྱི་ཆིངས་ཡིག་གཉིས་ལག་བསྟར་བརྒྱུད་བལ་ཡུལ་ནང་སྐྱབས་བཅོལ་དུ་ཕེབས་མཁན་བོད་མི་རྣམས་རྒྱ་ནག་ཏུ་ཕྱིར་ལོག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་ཀྱང་བལ་ཡུལ་གཞུང་གིས་དེ་ལྟར་ལག་བསྟར་གནང་མེད་པ་སོགས་གསལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།