Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: March, 2017

ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་དམ་པའི་ཆོས་དང་འཇིག་རྟེན་བཟང་སྤྱོད་དང་མཐུན་པ་རེད་ཅེས་བཀའ་བསྩལ་བ།

༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་ཐེངས་ ༨ དབུ་འབྱེད་བཀྲིན་བསྐྱང་པ་དང་འབྲེལ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ནི་དམ་པའི་ཆོས་དང་མཐུན་པ་མ་ཟད། འཇིགས་རྟེན་གྱི་ཡ་རབས་བཟང་སྤྱོད་དང་མཐུན་པ་རེད་ཅེས་བཀའ་སྩལ་ཏེ་མང་ཚོགས་ཡོངས་ནས་དེའི་ཐོག་འགན་ཆེ་ཙམ་བཞེས་དགོས་པའི་ལམ་སྟོན་གནང་འདུག དེའང་རྒྱ་གར་གྱི་བྷི་ཧཱར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་གྱི་གཏེར་སྒར་དགོན་དུ་ཁ་སང་ནས་དབུ་འཛུགས་ཀྱིས་ཧི་མཱ་ལ་ཡའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དང་། བཙུན་དགོན་ཁག་གི་ཆེད་དུ་ཁོར་ཡུག་ཚོགས་འདུ་ཐེངས་ ༨ བསྐོང་ཚོགས་གནང་ཡོད་པ་དང་། ཉིན་གསུམ་རིང་གི་ཚོགས་འདུ་དེའི་ཐོག་རྒྱ་བལ་འབྲུག་གསུམ་ནང་གི་གྲྭ་བཙུན་དགོན་ཁག་ཁྱོན་ ༢༨ ཀྱི་སྐུ་ཚབ་མཚོན་པའི་ཚོགས་བཅར་བ་ ༧༠ ཙམ་ནས་ལྷན་ཞུགས་གནང་ཡོད་པ་རེད་འདུག ༸དཔལ་རྒྱལ་དབང་ཀརྨ་རིན་པོ་ཆེ་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཐོག་མར་ Disaster management guideline ཞེས་གྲྭ་བཙུན་དགོན་ཁག་ཏུ་གོད་ཆག་ལ་གྲ་སྒྲིག་དང་ཛ་དྲག་ལ་གདོང་ལེན་བྱ་ཕྱོགས་ཀྱི་ལམ་སྟོན་ཕྱག་དེབ་ཞིག་དབུ་འབྱེད་མཛད་འདུག སྐབས་དེར་ཀརྨ་པ་རིན་པོ་ཆེ་མཆོག་གིས་ལོ་ཤས་གོང་ལ་བལ་ཡུལ་དང་འབྲས་ལྗོངས་བཅས་སུ་ས་འགུལ་གྱི་གོད་ཆག་བྱུང་རྗེས་དགོན་སྡེ་ཁག་ནས་མང་ཚོགས་ལ་རོགས་རམ་གྱི་ལས་དོན་རྒྱ་ཆེ་བསྒྲུབས་ཡོད་པར་བསྔགས་བརྗོད་གནང་པ་དང་སྦྲགས། མ་འོངས་པར་ཛ་དྲག་གི་གནད་དོན་དེའི་རིགས་བྱུང་སྐབས་དེ་དག་ལ་གདོང་ལེན་དང་གྲ་སྒྲིག་བྱ་རྒྱུའི་སློབ་སྦྱོང་གནང་དགོས་གལ་གཟིགས་ནས་དགོན་སྡེ་ཁག་ཏུ་དགེ་བཙུན་རྣམས་ལ་འབྲེལ་ཡོད་སྦྱོང་བརྡར་སྤྲོད་འགོ་བཙུགས་ཡོད་པ་དང་། སློབ་སྦྱོང་དེའང་ཐེངས་གཅིག་ཙམ་མིན་པར་བསྐྱར་སྦྱོང་ཡང་སྦྱོང་གནང་གལ་ཡིན་པ་གསུངས་འདུག ཐེངས་རྗེས་མའི་བཀའ་བརྒྱུད་སྨོན་ལམ་སྐབས་ཛ་དྲག་རུ་ཁག་བཀོད་སྒྲིག་བྱ་དགོས་པའི་སྐུལ་མ་ཡང་གནང་འདུག དེ་བཞིན་རིན་པོ་ཆེ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ཐོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་མི་སྣ་ཡོངས་ལ་དམིགས་བསལ་གྱི་འོས་འགན་ཡོད་པར་ལམ་སྟོན་གནང་ཡོད། ལྷག་དོན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་འདི་ནི་གཞན་ཕན་གྱི་བསམ་བློ་ལྡན་ལ་དམ་པའི་ཆོས་དང་བཟང་སྤྱོད་བཅས་ཕྱོགས་ཡོངས་དང་མཐུན་ཡོད་པར་བཀའ་བསྩལ་དང་དེ་ལྟར་གནང་དགོས་པའི་འབོད་སྐུལ་མཛད་ཡོད་པ་རེད། གཞི་རྩའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་འདུ་ཞེས་པ་དེ་ནི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་འོག་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་གསར་བཙུགས་གནང་པ་ཞིག་ཡིན་པ་དང། ད་ལན་གྱི་ཚོགས་འདུའི་བརྗོད་གཞི་གཙོ་བོ་གད་རྙིགས་བཀོད་བྱུས་དང་ གོད་ཆག་ལ་གྲ་སྒྲིག་དང་ཛ་དྲག་ལ་གདོང་ལེན་ཞེས་པ་དེ་ཡིན་པ་རེད།

