Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2017

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་དེ་ཧུན་སུར་བོད་མི་རྣམས་ལ་བོག་གཏོང་གནང་རྒྱུའི་ཁྲིམས་མཐུན་གྱི་གན་རྒྱར་ས་རྟགས་བཀོད་པ།

རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ལོར་གཏན་འབེབས་གནང་པའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པའི་དགོངས་དོན་འོག རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཆ་ཨེ་ཀར་ ༢༢༠༠ ཡོད་པ་དེ་དག་བསྐྱར་དུ་ཁྲིམས་མཐུན་བོག་མར་གཏོང་རྒྱུའི་གན་རྒྱར་ས་རྟགས་བཀོད་པའི་མཛད་སྒོ་ཞིག་དེ་རིང་ཚེས་ ༤ ཉིན་ཕྱི་དྲོ་ཚོུད་ ༣ སྟེང་ཧུར་གཞིས་ཆགས་ཀྱི་མི་མང་ཚོགས་ཁང་དུ་ཚོགས་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དབུ་བཞུགས་ཀྱིས་ཧུན་སུར་ས་གནས་རྫོང་དཔོན་དང་ཤིང་ནགས་ལས་ཁུངས་དང་ས་ཞིང་ལས་ཁུངས་གཉིས་ཀྱི་ས་གནས་འགོ་འཛིན། དེ་བཞིན་མི་མང་བཅས་ཚང་འཛོམས་ཐོག་ཧུན་སུར་གཞིས་འགོ་རྡོ་རྗེ་རིག་འཛིན་ལགས་དང་མངའ་སྡེ་ས་གནས་རྫོང་དཔོན་རན་རྡི་ཇི་དབར་གན་རྒྱར་ས་རྟགས་བཀོད་ཡོད་པ་རེད། བཙན་བྱོལ་ནང་གི་བོད་མིའི་སོ་ནམ་གཞིས་ཆགས་ཁག་ལ་དེ་སྔ་རྒྱ་གར་གཞུང་ནས་ས་ཞིང་བདག་དབང་ཡོད་པའི་ས་ཐོ་ལག་འཛིན་ཞེས་པའི་ཁྲིམས་མཐུན་ངོ་སྤྲོད་ལག་འཁྱེར་དེ་མེད་པར་བརྟེན་རྒྱ་གར་དབུས་གཞུང་གི་སོ་ནམ་ལས་ཁུངས་ནས་རྒྱ་གར་ཡུལ་མི་ཚོར་སོ་ནམ་ཞིང་ལས་དང་འབྲེལ་བའི་རོགས་དངུལ་མཐུན་འགྱུར་གནང་དོན་ལྟར་བོད་རྣམས་ལ་གང་ཡང་རག་གི་མེད་པ་རེད་འདུག འོན་ཀྱང་ད་རེས་ཁྲིམས་མཐུན་གྱི་གན་རྒྱ་དེ་བཞག་པར་བརྟེན་བོད་རྣམས་ལ་རྒྱ་གར་གྱི་ཡུལ་མི་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་ཁག་རག་ངེས་ཡིན་པ་རེད་འདུག བོད་མིར་ས་ཞིང་བོག་གཏོང་གན་རྒྱ་དང་འབྲེལ་བའི་རྩ་འཛིན་ལ་གཞིགས་ན། མ་འོངས་པར་བོད་མི་སྐྱབས་བཅོལ་བས་བེད་སྤྱོད་བྱེད་བཞིན་པའི་ས་ཆར་འགོག་རྐྱེན་རིགས་གང་ཡང་བཟོ་ཆོག་གི་མེད་པ་དང་། ཅི་སྟེ་རྒྱ་གར་གཞུང་ཁྲིམས་ཁང་ཞིག་ནས་དགོས་པའི་དབང་གིས་བཀའ་རྒྱ་ལ་བརྟེན་ནས་ས་ཆའི་དབང་འཕྲོག་པའི་གནས་སྟངས་བྱུང་ཚེ་མངའ་སྡེ་གཞུང་ནས་བོད་མིར་ས་ཆ་དེ་དང་ཚད་གཞི་མཉམ་པའམ་དེ་ལས་ཆེ་བ་སྤྲོད་ནས་གནས་སྤོ་བྱེད་དགོས་པ།   དེ་བཞིན་ས་ཆའི་ཐད་གནས་རྒྱ་གར་ཡུལ་མི་དང་མི་མཐུན་པ་མི་ཡོང་ཆེད་རྫོང་དཔོན་ལས་ཁུངས་ནས་ར་བ་སྐོར་ཏེ་ས་མཚམས་བཟོ་དགོས་པ་སོགས་ཀྱི་གཙོས་དགོས་མཁོར་གཞིགས་པའི་ས་ཆ་འཕར་མ་སྤྲོད་རྒྱུར་དགོངས་བཞེས་ཆོག་པ་བཅས་འཁོད་ཡོད་པ་རེད། གཞི་རྩའི་སྔ་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་གྷོ་འདོད་རྒུ་གླིང་དུ་འབྲས་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་དབུ་བཞུགས་མཛད་པ་དང་སྟབས་བསྟུན་ས་གནས་རྫོང་དཔོན་དང་མོན་གྷོ་ས་གནས་འགོ་འཛིན་དབར་གན་རྒྱར་ས་རྟགས་བཀོད་གནང་ཡོད་པ་རེད། ད་རེས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་བོག་གཏོང་གནང་རྒྱུའི་ཁྲིམས་མཐུན་གན་རྒྱ་བཞག་པ་དེ་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁྲོད་གཉིས་པ་དེ་ཆགས་ཡོད་པ་རེད། རྩ་བའི་བོག་གཏོང་གི་གན་རྒྱ་འདི་ནི་དུས་ཡུན་ལོ་ ༢༠ རིང་ཡིན་པ་དང་དེ་རྗེས་བསྐྱར་དུ་མངའ་སྡེ་གཞུང་མཉམ་དུ་གན་རྒྱ་བསྐྱར་གསོ་གནང་དགོས་ཀྱི་ཡོད་པ་རེད།  

