Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2016

བོད་པའི་དགེ་རྒན་ཚོར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཁག་བསྐོང་ཐུབ་པར་དགོངས་པ་ཆེ་བཞེས་གནང་སྐྱོང་ཡོང་བའི་སྐུལ་མ་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༧ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཉིན་རྒྱབ་ཏུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཐོག་མུ་མཐུད་བགྲོ་གླེང་གནང་པའི་ཁྲོད། སྤྱི་འཐུས་རྣམ་པས་ཤེས་རིག་བཀའ་བློན་མཆོག་ལ་བོད་པའི་དགེ་རྒན་ཚོར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཁག་བསྐོང་ཐུབ་པར་ཤེས་རིག་ལས་ཁུངས་ནས་དགོངས་པ་ཆེ་བཞེས་གནང་དགོས་གལ་ཡིན་པའི་དགོངས་འཆར་ཕུལ་མཁན་མང་དག་ཞིག་བྱུང་སོང་། དེ་ཡང་ཁ་སང་དང་དེ་རིང་བཅས་སུ་སྤྱི་འཐུས་གྲོས་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། བོད་ཡིག་གི་གནས་ཚད་གོང་མཐོར་གཏོང་ཐབས་དང་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་དེ་ཉིད་བཀའ་ཤག་གིས་གཏན་འབེབས་གནང་ཟིན་ཡོད་མེད་སྐོར། དེ་བཞིན་ཕྲུ་གུ་གསུམ་ཡན་གྱི་ཁྱིམ་ཚང་རྣམས་ལ་དམིགས་བསལ་ལྟ་སྐྱོང་གནང་ཕྱོགས་དང་མཐོ་སློབ་སློབ་ཡོན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་གཙོས་པའི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་དང་དྲི་བ་དྲི་ལན་བཅས་གནང་ཡོད་པ་རེད། ལྷག་པར་དུ་དེ་རིང་ལས་ཉིན་བདུན་པའི་སྐབས་སྤྱི་འཐུས་མང་ཆེ་བས་བོད་པའི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚད་ལྡན་མེད་པ་དང་ཡང་ན་དགེ་རྒན་གདང་ངེས་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་དགེ་རྒན་ཚོའི་མཐུན་རྐྱེན་དང་སློབ་གྲྭའི་མཐུན་རྐྱེན་སོགས་ལ་ཐུག་གི་ཡོད་པ་ལུང་འདྲེན་གྱིས་དཀའ་ངལ་དེ་དག་སེལ་བར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་པའི་དགེ་རྒན་པའི་མགསོལ་ཕོག་གཙོས་ཁོང་རྣམ་པར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་རྣམས་བསྐོང་ཐུབ་པར་དགོངས་པ་ཆེ་བཞེས་གནང་དགོས་གལ་དུ་གཟིགས་ཀྱི་ཡོད་པའི་དགོངས་ཚུལ་ཕུལ་མཁན་བྱུང་བར་བཀའ་བློན་མཆོག་གིས་གནད་དོན་དེར་དགོངས་པ་བཞེས་ངེས་ཡིན་པའི་བཀའ་ལན་གནང་སོང་། རྩ་བའི་ཁ་སང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་སྐོར་དང་འབྲེལ། སྤྱི་འཐུས་རྣམ་པས་གཞན་ཡང་རྡ་ཤོད་དཔེ་སྟོན་སློབ་གྲྭའི་འཛིན་ཁང་དང་ཉལ་ཁང་བཅས་ཀྱི་མཐུན་རྐྱེན་ཞན་པོ་ཡོད་པ་ལུང་འདྲེན་གྱིས་དཔེ་སྟོན་སློབ་གྲྭ་དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་ཡོད་མེད་ཀྱི་དྲི་བ་ཞིག་བསྣམས་ཕེབས་སོང་བ་དང་། དེ་ལ་ཤེས་རིག་བཀའ་བློན་མཆོག་གིས་སྔོན་ཆད་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཉུང་དུ་ཕྱིན་སྟབས། དཔེ་སྟོན་སློབ་གྲྭ་དེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་གནས་སྤོ་བྱ་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་ཚོས་དེར་མོས་མཐུན་གནང་མེད་པ་སོགས་ཀྱི་གནས་སྟངས་འདྲ་མིན་འོག་ནས་གནས་སྤོ་ཞུ་ཐུབ་མེད་པ་དང་། འོན་ཀྱང་དཔེ་སྟོན་སློབ་གྲྭ་དེ་ ༢༠༡༧ ལོ་ནས་འབྲིང་རིམ་སློབ་གྲྭར་བསྒྱུར་རྒྱུའི་འཆར་གཞི་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་སྐོར་བཀའ་ལན་གནང་སོང་། ཡང་སྐབས་དེར་སྤྱི་འཐུས་ཤིག་གིས་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་གོང་ཐོན་པའི་བོད་ཕྲུག་སློབ་མ་ཚོར་སོ་སོའི་འཚོ་བ་དངོས་ལ་ཕན་པའི་དམིགས་བསལ་ལག་ཤེས་སྦྱོར་བརྡར་རིགས་ཕུལ་རྒྱུ་གལ་ཆེར་གཟིགས་ནས་དེ་དག་གང་མང་གནང་སྐྱོང་ཡོང་བའི་དགོངས་ཚུལ་ཕུལ་གནང་སོང་། དེའི་ཁྲོད་སྤྱི་འཐུས་ཤིག་གིས་ཉེ་བའི་ཆར་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་འོག་མཐོ་སློབ་ཁག་ཏུ་བསྐྱོད་མཁན་བོད་ཕྲུག་སློབ་མ་རྣམས་ཀྱི་རྒྱུད་ལ་ཡོད་པའི་སོ་སོའི་མི་རིགས་ཀྱི་གོམས་སྲོལ་བཟང་པོ་དེ་དང་བཟང་སྤྱོད་གཉིས་རིམ་བཞིན་ཉམས་རྒྱུད་འགྲོ་བཞིན་པར་བློ་འཚབ་དང་སྦྲགས། ཤེས་རིག་ལས་ཁུངས་ནས་མཐོ་རིམ་སློབ་མ་རྣམས་ཀྱི་ཕྱི་ནང་གི་ཀུན་སྤྱོད་ལེགས་བཅོས་གཏོང་རྒྱུ་ཐད་དམིགས་བསལ་ལས་འཆར་གང་བང་སྒྲིག་ཡོད་མེད་སྐོར་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས་དེར་བཀའ་ལན་གནང་སོང་། དེ་བཞིན་བགྲོ་གླེང་དེའི་ཐོག་བྷུན་ཏར་དགེ་འོས་སློབ་ཁང་ནས་སློབ་མཐོར་སོན་པའི་སློབ་ཕྲུག་ ༡༢ ལ་རིང་མིན་ཤེས་རིག་ལས་ཁུངས་ནས་གནང་རྒྱུའི་ཕྱག་འཁྱེར་དེ་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་པ་ཞིག་ཆགས་ཀྱི་ཡོད་མེད་སྐོར་ལ་དྲི་བ་གནང་མཁན་ཡང་བྱུང་སྟབས། བཀའ་བློན་མཆོག་གིས་དེར་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་སྐོར་གསུངས་ཡོད་པ་རེད། རྩ་བའི་ད་ལྟའི་ཆར་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁྱོངས་སུ་རང་སྐྱོང་སློབ་་གྲྭའི་སྡེ་ཚན་ལྔ་ཡོད་པ་ལས་ཁྱོན་བསྡོམས་སློབ་གྲྭ་ ༦༧ དང་དགེ་ལས་ ༢༠༧༢ དེ་བཞིན་སློབ་ཕྲུག་ ༡༩༥༢༦ བཅས་ཡོད་པརེད། དེ་མཚུངས་སུ་དེའི་ཁྱབ་ཁོངས་སུ་བྷུན་ཏར་དགེ་འོས་སློབ་ཁང་ནང་དགེ་ལས་ ༢༤ དང་སློབ་ཕྲུག་ ༥༨ བཅས་ཡོད་པ་རེད།

བོད་མི་ཚོས་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་ལེན་ཞུ་ཐབས་དཀའ་བའི་གནས་ཡིན་པ་ཐེར་བཏོན།

རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཀྱི་སྟ་གོན་ཚུལ་དུ། ༸གང་ཉིད་ཀྱི་༸སྐུ་ཚབ་ཏུ་རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལ་བོད་མི་མང་ཚོགས་ནས་ངོས་ལེན་ཐོབ་ཐབས་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་བཞིན་པ་དང་། དེར་བོད་མིའི་ངོས་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུའང་རྒྱལ་མཚན་ནོར་བུ་པཎ་ཆེན་ལ་ངོས་ལེན་བྱེད་རྒྱུ་ཆེས་དཀའ་བའི་གནས་ཡིན་པ་ཐེར་བཏོན་གནང་འདུག དེ་ཡང་ཨ་རིའི་ Washington Post གསར་འགོད་པ་ Simon Denyer ལགས་ཀྱིས་ཁ་སང་བརྒྱུད་ལམ་དེའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་དགུང་གྲངས་ ༨༡ ཕེབས་ཡོད་པའི་ཁྲོད། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ལ་གཏོད་པ་དང་ཆབས་ཅིག རྒྱ་གཞུང་གི་ངོས་ནས་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཆེད་སྟ་གོན་གྱི་ལས་དོན་སྤེལ་བཞིན་པ་དེ་ད་ཆ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྐོར་གསུངས་འདུག