ལི་ཁ་ཆང་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ས་གནས་བོད་མི་ཚོས་ངོ་རྒོལ་གནང་པ།

ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་ཁུལ་དེར་བསླེབས་པའི་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ཤུགས་ཆེ་གནང་མུས་རེད་འདུག དེའང་རྒྱ་ནག་གི་སྲིད་བློན་ Li Keqiang ཁ་སང་ Australia ནང་དུ་བསླེབས་པ་དང་འབྲེལ། དེ་རིང་རྒྱལ་ས་ Canberra ནང་དུ་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་སུ་འབྱོར་བ་དང་བསྟུན་ཨོ་སི་ཊོ་ལི་ཡའི་བོད་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གནང་བཞིན་ཡོད་པ་མ་ཟད། སང་ཉིན་བོད་མི་ལས་འགུལ་བ་རྣམས་ཀྱིས་ Sydney གྲོང་ཁྱེར་ནང་དུའང་ལས་འགུལ་དེ་མཚུངས་སྤེལ་རྒྱུ་རེད་འདུག དེ་རིང་སྔ་དྲོ་ Li Keqiang ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དུ་བསླེབས་སྐབས་ཁུལ་དེའི་ས་གནས་ཁག་གསུམ་ནས་ཆེད་འཛོམས་གནང་པའི་བོད་མི་ ༢༠༠ སྐོར་ཞིག་གིས་སྔ་དྲོ་ཚོུད་  ༩།༠༠ ནས་ཉིན་རྒྱབ་ཚོུད་ ༡།༠༠  བར་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་དེ་བོད་མིའི་ཡིན་པ་སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འདྲ་མིན་དང་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་འཆར་བཞིན་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེ་སྤེལ་འདུག ལས་འགུལ་སྐབས་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་ Lisa Singh དང་། Micheal Danby རྣམ་གཉིས་ཆེད་ཕེབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད་འདུག དེ་རིང་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་གནང་མཁན་ཁོངས་སུ་བོད་མི་ཙམ་མ་ཟད། ཤར་ཏུར་ཀིས་ཐན་དང་ཕ་ལུང་གྷོང་ཆོས་བརྒྱུད་ཉམས་ལེན་པ་ཁག་ཅིག་ཀྱང་ཆེད་ཕེབས་གནང་འདུག ས་གནས་ཀྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་རྒྱ་རིགས་སློབ་མ་བརྒྱ་ཕྲག་ཁ་ཤས་ཤིག་གིས་རྒྱ་ནག་གི་སྲིད་བློན་ལ་ཕེབས་བསུ་ཞུས་ཡོད་པ་དང་། རྒྱ་རིགས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ PingLu ཡིས་ AP གསར་སྤེལ་ཁང་ལ་འགྲེལ་བརྗོད་བྱེད་པར་ཁོང་རྣམས་ལ་ཨོ་སི་ཊོ་ལི་ཡ་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་གི་རྒྱལ་དར་སྤྲོད་པ་དང་དེ་བཞིན་ཞོགས་ཇ་དང་ཉིན་དགུང་ཞལ་ལག་བཅས་གོ་སྒྲིག་བྱས་ཡོད་སྐོར་བཤད་འདུག རྩ་བའི་དེ་རིང་གི་ལས་འགུལ་མཇུག་སྒྲིལ་ཟིན་རྗེས་བོད་མི་ལས་འགུལ་རྣམས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་སིཌ་སི་གྲོང་ཁྱེར་ཕྱོགས་སུ་བསྐྱོད་ནས་སང་ཉིན་སླར་ཡང་ཁུལ་དེར་རྒྱ་ནག་གི་སྲིད་བློན་འབྱོར་སྐབས་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་ལི་ཁ་བྱང་ཁ་སང་ཨོ་སི་ཊོ་ལི་ཡར་བསླེབས་ཡོད་པ་དང་། ཁོ་པ་ཟླ་འདིའི་ཚེས་ ༢༦ བར་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད་འདུག