རེས་གཟའ་མིག་དམར། ༢༠༡༧།༠༤།༠༤

ཉན་པ།: Listen ཕབ་ལེན། Download གནམ་གཤིས་རྐྱེན་༸གོང་ས་མཆོག་རྟ་དབང་དུ་ཆིབས་སྒྱུར་བསྐྱངས་ཐུབ་མི་འདུག ༸གོང་ས་མཆོག་གིས་ཞི་ཅིང་ཕིང་གི་བློས་འཁེལ་བའི་གྲོགས་པ་དེ་འདྲ་བརྒྱུད་༸གང་ཉིད་མཆོག་དང་འབྲེལ་བ་བྱུང་ཡོད་པ་བཀའ་གནང་འདུག རྒྱ་གཞུང་ནས་སྤྱི་ཚོགས་དྲ་བ་རྒྱ་བརྒྱུད་མང་ཚོགས་ཀྱི་བྱེད་སྒོར་ལྟ་སྲུང་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག སྙན་དེབ་ཟ་རི་ཟི་རི། རྒྱ་གར་གཞུང་ནས་ཧོན་སོར་གཞིས་ཆགས་བོག་གཏོང་གནང་རྒྱུའི་གན་རྒྱར་མཚན་རྟགས་བཀོད་པ། Tuesday 04/04/2017 Severe weather forces change in Dalai Lama’s Tawang visit Dalai Lama speaks to Tibetans in Dibrugarh, remarks on contacts with Xi Jinping Article highlights China’s control on social media Interview with Bhuchung D Sonam on his newly released Tibetan poetry book Hunsur Rabgyeling signs lease agreement with government of India

༸གོང་ས་མཆོག་གིས་ཞི་ཅིང་ཕིང་གི་བློ་འཁེལ་བའི་གྲོགས་པོ་དེ་འདྲ་བརྒྱུད་ནས་འབྲེལ་བ་བྱུང་ཡོད་པ་བཀའ་གནང་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༣ ཉིན་རྒྱབ་ཏུ་ཨ་སམ་གྱི་དྷིབ་རུ་གར་གཙུག་ལག་སློབ་གཉེར་ཁང་དུ་ཉེ་འཁྲིས་མེའོ་དང་ཏི་ཛུ། ཀྲུ་ཀྲིང་སོགས་ས་གནས་འདྲ་མིན་ནས་ཆེད་བཅར་ཞུས་པའི་བོད་རིགས་ ༥༠༠ སྐོར་ཞིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། མགོན་པོ་མཆོག་གིས་སྐབས་དེར་བོད་རྒྱ་གཉིས་ཀྱི་འབྲེལ་བའི་སྐོར་དང་འབྲེལ། ཞི་ཅིང་ཕིང་དང་པོ་སླེབས་འགྲོ་སྐབས་རེ་བ་གང་ཙམ་བཅངས་པ་ལྟར། ད་བར་ཁོང་གི་བློ་འཁེལ་བའི་གྲོགས་པོ་དེ་འདྲ་བརྒྱུད་ནས་༸གང་ཉིད་མཆོག་དང་འབྲེལ་བ་བྱུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་སྒྲིག་འཛུགས་དང་ལས་བྱེད་ཁྲོད་ཧ་ཅང་མཁྲེགས་བཟུང་གནང་མཁན་ཡོད་པ་ཤེས་རྟོགས་བྱུང་ནས་ཞི་ཅིང་ཕིང་མི་རང་ཧང་སང་དགོས་པའི་གནས་ཚུལ་ཡང་བྱུང་ཡོད་པ་བཀའ་གནང་འདུག འོན་ཀྱང་༸གོང་ས་མཆོག་གིས་འདི་ལོའི་ལོ་མཇུག་ཏུ་ཏང་གི་ཚོགས་ཆེན་ ༡༩ པ་དེ་འཚོགས་འཆར་ཡོད་པ་དེའི་ཐོག་ནས་དཔོན་རིགས་རྒན་པ་ཁག་ཅིག་གི་ཚབ་ཏུ་ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་མྱོང་མཁན་མི་རབས་གཞོན་པ་ཚོ་སླེབས་ནས་རིམ་པས་རྒྱ་ནག་ནང་ལ་འགྱུར་བ་ཏན་ཏན་ཡོང་ངེས་ཡིན་སྐོར་བཀའ་སློབ་བསྩལ་བ་དང་། ལྷག་པར་དུ་༸གོང་ས་མཆོག་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་ནས་འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་ལ་