ལོ་རྒྱུས་ཀྱི་ཐོག་ནས་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་སྐབས་སུ་པཎ་ཆེན་རིན་པོ་ཆེ་དེ་ཉིད་ཧ་ཅང་གི་གནད་དགག་ཆེན་པོ་ཆགས་ཡོད་པ་མ་ཟད། མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་གནང་ཕྱོགས་ཐད་ལ་པཎ་ཆེན་རིན་པོ་ཆེ་དེ་ཉིད་ནས་རྒྱ་གཞུང་ལ་ཕན་རླབས་ཆེན་པོ་བསྒྲུབ་ངེས་ཡིན་པར་བརྟེན། རྒྱ་གཞུང་ནས་རང་ཉིད་ཀྱིས་བདམས་པའི་རྒྱལ་མཚན་ནོར་བུ་བོད་ཀྱི་དགོན་སྡེ་ཁག་ཏུ་འཚམས་གཟིགས་སུ་བཏང་བ་དང་། དུས་འཁོར་དབང་ཆེན་གནང་བཅུག་པ་སོགས་ཀྱི་བརྒྱུད་ཁོ་པར་བོད་མི་མང་ཚོགས་ནས་ངོས་ལེན་ཐོབ་ཐབས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་གསུངས་འདུག དེ་བཞིན་ཟླ་བ་སྔོན་མར་ Global Times ཟེར་བའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ད་སྐབས་མཛད་འཕྲིན་ཧ་ཅང་རྒྱལ་བའི་པཎ་ཆེན་རྒྱལ་མཚན་ནོར་བུས་ཏཱ་ལའི་བླ་མའི་ཤུགས་རྐྱེན་ཉུང་ངུ་གཏོང་རྒྱུའི་རེ་བ་ཡོད་པ་དང། རྒྱ་གཞུང་གི་ངོས་ནས་༸གོང་ས་མཆོག་མེད་པའི་སྐབས་ཀྱི་གྲ་སྒྲིག་ཚུལ་དུ་ཁོང་གི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པ། དེ་བཞིན་ཉེ་ཆར་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་གནང་བའི་སྐབས་མི་གྲངས་འབུམ་གཅིག་ཙམ་ཆོས་ཞུར་བཅར་ཡོད་པ་དང། དགེ་འདུན་པ་རྣམས་ནས་ཀྱང་ཁོང་གི་ཤེས་ཡོན་ལ་བསྔགས་བརྗོད་བྱེད་བཞིན་ཡོད་སྐོར་འཁོད་པ་སོགས་ལུང་འདྲེན་གནང་འདུག འོན་ཀྱང་གསར་འགོད་པ་ Denyer ལགས་ཉེ་ཆར་བོད་ནང་དུ་བསྐྱོད་སྐབས་རྒྱ་གཞུང་གིས་བདམས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་མང་ཚོགས་ནས་དད་གུས་དང་ངོས་ལེན་ཡོད་པའི་རྣམ་པ་མངོན་རྒྱུ་མེད་པ་མ་ཟད། པཎ་ཆེན་རིན་པ་ཆེའི་སྐོར་གླེང་སློང་སྐབས་བོད་མི་རྣམས་ནས་པཎ་ཆེན་སྐུ་ཐོག་གོང་མ་དང། ༸གོང་ས་མཆོག་གི་ངོས་འཛིན་གནང་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྣམ་གཉིས་ཀྱི་སྐོར་ལ་མ་གཏོགས་བཤད་མཁན་མེད་པ་མ་ཟད། ལྷ་ས་ཁུལ་དུ་བླ་ཆེན་ཁག་གི་སྐུ་པར་ཉོ་སའི་ཚོང་ཁང་ཁག་གི་ནང་དུའང་པཎ་ཆེན་སྐུ་ཐོག་གོང་མ་སྐུ་འཕྲེང་བཅུ་པ་མཆོག་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་སྐུ་པར་མ་གཏོགས་རྒྱལ་མཚན་ནོར་བུའི་སྐུ་པར་ཐོང་རྒྱུ་མེད་སྐོར་གསུངས་འདུག དེ་དང་ཕྱོགས་མཚུངས་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེན་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཉེ་སྔོན་པཎ་ཆེན་རྒྱལ་མཚན་ནོར་བུས་དུས་འཁོར་དབང་ཆེན་བསྩལ་བའི་གནད་དོན་སྐོར་འགྲེལ་བརྗོད་གནང་པར་རྒྱ་གཞུང་གིས་བོད་མི་རྣམས་ལ་དུས་འཁོར་དབང་ཆེན་དེའི་ཐོག་ངེས་པར་དུ་འགྲོ་དགོས་པའི་བཙན་བཀའ་བཏང་བ་དང་དེར་མི་འགྲོ་མཁན་ལ་ཉེས་ཆད་ཕོག་རྒྱུའི་ཉེས་བརྡ་བཏང་ཡོད་པ་རེད། དེ་ནི་རྒྱ་གཞུང་གི་ཆབ་སྲིད་ཀྱི་ཐབས་བྱུས་ཤིག་ཡིན་པ་མ་ཟད། ཆོས་ཁས་མི་ལེན་མཁན་དམར་པོའི་གཞུང་གིས་དེ་ལྟར་གོ་སྒྲིག་བྱས་པ་དེའང་ཟུར་ཟའི་གནད་དོན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་པ་ལུང་འདྲེན་གནང་འདུག དེ་བཞིན་ཡང་ཨ་རིའི་ Indiana གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་བོད་རིགས་པའི་ཐོག་མཁས་པ་སྐུ་ཞབས་ Elliot Sperling ལགས་ཀྱིས་འདས་པའི་ལོ་རྒྱུས་ཁྲོད་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་གཉིས་དབར་ཕན་ཚུན་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལམ་སྲོལ་ཡོད་པ་ལྟར། རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པར་༸གོང་ས་སྐུ་ཕྲེང་ ༡༤ ༸སྐུ་གཞན་དོན་དུ་གཤེགས་རྗེས་ཡང་སྤྲུལ་ངེས་འཛིན་བྱ་རྒྱུའི་སྟ་གོན་བྱས་ཟིན་ཡོད་པ་དང་། རྒྱལ་མཚན་ནོར་བུ་དེ་གནད་ཆེ་ཞིག་ཆགས་ངེས་ཡིན་སྐོར་གསུངས་པ་མ་ཟད། རྒྱ་ནག་གཞུང་ནས་པཎ་ཆེན་རྒྱལ་མཚན་ནོར་བུའི་གནད་དོན་བརྒྱུད་བཙན་དབང་དང་སྟོབས་ཤུགས་ཐོག་ནས་མང་ཚོགས་ཀྱི་འདོད་མོས་ལ་ལྟོས་མེད། བླ་ཆེན་ཞིག་བདམ་རྒྱུའི་གོ་སྐབས་ཡོད་པའི་ལམ་ཁ་རྙེད་ཟིན་སྟབས། མ་འོངས་པར་རྒྱ་གཞུང་གིས་བདམ་པའི་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ལ་མང་ཚོགས་ནས་ངོས་ལེན་མེད་ཀྱང་རྒྱ་གཞུང་གིས་ངེས་པར་དུ་བདམ་རྒྱུ་ཡིན་པ་ཐེར་བཏོན་གནང་འདུག དེ་བཞིན་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤྭཀྱ་ལགས་ཀྱིས་ཀྱང་རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་དུ་བདམས་པའི་རྒྱལ་མཚན་ནོར་བུ་དེ་ཉིད་པཎ་ཆེན་རིན་པོ་ཆེའི་གདན་ས་བཀྲིས་ལྷུན་པོར་བཞུགས་ཀྱི་མེད་པ་དེས་དགོན་པའི་དགེ་འདུན་པ་རྣམས་ནས་ཁོང་ལ་དེ་ལྟར་ངོས་ལེན་བྱེད་ཀྱི་མེད་པ་དེ་གསལ་པོ་ཆགས་ཀྱི་ཡོད་སྐོར་གསུངས་འདུག

རེས་གཟའ་མིག་དམར། ༢༠༡༦།༠༩།༢༧

ཉན་པ།: Listen ཕབ་ལེན། Download གྲོས་ཚོགས་སུ་བཀའ་ཤག་ནས་དམིགས་བསལ་ལས་བྱེད་བསྐོ་གཞག་གི་ཁྲིམས་འཆར་ཐོག་མུ་མཐུད་བགྲོ་གླེང་གནང་པ། ཤེས་རིག་བཀའ་བློན་མཆོག་ལ་དགེ་རྒན་རྣམ་པར་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བསྐོང་རྒྱུར་དགོངས་པ་བཞེས་དགོས་པའི་སྐུལ་མ། རྒྱ་གཞུང་གི་པཎ་ཆེན་ལ་བོད་མི་ཚོས་ངོས་ལེན་གནང་གི་མེད་པ་ཐེར་བཏོན་གནང་འདུག རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་ཚོགས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆུང་ཆེད་འཛུགས་བྱ་དགོས་པའི་བཀོད་ཁྱབ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུས་པ། འཛམ་གླིང་རྒྱུག་ཆུའི་ཉིན་མོ་སྲུར་བརྩི་ཟབ་རྒྱས་ཞུས་པ། Tuesday 27/09/2016 MPs hold heated debate on Kashag’s proposal on staff special appointment issue Tibetan Parliamentarians call for better facilities for Tibetan teachers China pushes its Panchen on reluctant Tibet, experts skeptical New Chinese NGO law requires organizations to have CPC branch Tibetan Gu-Chu-Sum Movement observes 25th founding anniversary TWA marks World River Day with Environment Workshop for Students

རེས་གཟའ་ཟླ་བ། ༢༠༡༦།༠༩།༢༦

ཉན་པ།: Listen ཕབ་ལེན། Download ངག་དབང་རབ་རྒྱས་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འོས་འདེམས་གནང་པ། གྲོས་ཚོགས་སུ་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་བོད་ཀྱི་བརྡ་སྤྲོད་གཞུང་དང་མཐུན་གྱི་མེད་པའི་སྐྱོན་བརྗོད། རྒྱ་ནག་དང་འབྲེལ་མོལ་སྐབས་རྒྱལ་ཁབ་ཀྱི་ཁེ་ཕན་ལས་ཆེ་མཐོང་གཙོ་བོར་བཞག་དགོས་པ་གསུངས་འདུག ཐེ་ཝན་མང་གཙོའི་ཉམས་མྱོང་ལས་བོད་རྒྱའི་གནད་དོན་སྐོར་བགྲོ་གླེང་ཚོགས་པ། བོད་ལ་བཙན་འཛུལ་གྱི་རྣམ་པ་གསར་པ་ཞིག་ཡོང་བཞིན་པ་བརྗོད་འདུག བོད་མི་ཞིག་ལ་གློག་བརྙན་འཁྲབ་སྟོན་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ། Monday 26/09/2016 Dr. Ngawang Rabgyal elected as new Justice Commissioner MPs take Education Kalon to task over North America Weekend School’s Tibetan text book International conference explores Taiwanese democratic perspective on Tibet Canada urged to place national value before national interest while dealing with China China's new invasion of Tibet Young Tibetan actor receives best actor award Oregon Film Fest