རེས་གཟའ་ལྷག་པ། ༢༠༡༧།༠༣།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ནས་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཟིན་པའི་༸གང་ཉིད་ཀྱི་མཛད་རྣམ་དབུ་འབྱེད་མཛད་རྒྱུ། བཀྲིས་དབང་ཕྱུག་ལགས་བཙོན་ཁང་ནང་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་བཞིན་པ་གསུངས་འདུག ཆོས་རིག་བཀའ་བློན་མཆོག་གིས་ཆོས་སྡེ་ཁག་ཏུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཉུང་དུ་སོང་ཡོད་སྐོར་གསུངས་སོང་། འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་དང་བསྟུན་རྒྱ་གར་དང་བྷང་ལ་དེ་ཤི་གཉིས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གལ་ཡིན་པ་གསུངས་སོང་། ཨ་རིས་རྒྱ་གཞུང་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ནས་ཕྱིར་ཤིག་རྒྱག་གིན་མིན་སྐོར་གསུངས་འདུག དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་ལ་དགས་མང་ཚོགས་ལ་བསྩལ་བའི་བཀའ་སློབ། Wednesday 22/03/2017 Dalai Lama to release Assamese translation of his biography in Guwahati Budget Session: Religion Kalon speaks on decreasing no of monks in monasteries Exile Tibetans mark World Water Day with awareness campaigns Tashi Wangchuk having health problems in Chinese prison: Amnesty Report US won’t back down from bringing up Human Rights with China: State Department FEATURE: Dalai Lama speech to Tibetans in Ladakh

བཀྲིས་དབང་ཕྱུག་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཡག་པོ་མེད་པ་མངོན་གསལ་གནང་པ།

དེའང་སྔ་ལོའི་ཕྱི་ཟླ་ ༡ པོའི་ནང་འཛིན་བཟུང་བྱས་པའི་བོད་ཡུ་ཤུལ་ཁུལ་གྱི་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐད་ཁ་སང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་གཞུང་གི་བཙོན་ཁང་དུ་ཡོད་པའི་བཀྲིས་དབང་ཕྱུག་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཡག་པོ་མེད་པ་མངོན་གསལ་གནང་འདུག ཁ་སང་ཟླ་ ༣ ཚེས་ ༢༡ ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་དྲ་གནས་ཐོག་བཀྲིས་དབང་ཕྱུག་ལགས་ཀྱི་དེ་སྔའི་གནད་དོན་ཞིབ་ཕྲ་ལུང་འདྲེན་གྱིས་ད་ལྟའི་གནས་སྟངས་སྐོར་ལ་གསལ་ཁ་གནང་པ་དང་ཆབས་ཅིག རྒྱ་ནག་གཞུང་ལ་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་འབོད་གནང་འདུག ལྷག་དོན་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་དང་བོད་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིག་ཁག་གི་ཁ་བྱང་རྣམས་ཞིབ་ཕྲ་བཀོད་ནས་བཀྲིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་གཏོང་དགོས་གལ་ཡིན་པའི་དོན་ཚན་གསུམ་གྱི་ཐོག་ནས་རེ་སྐུལ་ཞུས་འདུག བཀྲིས་དབང་ཕྱུག་ལགས་ཀྱིས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པ་ལས་གཞན་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་གནང་མེད་སྟབས། ཁོང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་གལ་ཡིན་པ་ནན་བརྗོད་གནང་པ་མ་ཟད། ཁོང་ལ་ཁྲིམས་ལྟར་ཁྲིམས་རྩོད་པའི་ཐོབ་ཐང་དང་ཁྲིམས་རྩོད་པའི་ལྷན་དུ་ཐུག་འཕྲད་སོགས་དགོས་མཁོ་ནམ་བྱུང་ལ་དེ་ལྟར་ཕུལ་དགོས་སྐོར་གསུངས་འདུག དེ་བཞིན་ཁོང་གི་ནང་མི་ཉེ་འབྲེལ་དང་ཐུག་འཕྲད་གནང་བཅུག་དགོས་པ་མ་ཟད། ཁོང་གི་གཟུགས་གཞིའི་གནས་སྟངས་ཡག་པོ་མེད་པའི་ཐོག་ནས་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱོར་གལ་ཡིན་པའང་གསུངས་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོའི་ནང་དུ་ཟླ་བ་འདིའི་ཟླ་མགོར་རྒྱ་གཞུང་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་ངོས་ནས་བཀྲིས་དབང་ཕྱུག་ལགས་ཀྱི་ནང་མིར་ཁོང་གི་ཁྲིམས་རྩོད་པ་སུ་ཡིན་མིན་དང་།  ཁྲིམས་རྩོད་པ་གླ་ཕྱོགས་དང་དེར་གླ་ག་ཚོད་སྤྲོད་ཡོད་མེད་ཀྱི་གནད་དོན་ཐོག་འདྲི་རྩད་བྱས་པ་མངོན་གསལ་གནང་འདུག ཁོང་གི་ཁྲིམས་རྩོད་པས་ཐུག་འཕྲད་གནང་སྐབས་ཁོང་ལ་རུས་ཚིགས་ནད་གཞི་ལྕི་མོ་ཕོག་པས་འཕྲོད་བསྟེན་གྱི་ངལ་བ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཁྲིམས་རྩོད་པ་རྣམས་ནས་བཙོན་ཁང་གི་འགན་ཁུར་བ་རྣམས་ལ་ཁོང་ལ་ནད་གཞི་དེའི་ཐོག་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག གཞི་རྩའི་བཀྲ་ཤིས་དབང་ཕྱུག་ལགས་ནི་བོད་མདོ་ཁམས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གནས་ཉམས་རྒུད་གཏོང་བཞིན་ཡོད་པ་གོང་རིམ་སྲིད་གཞུང་ལ་འབོད་སྐུལ་གནང་པ་མ་ཟད་། ཨ་རིའི་ New York Times  རྒྱལ་སྤྱིའི་བརྒྱུད་ལམ་ཐོག་གནད་ཚུལ་དེ་དག་གསུང་པར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ཞེས་པའི་ཆབ་སྲིད་ཀྱི་ནག་ཉེས་འོག་འཛིན་བཟུང་གིས་ཟླ་བ་གསུམ་ཙམ་གར་སོང་ཆ་མེད་དུ་གྱུར།  ས་གནས་ཉེན་རྟོག་པས་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་རང་བཙན་གྱི་ལས་འགུལ་སྤེལ་བ་དང་།  རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་པའི་ཆབ་སྲིད་ཀྱི་ནག་འོག་ད་བར་ཞིབ་འཇུག་རིམ་པ་གཉིས་བྱས་མཐར་ཉེ་ཆར་ཟླ་ ༡ ཚེས་ ༤ ཉིན་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཆབ་སྲིད་ཀྱི་ནག་ཉེས་འོག་རིང་མིན་ཁྲིམས་ཐོག་ནས་ཁྲིམས་བཤེར་བྱ་གཏན་འཁེལ་དོན་ལྟར་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་གློད་བཀྲོལ་གཏོང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་མང་དག་ཞིག་སྤེལ་ཡོད་པ་རེད།