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པ་གནས་ཡོད་པར་བསྔགས་བརྗོད་དང་སྦྲགས། དེ་རིང་སང་ཉིན་འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་བ་དང་སྒོས་སུ་རྒྱ་རིགས་མང་ཚོགས་ནང་ལ་བོད་ཀྱི་བདེན་དོན་ཤེས་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། བདེན་པའི་ནུས་པ་དེ་རིམ་པས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་སོང་ཙང། བོད་མི་ཚོས་ད་བར་ལོ་ལྔ་བཅུ་ལྔ་གྲངས་ཕྱིན་སོང་ད་ང་ཚོ་གང་ཡང་ཡོང་བ་མི་འདུག་བསམ་ནས་སེམས་ཞུམ་ནས་སེམས་ཤུགས་ནམ་ཡང་ཆག་རྒྱུ་མེད་པ་ལམ་སྟོན་རྒྱ་ཆེ་བསྩལ་འདུག རྩ་བའི་ཁ་སང་སྔ་ཐོག་༸གོང་ས་མཆོག་ནས་ཁུལ་དེའི་ Dibrugarh གཙུག་ལག་སློབ་གཉེར་ཁང་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་དགེ་ལས་སློབ་མ་ཆིག་སྟོང་ཙམ་ཞིག་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་གལ་ཡིན་པ་དང་། བྱམས་སྙིང་རྗེའི་ཕན་ཡོན། དེང་གི་ཤེས་ཡོན་ལམ་ལུགས་ནང་མི་ཚང་བའི་སྟོང་ཆ་ཇི་ཡོད་སོགས་ཀྱི་ཐོག་ལམ་སྟོན་བཀའ་སློབ་བསྩལ་འདུག དེ་ཡང་སྐབས་དེར་མགོན་པོ་མཆོག་གིས་འཛམ་གླིང་སྟེང་གི་ཆོས་ལུགས་གཙོ་ཆེ་མང་ཆེ་བས་བསླབ་བྱ་གཙོ་བོ་བྱམས་པ་དང་སྙིང་རྗེ་ཡིན་པ་གཅིག་མཚུངས་ཡིན་པ་ལམ་སྟོན་གནང་པ་སྦྲགས། ནང་སེམས་ཀྱི་བདེ་སྐྱིད་རྩ་བ་ཐུག་ས་དེ་བྱམས་པ་དང་སྙིང་རྗེ་གཉིས་ཡིན་པ་མ་ཟད། དེང་སང་ཚན་རིག་གི་ཞིབ་འཇུག་ནང་ཇི་ཙམ་གྱི་སེམས་ཞི་བདེ་ཡོད་པ་དེ་ཚོད་ཀྱིས་ལུས་བདེ་ཐང་གི་ཁྱད་པར་ཡོང་གི་ཡོད་པ་ཚན་རིག་གི་གྲུབ་དོན་སྐོར་ལ་བཀའ་སློབ་བསྩལ་ཡོད་པ་རེད། དེ་དེ་བཞིན་༸གོང་ས་མཆོག་གིས་དྷིབ་རུ་གར་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་མ་རྣམས་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་གལ་གནད་སྐོར་དང་འབྲེལ། ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་མི་རང་གིས་བཟོས་པ་ཤ་སྟག་ཆགས་ཀྱི་ཡོད་པ་རེད། ངའི་རྒྱལ་ཁབ་དང་ངའི་མི་རིགས། ང་ཚོ་ཕྱུག་པོ་དང་ཁོང་ཚོ་དབུལ་ཕོངས་ཞེས་སོགས་རིམ་པ་གཉིས་པའི་ཐོག་བསམ་གཏོང་ཤུགས་ཆེ་དྲག་པས་རྐྱེན་གྱིས་ཡིན་ཞིང། དེར་རྟེན་ང་ཚོ་དཀའ་ངལ་དེ་ལས་ཐར་ཐབས་གཙོ་བོ་ནི་མི་གཞན་ཕུན་ཚུན་དབར་ལ་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་དགོས་པ་རེད་ཅེས་བཀའ་སློབ་ནན་པོ་བསྩལ་འདུག ཁྱད་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་ལྟེ་གནས་ཁང་དེའི་དགེ་སློབ་རྣམས་ལ་གལ་ཏེ་ང་ཚོས་ད་ལྟའི་ཤེས་ཡོན་ལམ་ལུགས་ཁོངས་སུ་ཆོས་དང་མ་འབྲེལ་བའི་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་སྤེལ་གཏོང་བའི་བསླབ་བྱའི་རིགས་མ་བཅུག་ཚེ་ཡོང་རྒྱུ་འདས་པའི་མི་རབས་དེ་དཔལ་འབྱོར་དང་དབང་ཆ་འཐབ་རྩོད་ཁོ་ནའི་ཐོག་བསྐྱོད་རྒྱུ་ཉག་གཅིག་ཡིན་པ་སོགས་ལམ་སྟོན་བཀའ་སློབ་བསྩལ་བ་དང་། དེའི་རྗེས་སུ་སློབ་མ་ཚོ་དང་ལྷན་དུ་དྲི་བ་འདྲི་ལན་བཅས་མཛད་འདུག    