བྱང་ཨ་རིའི་བོད་པའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དང་མཐུན་གྱི་མེད་པར་སྐྱོན་བརྗོད་ཤུགས་ཆེ་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པར་བོད་མིའི་སྒྲོག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱིས་དེ་སྔ་འགྲེམས་སྤེལ་གནང་བའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཁག་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དང་མཐུན་གྱི་མེད་པར་སྐྱོན་བརྗོད་ཤུགས་ཆེ་སྦྲགས་དྲི་བ་དྲི་ལན་གནང་སོང་། སྐབས་དེར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཐོག་མ་རྩོམ་སྒྲིག་གནང་ཕྱོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། སློབ་དེབ་ཁག་ ༣ འདོན་སྤེལ་གནང་པའི་ནང་ཁྱོན་ཤོག་གྲངས་ ༦༠༩ ཡོད་པའི་ལས་ཤོག་གྲངས་ ༩ མ་གཏོགས་གཞན་ཚང་མ་བརྡ་སྤྲོད་རིག་པ་དང་མཐུན་པ་བཟོས་ཡོད་པ་དང་། ཤོག་གྲངས་ ༩ པོའི་དེའང་ཕྱི་རྒྱལ་གྱི་བོད་རིགས་སློབ་མ་རྣམས་ནས་བོད་སྐད་བཤད་ཐུབ་ཕྱིར་ཆེད་དམིགས་གནང་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་མི་བྱེད་ཐབས་མེད་བྱུང་སྐོར་གསུངས་སོང་། ལྷག་དོན་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ནས་ཤེས་རིག་ལས་ཁུངས་ཀྱི་གནང་སྟངས་དེ་རྒྱ་གཞུང་གིས་བྱེད་སྟངས་ལས་ཆེས་སྡུག་པ་རེད་གསུངས་པར་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་ཅེས་བཀའ་ལན་གནང་སོང་། ལར་ནས་ཤེས་རིག་བཀའ་བློན་མཆོག་གིས་སློབ་དེབ་དེ་དག་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཞིག་ཡོང་ཆེད་ལོ་གཅིག་རིང་ཚོད་ལྟའི་ཐོག་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ་དང་གནད་འགག་བྱུང་ཚེ་སློབ་དེབ་དེ་ཕྱིར་འཐེན་ཞུ་ཆོག་པར་འགྲེལ་བརྗོད་གནང་ཡོད་པ་རེད། རྩ་བའི་གནད་དོན་དེའི་ཐོག་གྲོས་ཚོགས་སུ་སྤྱི་འཐུས་ཁག་ཅིག་ནས་གཟའ་མཇུག་གི་སློབ་དེབ་དེ་དག་ཤེས་རིག་ལས་ཁུངས་ཀྱི་ངོ་བོའི་ཐོག་ནས་མ་ཡིན་པར། ས་གནས་རང་གི་ངོ་བོའི་ཐོག་ནས་དཔར་བསྐྲུན་གནང་ཐུབ་ན་དགེ་མཚན་ཆེ་བར་གཟིགས་ཀྱི་ཡོད་པའི་དགོངས་ཚུལ་ཕུལ་ཡོད་པ་རེད། ཡང་ལ་ལས་སློབ་དེབ་དེའི་བརྒྱུད་ཕྱི་རྒྱལ་དུ་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་རྣམས་དམའ་མཐའ་ལ་བོད་པའི་གཤིས་ལུགས་དང་བོད་སྐད་སྐྱོན་ཡག དེ་བཞིན་བོད་ཡིག་འབྲི་ཀློག་ཡོང་ཐབས་ཙམ་ལས་སྙན་ངག་སུམ་རྟགས་ཀྱི་ཐོག་ལ་རེ་བ་གང་ཡང་གནང་གི་མེད་སྟབས། ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་གྲྭའི་སློབ་དེབ་རྩོམ་སྒྲིག་གི་ལས་གཞིར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོ་ཡོང་བའི་འབོད་སྐུལ་གནང་མཁན་ཡང་བྱུང་སོང་། དེ་རིང་གི་གྲོས་ཚོགས་ནང་གཞན་ཡང་སྤྱི་འཐུས་འགའ་ཞིག་གིས་ད་ཆ་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་རྩིས་སྤྲོད་གནང་བཞིན་པའི་རྐྱེན་གྱིས་ས་གནས་ས་ཐོག་ཏུ་དགེ་རྒན་གདང་ངེས་ཞིག་མེད་པ་དང་། ལྷག་དོན་སློབ་འཁྲིད་གནང་ཕྱོགས་སོགས་ཀྱི་ཐད་ལ་འཐུས་ཤོར་ཆེན་པོ་འགྲོ་མུས་ཡིན་པའི་ཐོག་ལ་དྲི་བ་ཁ་ཤས་ཕེབས་སོང་བར་བཀའ་བློན་མཆོག་གིས་བཀའ་ལན་གནང་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་མེད་པའི་རང་སྐྱོང་སློབ་གྲྭ་ཁ་ཤས་ནང་བོད་རིགས་མ་ཡིན་པའི་སློབ་མའི་གྲངས་འབོར་མང་དུ་འགྲོ་བ་དང་ཆབས་ཅིག