འཛམ་གླིང་ཆུའི་ཉིན་མོ་དང་བསྟུན་རྒྱ་གར་དང་བྷང་ལ་དེ་ཤི་གཉིས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གལ་ཡིན་པ་གསུངས་སོང་།

བོད་ཀྱི་བེུད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་དེ་རིང་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ། རྒྱ་གར་དང་བྷང་ལ་དེ་ཤི་གཉིས་ནས་བོད་ཀྱི་ཡར་ཀླུང་གཙང་པོ་དང་འབྲེལ་བའི་ཐོག་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་རེ་འདུན་བཏོན་སོང་། དེ་རིང་ཟླ་ ༣ ཚེས་ ༢༢ ཉིན་མོ་འདི་ནི་ World Water Day འམ་འཛམ་གླིང་ཆུའི་ཉིན་མོ་ཆགས་ཡོད་པ་དང་འབྲེལ། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་བེུད་ལྷན་ཚོགས་དབུས་ས་གཉིས་དང་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་མེག་གྷན་ཁྲོམ་གཞུང་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་བཅས་སུ་ཆུའི་རིན་ཐང་སྐོར་དང་བོད་ཀྱི་ཆུ་བོའི་གལ་གནད་སོགས་ཀྱི་སྐོར་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ཞིག་གནང་ཡོད། ཁྱད་པར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁ་པར་ཨང་གྲངས་བྱེ་བྲག་པ་གཅིག་གི་ཐོག་ལ་མི་དམངས་དང་ལས་འགུལ་བའི་དབར་ལ་ཁ་པར་གཏོང་ལེན་བརྒྱུད་བོད་ཀྱི་ཆུའི་གལ་གནད་དང་། དེས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་འབྲེལ་བའི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ཞིག་གནང་སོང་བ་མ་ཟད། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་བསྟན་འཛིན་ཚེ་ལྷ་ལགས་ནས་སྐབས་དེར་རྒྱ་གཞུང་གིས་ ༢༠༡༦ ནས་ ༢༠༢༠ བར་བོད་ནང་ཆུ་རགས་མང་དག་རྒྱག་འཆར་ཡོད་པ་དང་། དེའི་ཁྲོད་རྒྱ་གར་དང་བྷང་ལ་དེ་ཤི་གཉིས་ལ་ཐད་ཀར་ཉེན་ཚབས་ཆགས་ཡོད་པ་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་རྒྱག་འཆར་ཡོད་སྟབས། དེ་རིང་འཛམ་གླིང་ཆུའི་ཉིན་མོ་དང་བསྟུན་རྒྱ་གར་དང་བྷང་ལ་དེ་ཤི་གཞུང་དམངས་གཉིས་ནས་ཆུ་ལོག་སོགས་ཀྱི་རྐྱེན་ངན་མ་འཕྲད་གོང་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་གསུངས་ཡོད། དེ་མཚུངས་བོད་ཀྱི་བེུད་ལྷན་ཚོགས་ནས་མེག་གྷན་ཁྲོམ་གཞུང་དུ་ <ཆུ་སྲུང་སྐྱོབ་བྱོས། ཚེ་སྲོག་སྲུང་སྐྱོབ་བྱོས། འཛམ་གླིང་སྲུང་སྐྱོབ་བྱོས། > ཞེས་སོགས་ཀྱི་འབོད་ཚིག་འོག འདི་ལོའི་ཆུ་ཉིན་མོའི་བརྗོད་དོན་གཙོ་བོ་ཆུ་འཕྲོ་བརླག་གཏོང་རྒྱུ་མེད་ཅེས་པ་བཞག་དོན་ལྟར་མང་ཚོགས་ལ་འབོད་སྐུལ་གནང་སོང་། སྐབས་དེར་གདན་ཞུའི་སྐུ་མགྲོན་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་སྐུ་ཞབས་ Prem Sagar ལགས་ཀྱིས་ཀྱང་བཞུགས་སྒར་དྷ་རྨ་ས་ལའི་ཆུ་འགོ་དྷུ་ལ་དཱར་རི་རྒྱུད་ཀྱི་གངས་རི་དང་ཁོར་ཡུག་སྤྱིའི་ཐོག་ལ་ས་གནས་ཡུལ་མི་དང་བོད་མི་ཚང་མས་མཉམ་རུབ་ཐོག་ནས་དོ་སྣང་དང་འགན་བཞེས་གནང་རྒྱུ་དུས་ཀྱི་དགོས་མཁོ་ཆགས་ཡོད་པ་གསུངས་སོང་། གཞི་རྩའི་བོད་ཀྱི་བེུད་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་འདས་པའི་ལོ་ཤས་ནས་ལོ་ལྟར་འཛམ་གླིང་ཆུའི་ཉིན་མོ་སྲུང་བརྩི་ཞུས་པ་དང་ཆབས་ཅིག བོད་མཐོ་སྒང་གི་རྒྱུག་ཆུ་དང་གཙང་པོའི་སྐོར་གོ་རྟོགས་སྤེལ་གནང་གི་ཡོད་པ་ལྟར། བོད་འདི་ནི་གླིང་ཆེན་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཁག་གི་ཆུ་འགོ་དང་ཁྱིམ་མཚེས་དང་གཤམ་འོག་རྒྱལ་ཁབ་བཅུ་གཅིག་གི་མང་ཚོགས་དུང་ཕྱུར་གཅིག་ལྷག་གི་འཚོ་རྟེན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ཆུ་དང་ཁོར་ཡུག་གི་ཆེད་ལས་ཉམས་ཞིབ་པས་གསུངས་ཡོད་པ་རེད།

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དབུ་འབྱེད་མཛད་རྒྱུ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་མགོན་པོ་༸གང་ཉིད་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དབུ་འབྱེད་མཛད་རྒྱུ་རེད་འདུག དེའང་ཁ་སང་ཟླ་ ༣ ཚེས་ ༢༡ ཉིན་ India Today གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཟླ་ ༤ ཚེས་ ༡ ནས་དབུ་འཛུགས་ཀྱིས་རྒྱ་གར་བྱང་ཤར་མངའ་སྡེ་ Assam དང་ Arunachal Pradesh གྱི་གྲོང་ཁྱེར་ཆེ་ཁག་གཙོས་པའི་ས་གནས་ཁག་ཅིག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱང་གཏན་འཁེལ་བ་ལྟར། མགོན་པོ་༸གང་ཉིད་མཆོག་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ Guwahati ནང་དུ་རྟེན་གཞི་བྱས་པའི་ IIT འཕྲུལ་རིགས་བསྟི་གནས་ཁང་དུ་ས་གནས་མངའ་སྡེའི་སྲི་ཞུ་བ་དང་རྩོམ་པ་པོ་ Indra Laskar ལགས་ཀྱིས་ཡུལ་དེའི་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་ཕྱག་དེབ་དབུ་འབྱེད་མཛད་ཀྱི་འདུག རྒྱ་གར་གྱི་རྩོམ་པ་པོ་ཞིག་ནས་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་དང་། ཕྱག་དེབ་དེ་དཔར་བསྐྲུན་གནང་མཁན་ Lawyers Book Stall གྱི་བདག་པོ་སྐུ་ཞབས་ Bhaskar Dutta ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་གིས་མཛད་པའི་རྡུལ་ཕྲབ་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་དང་སེམས་ཀྱི་ཞི་བདེ་སོགས་ཕྱག་དེབ་ཁག་རིམ་བཞིན་ཕབ་བསྒྱུར་ཞུ་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་བ་རྗེས་མའི་ནང་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་ཆིབས་བསྒྱུར་སྐབས་ཁུལ་དེའི་གསར་སྤེལ་ཁང་ Dainik Asam དང་Assam Tribune གཉིས་ཀྱི་ལོ་འཁོར་དུས་སྟོན་མཛད་སྒོར་དབུ་བཞུགས་ཀྱིས་མང་ཚོགས་ལ་འཛམ་གླིང་ཞི་བདེ་ཆེད་འགྲོ་བ་མིའི་སྤྱོད་ཚུལ་འམ་ Human Approach to World Peace ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྩལ་རྒྱུ་དང་། དེ་རྗེས་ཚེས་ ༥ ནས་ ༡༢ བར་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ Itanagar གཙོས་པའི་མོན་རྟ་དབང་དང་ Dirang དེ་བཞིན་བྷུམ་དི་ལ་བཅས་ཀྱི་ནང་དུ་ཆིབས་བསྒྱུར་གྱིས་ཆོས་འབྲེལ་ཁག་ཅིག་བསྐྱང་གནང་གི་ཡོད་པ་རེད། ཁ་སང་ཟླ་ ༣ ཚེས་ ༢༡ ཉིན་དགུང་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་དང་། རྒྱ་གར་གྱི་གསར་ཁང་ཁག་གཅིག་གི་གསར་འགོད་པས་མགོན་པོ་༸གང་ཉིད་མཆོག་གི་མཛད་འཕྲིན་ཐད་རྒྱ་ནག་གཞུང་ནས་མགོན་པོ་༸གང་ཉིད་མཆོག་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་པར་ཐུགས་ཚོར་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་ནག་གྱི་འགོ་ཁྲིད་ཚོས་ངོས་ལ་རྙོག་གྲ་བཟོ་མཁན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། རྒྱ་རིགས་མང་ཚོགས་ཀྱིས་ངོས་ལ་བཟང་ཕྱོགས་ཀྱི་ལྟ་ཚུལ་ཤིན་ཏུ་ཡག་པོ་ཡོད། ལྷག་པར་དུ་འདས་པའི་ལོ་ཤས་གོང་ནས་གཟའ་འཁོར་འཆར་ཅན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་རྒྱ་རིགས་མང་པོ་ཞིག་ངོས་རང་ཐུགས་འཕྲད་དུ་ཡོང་བཞིན་ཡོད་པ་རེད། ལྷག་དོན་ཁག་ཅིག་བློ་ཕམ་གྱི་ཐོག་ནས་ངུ་བཞིན་ངོས་ལ་ཁོང་རྣམས་དུས་ནམ་ཡང་དྲན་པ་མ་བརྗེད་རོགས་ཞེས་ཞུ་མཁན་ཡང་བྱུང་སྐོར་གསུངས་འདུག གལ་སྲིད་རྒྱ་ནག་གི་འགོ་ཁྲིད་རིམ་པའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་བྱུང་ཚེ་མགོན་པོ་༸གང་ཉིད་མཆོག་རྒྱ་ནག་ནང་ལ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་དང་། ལྷག་པར་དུ་ཆོས་གྲོགས་ཀྱི་ངོ་བོའི་ཐོག་ནས་ཆིབས་བསྒྱུར་མཛད་རྒྱུར་གྲ་སྒྲིག་ཡིན་ཞེས་བཀའ་ལན་བསྩལ་འདུག