༸གོང་ས་མཆོག་གི་རྟ་དབང་ཁུལ་གྱི་མཛད་འཆར་ལ་འགྱུར་བ་ཕྱིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་རྟ་དབང་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ཀྱི་ཡོད་ཀྱང་། གློ་བུར་དུ་མགོན་པོ་མཆོག་གི་མཛད་འཆར་ཁྱོན་ཡོངས་ལ་འགྱུར་བ་ཕྱིན་འདུག མཛད་འཆར་ཁག་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་ཚོུད་ ༩།༠༠ ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ཁུལ་དུ་༸ཞབས་སོར་འཁོད་གནང་མཛད་ཀྱི་ཡོད་ཀྱང་། ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཧ་ཊི་ཁུལ་དང་དེ་བཞིན་རྟ་དབང་ཁུལ་བཅས་སུ་གནམ་གཤིས་ལེགས་པོ་མེད་པར་བརྟེན་གྷོ་ཧ་ཊི་གྲོང་ཁྱེར་ནས་ཐད་ཕུར་གནམ་གྲུ་ཕུར་མ་ཐུབ་པས་མགོན་པོ་༸གང་ཉིད་མཆོག་དེ་རིང་རྟ་དབང་ཁུལ་དུ་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད། ༸གོང་ས་མཆོག་གི་མཛད་འཆར་ཁག་སྔོན་འགྲིག་ལྟར་གཞིགས་ཚེ། དེ་རིང་སྔ་དྲོ་༸གོང་ས་མཆོག་ཨ་སམ་གྱི་གྷོ་ཧ་ཊི་གྲོང་ཁྱེར་ནས་ཐད་ཕུར་གནམ་གྲུ་བརྒྱུད་ལུམ་ལ་༸ཞབས་སོར་བདེ་བར་འཁོད་གནང་མཛད་ལུམ་ལ་ས་གནས་སུ་གསར་བཞེངས་གནང་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ་དང་དེ་རྗེས་རྟ་དབང་དགོན་པར་ཆིབས་ཞལ་བསྒྱུར་གནང་གིས་ཚེས་ ༥ ནས་ ༧ བར་བཅས་ཉིན་གསུམ་རིང་རྟ་དབང་ཁུལ་གྱི་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་མཛད་ཀྱི་ཡོད་སྟབས།  རྟ་དབང་ས་གནས་ཀྱི་ཉེ་འཁོར་འབྲུག་དང་། འབུམ་སྡེ་ལ། དེ་བཞིན་སྡེ་རང་སོགས་ནས་ཆོས་ཞུ་བ་ཧ་ཅང་མང་པོ་ཆེད་བཅར་ཞུ་གྱི་འདུག་པ་དང་། ལྷག་དོན་ད་རེས་མགོན་པོ་༸གང་ཉིད་མཆོག་རྟ་དབང་ཁུལ་གྱི་ཆིབས་བསྒྱུར་དེའི་སླད་དུ་མངའ་སྡེ་གཞུང་གིས་ཉེ་འཁོར་ས་གནས་གང་སར་སྐུ་སྲུང་བ་ཧ་ཅང་མང་པོ་འགྲེམས་འཇོག་གནང་འདུག་པ་མ་ཟད། ཕྱི་ནང་གི་དད་ལྡན་མང་ཚོགས་ཚོས་ཕེབས་ལམ་གཡས་གཡོན་དུ་རླུང་རྟ་དང་ནང་པའི་ཆོས་དར་སྒྲེང་འཛུགས། དེ་བཞིན་༸གོང་ས་མཆོག་ལ་བསྟོད་ཚིག་གི་འཕྲེད་དར་འཕྱར་བ།  ཕེབས་ལམ་དུ་བཀྲིས་རྟགས་བརྒྱད་དང་ཆོས་མཛད་སོགས་བཤམ་པ་དང་། ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་དགའ་དད་སྤྲོ་གསུམ་འཁོད་པའི་ཐོག་ནས་ཕེབས་བསུའི་སེར་བང་སྒྲིག་བཞིན་འདུག ད་ལྟ་བར་ཐུགས་གཏན་འཁེལ་བའི་མཛད་འཆར་ལྟར་ན། དེ་རིང་༸གོང་ས་མཆོག་གི་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊི་ནས་ཕེབས་ལམ་བརྒྱུད་འབུམ་སྡེ་ལར་༸ཞབས་སོར་འཁོད་གནང་རྒྱུ་དང། སང་ཚེས་ ༥ ཉིན་འབུམ་སྡེ་ལའི་སངས་རྒྱས་ཀྱི་སྐྱེད་ཚལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་བཀྲིན་བསྩལ་རྒྱུ་དང་། དེ་རྗེས་སྡེ་རང་དང་མཐར་རྟ་དབང་བཅས་སུ་ཆིབས་བསྒྱུར་མཛད་རྒྱུའི་མཛད་འཆར་ཐུགས་གཏན་འཁེལ་འདུག གཞི་རྩའི་ཨ་སམ་གྱི་གྲོང་ཁྱེར་གྷོ་ཧ་ཊི་ནས་ཕེབས་ལམ་བརྒྱུད་འབུམ་སྡེ་ལ་བར་ཚོུད་ ༡༠ འགྲུལ་བཞུད་གནང་དགོས་པ་དང་། འབུམ་སྡེ་ལ་ནས་རྟ་དབང་བར་ཚོུད་ ༡༠ ལྷག་འགྲུལ་བཞུད་གནང་དགོས་ཀྱི་ཡོད་པ་རེད། ད་རེས་༸གོང་ས་མཆོག་གི་ཆོས་འབྲེལ་བསྐྱང་ཡུལ་གྱི་སྡེ་རང་ས་ཁུལ་དེ་འབུམ་སྡེ་ལ་དང་རྟ་དབང་གཉིས་ཀྱི་བར་ལ་ཆགས་ཡོད་པ་རེད།