གཞིས་ཆགས་ཁག་གི་ཕ་མ་རྣམས་ནས་འདོད་མོས་ཡོད་པ་ལྟར་ཤེས་རིག་ལས་ཁུངས་ཀྱི་སྲིད་བྱུས་རྐྱེན་པས་སློབ་གྲྭ་དེ་དག་ནང་བུ་ཕྲུག་གཏོང་ཐུབ་ཀྱི་མེད་པའི་དཀའ་ངལ་སོགས་འཕྲད་སྐོར་གླེང་ནས་དེའི་ཐོག་དགོངས་པ་བཞེས་དགོས་པའི་དགོངས་འཆར་ཕུལ་མཁན་བྱུང་ཡོད་པ་རེད།

རྒྱ་ནག་དང་འབྲེལ་མོལ་སྐབས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ལས་ཆེ་མཐོང་གཙོ་བོར་བཞག་དགོས་པ་གསུངས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པ་འབྲེལ་ཁེ་ན་ཌའི་གཞུང་གིས་རྒྱ་ནག་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་དང་ལྷན་དུ་འབྲེལ་མོལ་འཛུགས་སྐབས་རང་ཉིད་ཀྱི་རྒྱལ་ཁབ་དེའི་ཆེ་མཐོང་གཙོ་བོར་བཞག་དགོས་པ་གསུངས་འདུག དེའང་ཁེ་ན་ཌའི་ CBC གསར་ཁང་གིས་ཉེ་ཆར་ མཇུག་སྒྲིལ་ཟིན་པའི་ཁེ་ན་ཌའི་སྲིད་བློན་ Justrin Trudeau མཆོག་དང། རྒྱ་ནག་གི་སྲིད་བློན་ li Keqiang གཉིས་བར་མཇལ་འཕྲད་དང། ལྷག་པར་དུ་བདུན་ཕྲག་སྔོན་མའི་ནང་རྒྱལ་ཁབ་གཉིས་དབར་རང་དབང་གི་ཐོག་ནས་ཕན་ཚུལ་ཚོང་གི་འབྲེལ་ལམ་འཛུགས་རྒྱུ་གསལ་བསྒྲགས་བྱས་པ་བསྟུན། ད་ལན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང། དེ་བཞིན་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Carole བསམ་འགྲུབ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གཞུང་གིས་རྒྱ་ནག་ལྷན་དུ་ཚོང་གི་འབྲེལ་ལམ་བཞག་པའི་སྐབས་ཁེ་ན་ཌའི་གཞུང་གི་ངོས་ནས་ངེས་པར་དུ་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བྱུང་བའི་བོད་མི་རང་ལུས་མེར་སྲེག་གི་གནད་དོན་ཐོག་དཔྱད་ཞིབ་དང་དེའི་བྱུང་རྐྱེན་གང་ཡིན་སོགས་ཀྱི་ཐད་གཟིགས་དགོས་པ་དང། དེ་ནི་ད་རེས་ཚོང་གི་འབྲེལ་མོལ་ཁྲོད་གཡོལ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག  ཁེ་ན་ཌའི་སྲིད་བློན་ Justrin Trudeau མཆོག་ནས་རང་ཉིད་ཀྱི་རྒྱལ་ཁབ་གྱི་ཁེ་ཕན་གལ་ཆེར་ངོས་འཛིན་དང་དེ་མཚུངས་ཁེ་ན་ཌའི་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་དང་དེ་ལ་གུས་བརྩི་ཡོང་བ་ཞིག་གནང་དགོས་པ་མ་ཟད། ལྷག་པར་དུ་རྒྱ་ནག་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ལྷན་དུ་འབྲེལ་མོལ་འཛུགས་སྐབས་རང་གི་རྒྱལ་ཁབ་ཀྱི་ཆེ་མཐོང་གཙོ་བོར་བཞག་དགོས་པ་རེད་ཅེས་གསུངས་འདུག དེ་བཞིན་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Carole བསམ་འགྲུབ་ལགས་ཀྱིས་ད་ལན་རྒྱལ་ཁབ་གཉིས་ཕན་ཚུལ་དབར་ཚོང་གི་འབྲེལ་མོལ་དེར་འཚམས་འདྲི་ཞུས་པ་དང་སྦྲགས། ཚོང་འབྲེལ་དེའི་བརྒྱུད་རྒྱ་ནག་ནངགི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་ཐོག ཁེ་ན་ཌའི་གཞུང་ནས་འཕྲལ་དུ་ཉམས་ཞིབ་ལས་དོན་འགོ་བརྩམ་དགོས་པ་དང། དེ་ལྟར་གནང་ཚེ་རྒྱལ་སྤྱིིའི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ལ་བརྩི་སྲུང་དང་སྲུང་སྐྱོབ་བྱེད་པ་ཞིག་མཚོན་ཐུབ་ཀྱི་རེད་ཅེས་གསུངས་འདུག