རེས་གཟའ་མིག་དམར། ༢༠༡༧།༠༣།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་རྒྱ་གར་མངའ་སྡེ་གསུམ་ནང་གི་མཛད་འཕྲིན་ལེགས་གྲུབ་ཀྱི་དེ་རིང་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སོང་། དཔའ་བོའི་སྲང་ལམ་ནས་བོད་མི་གཉིས་འཛིན་བཟུང་བྱས་འདུག འཕྲོད་བསྟེན་བཀའ་བློན་མཆོག་གིས་མཆིན་པའི་གཉན་ཚད་དང་གློ་ནད་དེ་བཞིན་སྐྲན་ནད་བཅས་ནི་ནད་གཞི་ཛ་དྲག་ཆེ་ཤོས་ཡིན་པ་གསུངས་སོང་། རྒྱལ་ཁབ་བཅུ་གཅིག་ནས་རྒྱ་གཞུང་ལ་ཁྲིམས་རྩོད་པར་མནར་གཅོད་མཚམས་འཇོག་དགོས་པའི་ཞུ་འབོད་གནང་འདུག བོད་ཕྲུག་ཁག་ཅིག་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཤེས་ཡོན་ལས་རིམ་ཐོག་མཉམ་ཞུགས་གནང་པ། Tuesday 21/03/2017 Dalai Lama returns to Dharamsala after Rajgir, Bhopal and Mathura tour Two Tibetans arrested from Ngaba, whereabouts unknown Hepatitis, TB and Cancer three main diseases in Tibetan Community: Health Kalon Canada and 10 other countries call on China to stop torturing rights lawyers Tibetan students participate in Asia-Pacific Schools Initiative

