Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

ཨ་རིའི་གྲོས་ཚོགས་འོག་མའི་ནང་ Promoting a Resolution to the Tibet-China Conflict Act ཞེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཨང་ ༥༣༣ ཞེས་པ་ཚད་མཐོའི་རྒྱབ་སྐྱོར་ཐོག་ནས་གཏན་འབེབས་གནང་འདུག

དེའང་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་ ༦༥ འཁོར་བའི་གལ་ཆེའི་དུས་དྲན་སྲུང་བརྩི་ཞུ་རན་པའི་ཁྲོད་འདིར། ཁ་སང་ཕྱི་ཟླ་ ༢ པའི་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་། བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ Massachusetts མངའ་སྡེའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་དང་། Texas མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ Michael McCaul ལགས་རྣམས་གཉིས་ཀྱིས་ཆེད་འདོན་གནང་བའི་བོད་དོན་ཁྲིམས་འཆར་དེར།  མི་གྲངས་ ༣༩༢ ཀྱིས་རྒྱབ་སྐྱོར་དང་ ༢༨ ཀྱིས་འགག་བྱ། དེ་བཞིན་འོས་འཕེན་ནང་མཉམ་ཞུགས་མ་གནང་མཁན་ ༡༡ བཅས་ཆེས་མང་མོས་ཀྱིས་གཏན་འབེབས་གནང་ཐུབ་པ་བྱུང་འདུག

ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཞིང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་དགོས་པ། དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ། རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་སོགས་ཀྱི་འབྲུ་དོན་འཁོད་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་ནང་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཁྲིམས་འཆར་དེ་འདོན་སྐབས་ McGovern ལགས་ཀྱིས། ཁྲིམས་འཆར་དེར་རྒྱབ་སྐྱོར་བརྒྱུད་བོད་མི་མང་གི་ཐོབ་ཐང་ལ་ངོས་འཛིན་དང་། བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་རྩོད་རྙོག་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་བཞིན་ཆ་རྐྱེན་གང་ཡང་མེད་པར་ཞི་བའི་སྒོ་ནས་ཐག་གཅོད་གནང་དགོས་པར་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་སྐོར་གསུང་འདུག དེ་བཞིན་ California མངའ་སྡེའི་གྲོས་ཚོགས་འཐུས་མི་ Yong Kim ལགས་ཀྱིས་བོད་མི་རྣམས་ནི་མང་གཙོར་དགའ་ཞིང་། རང་དབང་སྒོ་ནས་རང་ཉིད་ཀྱི་ཆོས་ལུགས་ཉམས་ལེན་དང་། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ངོ་བོར་ངོས་འཛིན་དང་གུས་བརྩི་འདོད་མཁན་ཞིག་ཡིན་པར་འགྲེལ་བརྗོད་དང་སྦྲགས། བོད་མི་རྣམས་ཀྱི་འདི་ལྟ་བུའི་རེ་འདུན་དེ་གྲུབ་རྒྱུར་ཆ་ཤས་ཆུང་ངུ་ཞིག་ལེན་ཐུབ་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པར་འགྲེལ་བརྗོད་གནང་འདུག

མ་ཟད་གྲོས་ཚོགས་འཐུས་མི་ Kathy Manning ལགས་ཀྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་བཞིན་ཞི་བའི་སྒོ་ནས་གྲོས་མོལ་བྱ་རྒྱུར་ཁས་ལེན་བྱས་མེད་ཅིང་། རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་དང་བོད་ཀྱི་ལོ་རྒྱུས་ཐད་འཁྱོག་བཤད་ཀྱི་ལས་གཞི་རྒྱ་ཆེ་སྤེལ་ཡོད་སྟབས། ང་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཨང་ ༥༣༣ ཞེས་པ་དེར་རྒྱབ་སྐྱོར་བརྒྱུད་རྒྱ་ནག་གི་ལངས་ཕྱོགས་ལ་གདོང་ལེན་དང་སྐྱོན་བརྗོད་བྱ་དགོས་པ་གསུངས་འདུག

ལྷག་པར་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ Chris Smith ལགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་བོད་ནང་བོད་མི་ཙམ་མ་ཟད། རང་ཉིད་ཀྱི་རྒྱལ་མཚམས་ལས་འགལ་ཏེ་ཨ་རི་དང་རྒྱ་གར། བལ་ཡུལ་སོགས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་གསང་ཉུལ་དང་དམ་བསྒྲགས་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་དང་། ལྷག་པར་རྒྱ་ནག་དམར་ཤོག་ཚོགས་པས་དུས་ཡུན་རིང་པོ་ནས་གཞིས་བཞུགས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ལས་གཞི་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁ་སང་ཁྲིམས་འཆར་དེ་ཚད་མཐོའི་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་བ་དང་འབྲེལ། ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཁྲིམས་འཆར་འདོན་མཁན་རྣམས་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་དང་། རྒྱ་ནག་གིས་འདས་པའི་ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་གཞིས་བཞུགས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་ཡོད་ཀྱང་། བོད་མི་རྣམས་ཀྱིས་དུས་ནམ་ཡང་རེ་བ་བློས་གཏོང་བྱེད་མེད་ཅིང་། ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་འདི་ལྟ་བུ་གཏན་འབེབས་ཐུབ་པ་དེ་ཡིས། བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་དེ་བས་བརྟན་དུ་གྱུར་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་ནག་གཞུང་ལ་གལ་ཏེ་སྤྱི་ཚོགས་འཆམ་མཐུན་དང་བདེ་འཇགས་འདོད་ཀྱི་ཡོད་ཚེ། སྐུལ་སློང་བཟང་པོའི་སྒོ་ནས་ཞི་བའི་གྲོས་མོལ་བརྒྱུད་བོད་རྒྱ་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་གང་ཡང་མེད་པའི་བརྡ་ལན་གསལ་པོ་ཞིག་བཏང་ཐུབ་ཡོད་པ་གསུངས་འདུག

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཀྱང་། འདི་ག་རླུང་འཕྲིན་ཁང་གི་བཅར་འདྲིར་དྭང་ལེན་ཁྲོད་ཁྲིམས་འཆར་ཆེད་འདོན་གནང་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གྲོས་ཚོགས་གོང་མའི་ནང་དུའང་ཁྲིམས་འཆར་དེ་ཉིད་གཏན་འབེབས་གནང་བའི་རེ་བ་དང་ཡི་ཆེས་ཡོད་ཅེས་གསུངས་སོང་།

ཕྱོགས་མཚུངས་བོད་དོན་ཁྲིམས་འཆར་དེ་གཏན་འབེབས་ཡོང་བར་སྔ་ཕྱི་བར་གསུམ་ནས་ཕྱག་ལས་གནང་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཡོད་པའི་ཁོངས་ནས་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཁྲིམས་འཆར་དེའི་ཐོག་སྐུ་ལས་སྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་དང་སྦྲགས། གྲོས་ཚོགས་གོང་མའི་ནང་གཏན་འབེབས་སླད་མུ་མཐུད་འབད་བརྩོན་གནང་དགོས་པ་མ་ཟད། རིང་མིན་ཕྱི་ཟླ་ ༣ ནང་ཨ་རིའི་རྒྱལ་སར་དེ་འབྲེལ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་གྱི་ཡོད་པ་བཞིན་བོད་མི་གང་མང་ནས་ལས་འགུལ་དེར་མཉམ་ཞུགས་ཡོང་བའི་འབོད་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།