ཁྱད་པར་དུ་ཚོང་འབྲེལ་དེའི་བརྒྱུད་ནས་རྒྱ་གཞུང་གིས་བོད་ནང་དུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་སྡུག་ཏུ་མི་འགྲོ་བར་། གནས་སྟངས་དེ་སེལ་ཐབས་སུ་འགོག་རྐྱེན་མི་ཡོང་བ་བྱ་རྒྱུ་བཅས་ནི་ཁེ་ན་ཌའི་གཞུང་ནས་བཟང་སྤྱོད་ཀྱི་འགན་འཁྲི་ཞིག་ཆགས་ཡོད་ཅེས་གསུངས་ཡོད། དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་གིས་ད་ལན་རྒྱལ་ཁབ་གཉིས་དབར་གྱི་ཚོང་འབྲེལ་དེའི་བརྒྱུད་ནས་ཚོང་འབྲེལ་གོ་འཕེལ་ཁོ་ན་མིན་པར། རྒྱུ་གཞུང་གི་ངོས་ནས་རྒྱ་ནག་མི་མང་དང། དེ་བཞིན་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་དང། ཆོས་རིག སྐད་ཡིག། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་བཅས་ཀྱི་གནད་ཆེའི་ཐོག་གྲོས་མཐུན་ཞིག་ཡོང་དགོས་གལ་ཡིན་པ་གསུངས་འདུག

ཐེ་ཝན་མང་གཙོའི་ཉམས་མྱོང་ལས་བོད་རྒྱའི་གནད་དོན་སྐོར་བགྲོ་གླེང་ཚོགས་པ།

ཁ་སང་ཟླ་ ༩ ཚེས་ ༢༥ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་དུ་ནང་ཐེ་ཝན་ནང་གི་མང་གཙོའི་ཉམས་མྱོང་ལས་བོད་རྒྱའི་གནད་དོན་སྐོར་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་དང་ཧོང་ཀོང་།  སུས་སི་བཅས་ནས་ཕེབས་པའི་མཁས་དབང་དང་དགེ་རྒན་ཆེན་མོ། དེ་བཞིན་སློབ་ཕྲུག་སོགས་འདུ་འཛོམས་ཀྱིས་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་གནང་འདུག དེ་ཡང་ཐེ་ཝན་བོད་རྒྱ་ཚོགས་པ་དང། བོད་རིགས་ཚོགས་པ་གཉིས་ཀྱིས་གོ་སྒྲིག་དང་ཐེ་ཝན་སྐུ་ཚབ་དོན་ཁང་གི་ལམ་སྟོན་མཐུན་འགྱུར་འོག་འཚོགས་པ་ཞིག་ཡིན་པ་དང། ཁ་སང་སྔ་དྲོ་ཚོུད་  ༩ ནས་ཕྱི་དྲོ་ཚོུད་  ༥ པའི་བར་ཚོགས་པའི་བགྲོ་གླེང་ལྷན་ཚོགས་འདིའི་ཐོག་ཧོང་ཀོང་གི་ད་ལྟའི་གནས་བབ་དང། བོད་མི་དང་བོད་རྒྱ་འབྲེལ་མོལ་གྱི་གནས་འབབ། ཡུ་རོབ་བོད་རིགས་གཞོན་ནུ་ཚོགས་པ་ངོ་སྤྲོད། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་སྐོར། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པར་ཁྲིམས་ཐོག་གིས་རྡུང་རྡེག་དང་ཐེ་ཝན་གཞུང་སྔ་རྗེས་གཉིས་ཀྱི་ཕྱི་འབྲེལ་སྲིད་བྱུས་སྐོར་བཅས་བརྗོད་གཞི་འདྲ་མིན་ཐོག་ཚོགས་ཐེངས་བཞི་གནང་ནས་ཚོགས་འདུག ལྷན་ཚོགས་དེའིཐོག་བོད་མིའི་ཕྱོགས་ནས་བཞུགས་སྒར་རྡ་རམ་ས་ལར་བརྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་དང།  སུད་སི་ནས་བསྟན་འཛིན་བདེ་ཆེན་ལགས་རྣམ་པ་གཉིས་མཉམ་ཞུགས་གནང་འདུག དེའི་སྐོར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཞལ་པར་བརྒྱུད་གསུངས་དོན་ད་ལན་གྱི་བགྲོ་གླེང་ལྷན་ཚོགས་དེ་གོ་སྒྲིག་དོན་གཙོ་བོ་ནི།  བོད་ཀྱི་གནད་དོན་ཐོག་ཐེ་ཝན་གཙོས་པའི་འཛམ་གླིང་ནང་གི་མཁས་པ་ཁག་གི་དགོངས་ཚུལ་གང་ཡོད་མེད་གསལ་པོ་ཞིག་ཤེས་རྟོགས་ཐུབ་རྒྱུ་དེ་ཡིན་པ་གསུངས་སོང་། རྩ་བའི་ཐེ་ཝན་ནང་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ལོ་ལྟར་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་མཁས་པའི་བགྲོ་གླེང་ལྷན་ཚོགས་དེ་ཚོགས་གནང་གི་ཡོད་པ་ལྟར། ཐེངས་འདིའི་ཚོགས་ཐེངས་དྲུག་པའི་ཐོག་བགྲོ་གླེང་ལས་རིམ་དང་སྦྲགས།ང་ཚོ་ནམ་ཡང་གཉའ་མི་ཞུམ་ཞེས་པའི་བོད་མི་ཆབ་སྲིད་བཙོན་པ་རྟ་ནག་འཇིགས་མེད་བཟང་པོ་ལགས་དང། བློ་བཟང་བསྟན་འཛིན་ལགས་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་བཀོད་པའི་རྒྱ་ཡིག་ཕྱག་དེབ་ཞིག་དང། ཡང་ཐེང་ཝན་ནང་གི་རྩོམ་པ་པོ་མཁས་པ་ཞིག་གིས་བོད་ཀྱི་ནང་ཆོས་བྱེད་པ་དང། བོད་མི་མང་དག་ཞིག་གི་ལྷན་དུ་འབྲེལ་བ་གནང་བའི་ཁྲོད་ཁོང་ལ་སེམས་འགུལ་ཤུགས་ཆེ་ཐེབས་པ་རྣམས་ཀྱི་སྐོར་ལ་བྲིས་པའི་ཉན་པ་ཞེས་པའི་དེབ་ཆུང་བཅས་དཔེ་དེབ་དབུ་བྱེད་གནང་ཡོད་པ་རེད།