༸གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཚུར་ཆིབས་བསྒྱུར་བསྐྱངས་པ།

དེ་རིང་ཟླ་ ༣ ཕྱི་ཚེས་ ༢༡ ཉིན་དགུང་ཚོུད་ ༢།༥༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས་ཚེས་ ༡༧ ཉིན་ཐེངས་འདིའི་མཛད་འཆར་གཙོ་བོ་རྒྱ་གར་བྷི་ཧཱར་མངའ་སྡེའི་ན་ལེནྡྲ་རྫོང་ནང་དུ་རྟེན་གཞི་བྱས་པའི་རྒྱལ་པོའི་ཁབ་གྲོང་ཁྱེར་དུ་རྒྱ་གར་དབུས་རིག་གཞུང་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་མ་ཟད། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ Mahesh Sharma མཆོག་དང་མཇལ་འཕྲད་གནང་ཡོད། ལྷག་དོན་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་ཀྱི་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་རྒྱ་གར་དང་ཤྲི་ལངྒ་ཀ།  བྷང་ལ་དེ་ཤ། སིང་གྷ་པོར།  བལ་ཡུལ། མ་ལ་ཤི་ཡ་ལ་སོགས་པའི་ཁྱོན་རྒྱལ་ཁབ་འདྲ་མིན་ ༣༥ ཙམ་གྱི་ནང་པའི་དབུ་བླ་ ༡༠༠༠ ལྷག་ཆེད་ཕེབས་གནང་ཡོད་པ་རེད། གནད་དོན་དེའི་ཐོག་ལ་རྒྱ་ནག་གཞུང་གི་ངོས་ནས་ཁ་སང་ཚེས་ ༢༠ ཉིན་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hua Chunying ཟེར་བས་རྒྱ་གར་གཞུང་གི་ངོས་ནས་རྒྱ་ནག་གིས་དགག་བྱ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་ཏཱ་ལའི་བླ་མ་གདན་ཞུ་བྱས་ཡོད་སྟབས། གནད་དོན་དེའི་ཐོག་ནས་རྒྱ་ནག་ལ་བློ་ཕམ་དང་དགག་པ་ཤུགས་ཆེ་ཡོད་པ་བརྗོད་འདུག རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་ལ་ཏཱ་ལའི་རུ་ཚོགས་ཀྱིས་རྒྱ་ནག་ཁ་བྲལ་གཏོང་རྒྱུར་ངན་སེམས་བཅངས་ཡོད་སྐོར་སོགས་བཤད་པ་དང་འབྲེལ་རྒྱ་གར་གཞུང་གི་ངོས་ནས་བོད་དོན་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་བདག་དབང་སོགས་ཀྱི་ཐོག་དོ་ཕོག་མི་འགྲོ་བ་གནང་དགོས་གལ་ཡིན་བཤད་ཡོད། ༸གོང་ས་མཆོག་ན་ལེནྡྲའི་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཟིན་རྗེས་རྒྱ་གར་གྱི་ Madhya Pradesh མངའ་སྡེ་གཞུང་གི་དཔོན་རིགས་མཐོ་གྲས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་བདེ་སྐྱིད་སྐོར་བཀའ་སློབ་བསྩལ་གནང་ཡོད་པ་རེད། དེ་བཞིན་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེ་གཞུང་གིས་གོ་སྒྲིག་ཞུས་པའི་  Namami Devi Narmade-Sewa Yatra   ཞེས་པའི་རྒྱུག་ཆུ་གཙང་བཟོ་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ལས་རིམ་ཐོག་དབུ་བཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་བའི་ཁྲོད། རྒྱ་གར་ཡུལ་གྱི་དཔལ་འབྱོར་ལམ་ལུགས་འདི་གཙོ་ཆེ་ཞིང་ལས་ཐོན་ཁུངས་ལ་ཤུགས་ཆེ་བརྟེན་པ་ཞིག་ཡིན་སྟབས་སོ་ནམ་པ་གྲོང་གསེབ་ཀྱི་ས་ཁུལ་ཡར་རྒྱས་བཏང་གཏོང་པའི་ཐོག་ནས་རྒྱ་གར་རྒྱལ་ཡོངས་ལ་ཡར་རྒྱས་གཏང་ཐུབ་རྒྱུ་ཡིན་པ་བཀའ་བསྩལ་འདུག དེ་རྗེས་༸གོང་ས་མཆོག་གིས་ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་ UttarPradesh མངའ་སྡེའི་ Mathura གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ Sri Udasin Karshni Ashram དུ་ཆིབས་བསྒྱུར་གྱིས་དེའི་བླ་ཆེན་ Swami Karshni Guruasharanandaji Maharaj མཆོག་དང་ལྷན་ཉིན་དགུང་ལྗགས་སྨིན་བཞེས་གྲུབ་རྗེས་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་ཀྱང་གནང་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིའི་རྒྱ་གར་གྱི་མངའ་སྡེ་གསུམ་ནང་གི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་རྒྱབ་ཚོུད་ ༢།༥༠ ཙམ་ལ་བཞུགས་སྒར་དུ་ཚུར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། མཛད་འཆར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ Guwahati ནང་དུ་ཆིབས་བསྒྱུར་མཛད་རྒྱུ་དང་། དེ་རྗེས་ཚེས་ ༥ ནས་ ༧ བར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་དང་། དེ་བཞིན་ཚེས་ ༡༠ ཉིན་ Dirang དང་ཚེས་ ༡༡ ཉིན་བྷུམ་དི་ལ་དང་། དེ་མཚུངས་སུ་ཚེས་ ༡༢ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ Itanagar བཅས་ཀྱི་ནང་དུ་ཆོས་འབྲེལ་བསྐྱང་གཏན་འཁེལ་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་༸གོང་ས་མཆོག་མོན་རྟ་དབང་ལ་ཆིབས་བསྒྱུར་མཛད་རྒྱུ་དང་འབྲེལ་རྒྱ་གར་གཞུང་ལ་སྐྱོན་བརྗོད་རབས་དང་རིམ་པ་བྱས་པ་མ་ཟད། ད་དུང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད་ཀྱང་། རྒྱ་གར་གཞུང་གིས་རྒྱ་ནག་ནས་ཉེན་བརྡ་བཏང་པར་ལྟོས་མེད་ཀྱིས་གནད་དོན་དེའི་ཐོག་རྒྱ་གར་གཞུང་གི་འཛིན་པའི་སྲིད་བྱུས་དེ་ཡོངས་གྲགས་ཡིན་པ་དང་། དེར་འགྱུར་བ་གང་ཡང་མེད་པ་མ་ཟད། ༸གོང་ས་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཕེབས་ཀྱང་དེར་ཐེ་བྱུས་གང་ཡང་མེད་སྐོར་ནན་བརྗོད་གནང་ཡོད་པ་རེད།