བོད་པའི་བྱིས་པ་ཚོའི་ཁྲོད་གློ་ནད་རྩ་འགོག་གཏོང་རྒྱུའི་ལས་གཞི་དབུ་འབྱེད་གནང་པ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དང་ཨ་རིའི་ John Hopkins གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་འོག བོད་པའི་བྱིས་པ་ཚོའི་ཁྲོད་དུ་གློ་ནད་རྩ་འགོག་གཏོང་རྒྱུའི་ལས་འཆར་དབུ་འཛུགས་དང་སྦྲགས། ༢༠༣༥ གོང་དུ་ནད་གཞི་དེ་རྩ་འགོག་ཐུབ་རྒྱུའི་གདེང་ཚོད་ཡོད་པ་གསུངས་སོང་། དེ་རིང་ཟླ་ ༤ ཚེས་ ༣ ཉིན་སྔ་དྲོ་ཚོུད་ ༡༠།༣༠ སྟེང་བདེ་ལེགས་སྨན་ཁང་གིས་གོ་སྒྲིག་འོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རྒྱལ་ལགས་ཆེད་དུ་གདན་ཞུ་ཕུལ་བའི་ཐོག བོད་པའི་བྱིས་པ་ཚོའི་ཁྲོད་དུ་གློ་ནད་རྩ་འགོག་གཏོང་རྒྱུའི་ལས་འཆར་ངོ་སྤྲོད་དང་འབྲེལ་ལྷན་ཚོགས་ཤིག་ཚོགས་གནང་སོང་བ་དང་། ལས་འཆར་དབུ་འབྱེད་ཀྱི་མཛད་སྒོར་བདེ་ལེགས་སྨན་ཁང་གི་སྤྱི་ཁྱབ་སྨན་པ་ས་རྡུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང། John Hopkins གཙུག་ལག་སློབ་གཉེར་ཁང་གི་སྐུ་ཚབ་སྨན་པ་དཀོན་མཆོག་རྡོ་རྗེ་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་དང་ཤེས་ཡོན་འགན་འཛིན། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་གྱི་འགན་འཛིན། གཞན་ཡང་ཧི་མཱ་ཅལ་མངའ་ཁུལ་གྱི་སཾ་བྷོ་ཊའི་འགན་འཛིན་གཞོན་པ་མཆོག་དང་བོད་ཁྱིམ་ཁག་གི་སློབ་སྤྱི་དང་སྨན་ཞབས་པ་དང་འཕྲོད་ལས་པ་སོགས་ཆེད་ཕེབས་གནང་འདུག ཚོགས་འདུའི་ཐོག་མར་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཐེངས་འདིའི་ལས་འཆར་གྱི་ངོ་བོ་དང་དེར་གཞུང་མང་གཉིས་ནས་རྒྱབ་སྐྱོར་དགོས་གལ་ཡིན་པ་སོགས་ངོ་སྤྲོད་གནང་སོང་བ་དང་། ད་དུང་ཁོང་གིས་མུ་མཐུད་གསུངས་པར་ད་ལན་གྱི་ལས་གཞི་དེའི་ཆེད་དུ་ལོ་དང་པོར་ཨ་སྒོར་ ༨༥༠༠༠ ཙམ་འགྲོ་གྲོན་གཏང་རྒྱུ་ཡིན་པ་དང་། དེའང་ཐོག་མར་རྡ་ཤོད་བོད་ཁྱིམ་ནས་དབུ་འཛུགས་ཀྱིས་ཧི་མཱ་ཅལ་མངའ་ཁུལ་གྱི་བོད་སློབ་ཁག་དང་རིམ་པས་རྡེ་ར་རྡུན་ཁུལ་གྱི་བོད་སློབ་ཁག་བཅས་རིམ་བཞིན་སྤེལ་རྒྱུ་ཡིན་པ་རེད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལས་འཆར་དེ་དང་འབྲེལ་བའི་ཐོག་ལ་གསུང་འཕྲིན་བསྩལ་བའི་ནང་མགོན་པོ་༸གང་ཉིད་མཆོག་གིས་གློ་ནད་དེ་བཅོས་ཐབས་དང་རྩ་འགོག་གཏོང་ཐུབ་རྒྱུ་ཡོད་པ་ཞིག་ཡིན་སྟབས། དེ་ལྟར་གནང་དགོས་གལ་ཡིན་པ་སོགས་ཀྱི་ལམ་སྟོན་ཕེབས་འདུག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་བདེ་ལེགས་སྨན་ཁང་གི་དམིགས་བསལ་ལས་འཆར་འདིར་བསྔགས་བརྗོད་དང་འབྲེལ། ད་ལན་གྱི་ལས་འཆར་འདི་ཧི་མཱ་ཅལ་མངའ་ཁུལ་དུ་ཡོད་པའི་བོད་སློབ་ཁག་གི་ནང་ནས་དབུ་འཛུགས་ཀྱིས་སློབ་ཕྲུག་ཚོའི་ནང་ལ་གློ་ནད་རྩ་མེད་གཏོང་རྒྱུ་ཡིན་ཅེས་གསུངས་དོན་ལྟར་དེའི་ཐོག་ལ་དུས་ཚོད་ངེས་ཅན་ཞིག་ཚད་བཀག་གནང་ཐུབ་དགོས་གལ་ཡིན་པ་གསུངས་སོང་བ་མ་ཟད། སློབ་གྲྭ་སོ་སོའི་ནང་རྟགས་དཔྱད་སོགས་ཀྱི་ལས་གཞི་དང་འབྲེལ་བའི་སྙན་ཐོ་ཤེས་རིག་གཙོས་བོད་མིའི་སྒྲིགས་འཛུགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ངེས་འབུལ་ཡོང་བའི་སྐུལ་མ་ཡང་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཚེ་རྒྱལ་ལགས་ཀྱིས་གློ་ནད་འདི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གདོང་ལེན་ཆེ་ཤོས་བྱ་དགོས་པའི་ནད་གཞི་དང་བོད་པའི་སྤྱི་ཚོགས་ཁྲོད་དུ་ཛ་དྲག་དང་དཀའ་ངལ་ཆེ་བའི་ནད་གཞི་ཞིག་ཆགས་ཡོད་ཅེས་གསུངས་པ་དང་འབྲེལ། ཐེངས་འདིའི་ལས་གཞི་འདི་དུས་ཀྱི་དགོས་མཁོ་དང་འཚམ་པའི་ལས་གཞི་རླབས་ཆེན་ཞིག་ལ་འགྲེལ་བརྗོད་གནང་སོང་། ལྷག་དོན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ལས་གཞི་དེར་ཕྱར་བ་གྲུ་འདེགས་ཀྱིས་སྒོ་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུ་ཡིན་པར་ཞལ་བཞེས་གནང་སོང་། སྐུ་ཞབས་ཚེ་རྒྱལ་ལགས་ཀྱིས་མུ་མཐུད་གསུངས་པར་ ༡༩༩༨ ལོར་ཁྱད་ལས་མི་སྣས་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་སྤེལ་གནང་པ་ལས་བོད་པའི་སྤྱི་ཚོགས་ཁྲོད་ནས་གློ་ནད་འམ་ཊི་སྦི་ནད་གཞི་ཤུགས་ཆེ་བ་ཕོག་མཁན་གྲྭ་བཙུན་རྣམ་པ་དང་། སློབ་ཕྲུག དེ་བཞིན་དགུན་ཚོང་གཉེར་མཁན་བོད་མི་དེ་དག་ཆགས་ཡོད་པ་དང་། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་ནས་གློ་ནད་ཐོག་སྨན་སྦྱིན་ཞུ་མཁན་ ༢༩༡ ཙམ་ཡོད་སྐོར་འགྲེལ་བརྗོད་གནང་སོང་། རྩ་བའི་དེ་རིང་གི་ལྷན་ཚོགས་དེའི་ཐོག་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ལས་གཞི་དེའི་བརྒྱུད་རིམ་དང་ལྷག་པར་དུ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཁྱབ་སྤེལ་འགྲོ་སྟངས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་དང་། ཁོང་གི་གསུངས་པར་གཞིགས་ན། བོད་མིའི་སྤྱི་ཚོགས་ནང་དུ་གློ་ནད་ཕོག་མཁན་གྱི་གྲངས་འབོར་དེ་བོད་མི་འབུམ་གཅིག་ཡོད་པ་ལས་བོད་མི་ ༤༠༠ ཙམ་ཆགས་ཀྱི་ཡོད་པ་དེ་ནི་རྒྱ་གར་གྱི་སྤྱི་ཚོགས་དང་བསྡུར་ན་ཆེས་དངངས་སྐྲག་སྐྱེས་གཞི་ཆགས་ཡོད་པ་གསུངས་སོང་།

བྱང་ཤར་ཁུལ་གྱི་བོད་མི་རྣམས་ལ་ཐུགས་མཐུན་ཁྲིམས་གཙང་དང་བུ་ཕྲུག་དག་ལ་བོད་ཡིག་སློབ་སྦྱོང་སྤྲད་དགོས་པའི་ལམ་སྟོན་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ Assam མངའ་ཁུལ་གྱི་གྲོང་ཁྱེར་ཆེ་གྲས་ Guwahati ནང་དུ་མཛད་འཕྲིན་སྐྱོང་བཞིན་པ་དང་བསྟུན། ཁ་སང་ཚེས་ ༢ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ཤི་ལོངས་དང་ཨི་ཊ་ནཱགར་སོགས་བྱང་ཤར་ཁུལ་གྱི་བོད་མི་ ༤༠༠ སྐོར་ཞིག་ལ་དམིགས་བསལ་མཇལ་ཁ་བསྩལ་ཡོད་པ་ལྟར་། མགོན་པོ་༸གང་ཉིད་མཆོག་གིས་བོད་མི་རྣམས་ནས་རང་ཉིད་ཀྱི་ཕྲུ་གུ་ཚོར་ངེས་པར་དུ་བོད་ཡིག་སློབ་སྦྱོང་སྤྲོད་རྒྱུ་དང་། ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་གནང་དགོས་གལ་ཡིན་པའི་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་ནས་བོད་མི་རྣམས་ལ་ང་ཚོ་ཚང་མ་ཚེ་སྔོན་མའི་ལས་དང་སྨོན་ལམ་དབང་གིས་བོད་མིར་སྐྱེས་པ་ལྟར། རྒྱལ་ཁབ་ལ་ཆག་འཇིག་འཕྲད་པའི་རྐྱེན་གྱིས་ང་ཚོ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད་པ་རེད། བོད་ནང་བོད་རིགས་སྤུན་ཟླ་མང་པོ་ད་ལྟའང་དཀའ་ངལ་མྱོང་བཞིན་ཡོད་ཀྱང་ཁོང་ཚོའི་ཆོད་སེམས་བརྟན་པོ་ཡོད་སྐོར་བཀའ་བསྩལ་དང་འབྲེལ། རྒྱ་ནག་ནང་དུ་རིམ་བཞིན་འགྱུར་བ་ཞིག་འགྲོ་བཞིན་པ་ལྟར། བོད་ལ་ཉིན་གཅིག་སྐྱིད་པའི་ཉི་མ་ཤར་རྒྱུ་ཡིན་པར་ཚང་མས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཞུམ་པ་མེད་པར་བློ་བདེ་ངང་བཞུགས་དགོས་པའི་ལམ་སྟོན་བསྩལ་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་སྔ་དྲོ་ཁུལ་དེའི་ Krishna Kanta Handiqui མཐོ་སློབ་ཀྱིས་གདན་ཞུ་ལྟར་གྷོ་ཧ་ཊི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་མི་མང་ ༡༥༠༠ ཡས་མས་ཤིག་འདུ་འཛོམས་གནང་སར་ཨ་སམ་སྐད་ཡིག་ཐོག་ཕབ་བསྒྱུར་ཞུས་པའི་༸སྐུའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་དབུ་འབྱེད་མཛད་པ་དང་འབྲེལ། དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་པ་དང། གཞན་ཡང་ཁ་སང་ཉིན་རྒྱབ་ Assam མངའ་སྡེའི་སྲིད་སྐྱོང་དང་སྤྱི་ཁྱབ་བློན་ཆེན་དེ་བཞིན་ Assam Rifles ཞེས་པའི་རྒྱ་གར་གྱི་གཞོགས་འདེགས་དཔུང་དམག་སྙིང་ཤོས་དེའི་སྤྱི་ཁྱབ་ངེས་སྟོན་པ་བཅས་ཀྱིས་ཕེབས་བསུ་ཞུས་ཐོག་ Brahmaputra འམ་ཡར་ཀླུངས་གཙང་པོའི་དུས་སྟོན་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། མཛད་ཆར་ལྟར་ན། དེ་རིང་སྔ་དྲོ་ཕྱག་ཚོད་ ༩།༣༠ ནས་ཉིན་རྒྱབ་ཕྱག་ཚོད་ ༡ བར་༸གོང་ས་མཆོག་ཨ་སམ་ Dibrugarh གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་མ་དང་། མི་མང་བཅས་པར་ Ethics in Modern Education ཞེས་དེང་གི་ཤེས་ཡོན་ནང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྗེས། སང་ཚེས་ ༤ ཉིན་ཨ་རུ་ནཱ་ཅལ་མོན་རྟ་དབང་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་ཀྱི་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༧།༠༤།༠༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་རྣམས་ལ་བཀའ་སློབ་བསྩལ་བ། བོད་ནང་གི་རིག་གནས་གསར་བརྗེ་ལ་བསྐྱར་བལྟ་ཞེས་པའི་པར་རིས་འགྲེམས་སྟོན་གནང་བཞིན་པ། མདོ་སྨད་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་གློད་བཀྲོལ་ཐོབ་འདུག ནང་སྲིད་བཀའ་བློན་མཆོག་གིས་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གཞུང་ཞབས་བགྲེས་ཤག་དབུ་འབྱེད་གནང་པ། བོད་པའི་བྱིས་པ་ཚོའི་ཁྲོད་གློ་ནད་རྩ་འགོག་གཏོང་རྒྱུའི་ལས་གཞི་དབུ་འབྱེད་གནང་སོང་། Monday 03/04/2017 Dalai Lama speaks to Tibetans in Northeast India Former Indian Foreign Minister inaugurates exhibition on Cultural Revolution in Tibet Tibetan monk prisoner from Tsenyi monastery released after 9 years Home Kalon inaugurates newly built quarters for retired CTA staff Project to eliminate TB in Tibetan kids launched in Dharamsala

སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་ལོ་དགུའི་བཙོན་དུས་གཙང་ནས་གློད་བཀྲོལ་ཐོབ་འདུག

མདོ་སྨད་རྔ་བ་ཨ་མཆོག་མཚན་ཉིད་དགོན་པའི་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༠༨ ལོར་ཨ་མཆོག་མཚན་ཉིད་དགོན་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་གཙོ་གྲས་ཡིན་པར་ངོས་འཛིན་གྱིས་ལོ་ངོ་དགུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཟི་ཁྲོན་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད། ཁ་ཉིན་ཟླ་ ༤ ཚེས་ ༡ ཉིན་ཕྱི་དྲོ་ས་རུབ་རྗེས་བཙོན་འཇུག་དུས་ཡུན་རྫོགས་ཏེ་བཙོན་གྲོལ་བཏང་དོན་ལྟར་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་པ་དང་ཨ་མཆོག་མཚན་ཉིད་དགོན་དུ་གྲྭ་བ་མང་གིས་དགའ་དད་སྤྲོ་གསུམ་ངང་བསུ་བ་དང་བཅས་བདེ་བར་འབྱོར་ཡོད་འདུག འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་ཤེས་རྟོགས་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་དོན། རྒྱ་གཞུང་གིས་ཁོང་བཙོན་གྲོལ་བཏང་ཉིན་ཕ་ཡུལ་དུ་འབྱོར་སྐབས་ས་རུབ་ཟིན་པ་དང་དེ་ཡང་རྒྱ་གཞུང་གིས་ཆེད་དུ་ས་རུབ་ནས་མ་གཏོགས་བསྐྱོད་མི་ཆོག་པ་བཟོས་ཡོད་སྐོར་གསུངས་སོང་བ་དང་། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ལྟར་ཡོད་མེད་དང་བཙོན་ཁང་ནང་སྡུག་སྦྱོང་ཇི་ལྟར་མྱངས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། འོན་ཀྱང་ཁོང་བཙོན་གྲོལ་ཐོབ་སྐབས་དགུང་ལོ་ ༥༢ ལ་ཕེབས་ཡོད་སྐོར་གསུངས་སོང་། གཞི་རྩའི་ཕྱིི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ དང་ ༡༧ ཉིན་ཨ་མཆོག་དགོན་གྱི་དགེ་འདུན་པ་དང་མི་མང་ ཆིག་སྟོང་ཙམ་གྱིས་ས་གནས་མི་དམངས་སྲིད་གཞུང་ཟེར་བའི་སྒོ་འགྲམ་དུ་འཛོམས་ཏེ་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་གློད་བཀྲོལ་གཏོང་དགོས། དབུ་མའི་ལམ་གྱི་ཐོབ་ཐང་གཙང་མ་སྤྲོད་དགོས་ཞེས་འབོད་ཚིག་སྒྲོག་བཞིན་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང་བོད་ཀྱི་རྒྱལ་དར་སྒྲེང་པ་སོགས་གནང་པར་བརྟེན་ཟླ་བ་དེའི་ཕྱི་ཚེས་ ༡༨ ཉིན་ནས་རྒྱ་གཞུང་དམག་མིས་ཨ་མཆོག་མཚན་ཉིད་དགོན་པར་ཁྱོན་ཡོངས་ནས་དམ་བསྒྲགས་ཀྱིས་དགེ་འདུན་པ་ཚོར་ཉིན་མོ་འདྲི་རྩད་དང་མཚན་མོ་འཛིན་བཟུང་བྱས་པའི་ཁོངས་ལས་ལ་ལ་བཙོན་གྲོལ་བཏང་ཡང་སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། སྐྱོར་དཔོན་བསྟན་དར་། སྐྱོར་དཔོན་ཕུན་ཚོགས། བསོད་ནམས་་ཀླུ་སྒྲུབ་བཅས་འཛིན་བཟུང་བྱས་པ་དང་། ཚུལ་ཁྲིམས་རྒྱ་མཚོ་ལགས་ལ་ངོ་རྒོལ་གྱི་སྣེ་ཁྲིད་མཁན་ཡིན་པའི་ཉེས་མིང་འོག་ལོ་དགུའི་བཙོན་འཇུག་ཁྲིམས་ཐད་བཅད་ཡོད་པ་རེད། འོན་ཀྱང་ཉེ་ཆར་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་བཏང་ཡོདཔ་རེད།

Latest news