ངག་དབང་རབ་རྒྱས་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པར་འོས་འདེམས་གནང་པ།

དེ་རིང་ཟླ་ ༩ ཚེས་ ༢༦ ཉིན་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པའི་ལས་ཉིན་དྲུག་པ་འདིའི་ཐོག་ནས་ བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ནང་དངོས་སུ་བཞུགས་ནས་ཞབས་ལོ་ ༣༤ སོང་བ་ད་ལྟའི་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་གནང་སོང་། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ལས། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ནས་མཛད་ཁུར་དགོངས་པ་སྔ་སྣུར་ཞུས་ཡོད་སྟབས། དེ་རིང་གྲོས་ཚོགས་ནས་ཁྲིམས་ཞིབ་པ་གཅིག་གི་འོས་འདེམས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལིའུ་ ༦ དོན་ཚན་ ༦༣ ནང་གསེས་དང་པོའི་དགོངས་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག དེ་བཞིན་སྲིད་སྐྱོང་མཆོག་བཅས་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྣམ་རྒྱལ་ཚེ་རིང་མཆོག་དང་བཀའ་ཟུར་ཀརྟི་རིན་པོ་མཆོག དེ་བཞིན་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་བཅས་ལས་བསྡུས་པའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ཞིག་ཆེད་འཛུགས་གནང་དོན། ད་ལྟའི་དྲིལ་བསྒྲགས་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་གཉིས་ཁྲིམས་ཞིབ་པའི་འོས་མིག་ཏུ་མིང་འདོན་གནང་ཡོད་པ་རེད། དེ་རིང་གྲོས་ཚོགས་སུ་ངོ་ཡོད་སྤྱི་འཐུས་ ༤༣ རྣམས་ཀྱིས་འོས་ཤོག་འཕེན་པའི་ཁྲོད་ཤེས་རིག་དྲུང་ཆེ་ངག་སབང་རབ་རྒྱལ་ལགས་ལ་ར་འོས་གྲངས་ ༢༤ ཐོབ་ཡོད་པ་དང། ཕྱི་དྲིལ་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ལ་འོས་གྲངས་ ༡༨ ཐོབ་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བདམས་ཐོན་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་ལགས་ལ་འཚམས་འདྲི་དང་བཅས་གསལ་བསྒྲགས་གནང་ཡོད་པ་རེད། རྩ་བའི་བདམས་ཐོན་ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ནི་ད་ལྟ་ཤེས་རིག་དྲུང་ཆེ་ཡིན་པ་དང། ༡༩༨༢ལོར་སྲི་ཞུ་ལས་བྱེད་ནང་དངོས་སུ་བཞུགས་ནས་ད་བར་འདས་པའི་ལོ་ངོ་ ༣༤ དེའི་རིང་ཁོང་གིས་རུ་སོག་དང་ཨ་རིའི་སྐུ་ཚབ་དོན་གཅོད་གནང་པ་དང་། དེ་བཞིན་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཟུང་དྲུང་དང་དྲུང་འཕར། བདེ་སྲུང་བོད་གནས་ཉམས་ཞིབ་པ་སོགས་ལྷན་ཁང་ཁག་ཅིག་གི་འཛིན་སྐྱོང་སྡེ་ཚན་ནང་ཐུགས་འགན་འདྲི་མིན་བཞེས་འདུག Dr ངག་དབང་རབ་རྒྱས་ལགས་ནས་ཆབ་སྲིད་རིག་པ་དང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཁྲིམས་ཐོག་གི་གཙུག་ལག་རབ་འབྱམས་པ་ཐོན་འདུག་པ་དང། ༡༩༨༧ལོར་རྒྱལ་སྤྱིའི་འབྲེལ་ལམ་ཐོག་འབུམ་རམས་པའི་ཕྱག་ཁྱེར་ཐོབ་འདུག གསར་དུ་བདམས་ཐོན་བྱུང་བའི་ཁྲིམས་ཞིབ་པ་ངག་དབང་རབ་རྒྱས་ལགས་ནས་འདི་ག་རླུང་འཕྲིན་གྱི་བཅར་འདྲི་དང་ལེན་དང་སྦྲགས། མང་ཚོགས་ཀྱི་འགོ་ཁྲིད་སྤྱི་འཐུས་རྣམ་པས་ཁོང་ལ་ཆེ་མཐོང་གནང་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཁོང་རྣམ་པའི་ཐུགས་རེ་ལྟར་འབད་བརྩོན་གང་ཐུབ་གནང་གི་ཡིན་པ་གསུངས་གནང་སོང་།    

Latest news