མཆིན་པའི་གཉན་ཚད་དང་ཊི་སྦི། སྐྲན་ནད་བཅས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་།

དེ་རིང་ཟླ་ ༣ ཚེས་ ༢༡ ཉིན་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཐོག་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྔོན་རྩིས་ཐོག་བགྲོ་གླེང་གནང་སྐབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་མཆིན་པའི་གཉན་ཚད་དང་ཊི་སྦི། དེ་བཞིན་སྐྲན་ནད་བཅས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་། དེའང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་སྔ་དྲོའི་ཚོགས་དུས་སྐབས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྩིས་ལོ་ ༢༠༡༧་་་༡༨ ལོའི་སྔོན་རྩིས་འཆར་འབུལ་ཞུས་པ་ལས། དམིགས་བསལ་དང་ཟུར་བཀོལ་ཐོག་སྔོན་རྩིས་ཞུས་པའི་ལས་འཆར་རིམ་པར་བགྲོ་གླེང་གནང་ཚེ་གྲོས་ཚོགས་ཀྱི་འཐུས་མི་རྣམས་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ནད་རིགས་སྔོན་འགོག་དང་། ཁོར་ཡུག་གཙང་བཟོའི་ལས་འཆར། འཕྲོད་ལས་པའི་བདེ་དོན་གཟིགས་སྐྱོང་དང་། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མངོན་དགའ་སློབ་གྲྭའི་གནས་བབས། བེུད་ཚོར་འཕྲོད་བསྟེན་གྱི་སློབ་གསོའི་ལས་འཆར་སོགས་ཀྱི་ཐད་ཚོར་ཤུགས་ཆེན་པོས་གླེང་སློང་དང་དྲི་བ་དྲིས་ལན་བཅས་གནང་སོང་། སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པའི་བཀའ་འདྲིར་བཀའ་ལན་གནང་པ་དང་འབྲེལ། སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་དང་ཊི་སྦི། དེ་བཞིན་སྐྲན་ནད་བཅས་ནི་ནད་གཞི་ཛ་དྲག་ཆེ་ཤོས་ཆགས་ཡོད་པ་གསུངས་སོང་བ་དང་། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་མཆིན་པའི་གཉན་ཚད་གྲངས་འབོར་ལ་གཞིགས་ཚེ་བོད་མི་གྲངས་འབོར་དགུ་དང་བརྒྱད་བར་ལ་མཆིན་པའི་གཉན་ཚད་ཕོག་པ་ཆགས་ཀྱི་འདུག་ཅེས་གསུངས་ཡོད། རྩ་བའི་འདི་ལོའི་འཕྲོད་བསྟེན་ལས་ཁུངས་ནས་གྲོས་ཚོགས་སུ་སྔོན་རྩིས་འཆར་འབུལ་ཞུས་པའི་ནང་མཆིན་པའི་གཉན་ཚད་ཀྱི་ལས་འཆར་ཆེད་ཧིན་སྒོར་འབུམ་ ༡༢ ལྷག་ཙམ་དང་། དེ་བཞིན་ཊི་སྦིའི་ནད་གཞིའི་སྔོན་འགོག་དང་བརྟག་དཔྱད་ཆེད་ཧིན་སྒོར་འབུམ་ ༢༢ ལྷག་ཙམ་འཆར་འབུལ་ཞུས་འདུག ཤེས་རྟོགས་བྱུང་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལ་གཉན་ནད་རེག་དུག་ཡོད་པ་དང་དེའི་གྲངས་འབོར་དེ་ ༣༨ ལྷག་ཙམ་ཡིན་པ་དང་། དེ་བཞིན་སྨྱོ་རྫས་ངན་གོམས་ཡོད་པའི་གྲངས་འབོར་དེ་ ༤༤ ལྷག་ཙམ་ཆགས་ཀྱི་འདུག འཕྲོད་བསྟེན་ལས་ཁུངས་ནས་འདི་ལོའི་སྔོན་རྩིས་ནངགཉན་ནད་རེག་དུག་གི་ནད་གཞི་སྔོན་འགོག་ཆེད་ཧིན་སྒོར་འབུམ་ ༡༥ ལྷག་དང་། དེ་བཞིན་སྨྱོ་རྫས་ངན་གོམས་སྔོན་འགོག་ཆེད་ཧིན་སྒོར་འབུམ་ ༢༠ ལྷག་ཙམ་འཆར་འབུལ་ཞུས་འདུག

Latest news