Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2017

བྷོ་ཙ་ཝ་ན་གཞུང་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་ལེན་ཞུ་རྒྱུ་ཡིན་པ་གསུངས་འདུག

བྷོ་ཙ་ཝ་ན་གཞུང་གིས་རྒྱ་གཞུང་གིས་བཀའ་སྡོམ་བྱེད་བཞིན་པར་ལྟོས་མེད་ཀྱིས་༸གོང་ས་མཆོག་གི་ཆིབས་སྒྱུར་དང་ལེན་ཞུ་རྒྱུ་དང་། ༸གོང་ས་མཆོག་ལ་རྒྱལ་སྤྱིའི་ཆེས་མཐོའི་མི་སྣའི་གནས་བབས་ཐོག་མཐུན་འགྱུར་ཞུ་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཧིཾདུསྟཱན་གསར་ཁང་གིས་གནས་ཚུལ་སྤེལ་བར། ཁ་སང་བྷོ་ཙ་ཝ་ན་ཕྱི་སྲིད་བློན་ཆེན་ལྕམ་ Pelonomi VensonMoitoi མཆོག་གིས་ཡུལ་དེའི་གྲོས་ཚོགས་སུ་༸གོང་ས་མཆོག་གི་ཆིབས་བསྒྱུར་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་སྐབས་མགོན་པོ་མཆོག་གི་ཆིབས་སྒྱུར་དེ་ནི་སྐུ་སྒེར་གྱི་ཆིབས་སྒྱུར་ཞིག་ཡིན་པ་དང་། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཆེས་མཐོའི་མི་སྣ་ཞིག་ཡིན་སྟབས། ཡུལ་དེའི་སྲིད་འཛིན་སྐུ་ཞབས་ Ian Khama མཆོག་ནས་དེ་འབྲེལ་གནས་བབས་ལྟར་༸གོང་ས་མཆོག་ལ་གཞི་རྩའི་མཐུན་འགྱུར་སྦྱར་རྒྱུ་ཡིན་པ་མ་ཟད། བྷོ་ཙ་ཝ་ན་གཞུང་གི་འབྲེལ་མཐུད་ལས་ཁུངས་ལ་ཆེས་མཐོའི་མི་སྣར་སྣེ་ལེན་ཞུ་རྒྱུའི་ལས་འགན་ཡོད་པ་བཞིན་དེ་མཚུངས་ཞུ་རྒྱུ་ཡིན་པ་གསུངས་འདུག རྩ་་བའི་༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་གནད་དོན་དང་འབྲེལ་རྒྱ་ནག་གཞུང་གིས་ཉེ་སྔོན་བོད་དེ་རྒྱ་ནག་གི་གནད་དོན་རྙིང་པ་ཞིག་ཡིན་སྟབས། བྷོ་ཙ་ཝ་ན་གཞུང་གི་ངོས་ན་ས་དེ་དག་ལ་བརྩི་སྲུང་ཞུ་དགོས་པའི་ཉེན་བརྡ་བཏང་ཡོད་པ་ལྟར། ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་ནག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་གནད་དོན་རྙིང་པ་ཞིག་ནི་རྒྱལ་ཁབ་དེའི་ནང་གནད་ཐོག་རྒྱལ་སྤྱིའི་ངོས་ནས་ཐད་བྱུས་བྱ་རྒྱུ་མེད་པ་ཞིག་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བྷོ་ཙ་ཝ་ན་གཞུང་གིས་རང་ཐག་རང་གཅོད་གནང་པ་དེར་གུས་བརྩི་དང་རེ་བ་གནང་བཞིན་ཡོད་ཅེས་དང་། གནད་དོན་འདིའི་རྐྱེན་པས་རྒྱ་ནག་དང་བྷོ་ཙ་ཝ་ན་རྒྱལ་ཁབ་ཕྱོགས་གཉིས་པོའི་དབར་འབྲེལ་བ་དམ་ཟབ་ཡོད་པ་དེར་འགྱུར་བ་གང་ཡང་མི་འགྲོ་བར་རེ་བ་ཡོད་པའང་གསུངས་འདུག གཞི་རྩའི་བྷོ་ཙ་ཝ་ན་ནི་འཛམ་གླིང་ནང་རྡོ་རྗེ་ཕ་ལམ་གི་ཚོང་ལས་གཉེར་མཁན་ཆེ་ཤོས་ཤིག་ཡིན་པ་དང། རྒྱ་ནག་ནི་བྷོ་ཙ་ཝ་ན་དང་ཚོང་འབྲེལ་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། ༸གོང་ས་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་རྒྱུ་དེ་ནི་ཆེས་ཐོག་མ་ཡིན་པ་དང་། ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་ ༣ རིང་ཡུལ་དེའི་རྒྱལ་ས་ Gaborone ནང་དུ་ ལུས་སེམས་སྲོག་གི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུ་དང་། དབང་རྩའི་རིག་པའི་ཚན་རིག་པ་རྣམ་པའི་དབར་ Botho/Ubuntu ཞེས་པའི་ཨ་ཕི་རི་ཀའི་གདོད་མའི་མི་རིགས་རྣམས་ཀྱི་ཁྲོད་གནའ་སྔ་མོ་ནས་ཡོད་པའི་བསམ་བློའི་རིག་གཞུང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག

རེས་གཟའ་མིག་དམར། ༢༠༡༧།༠༧།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གཞུང་ནས་བོད་ནང་བོད་མིར་དབང་ཤེད་ཀྱི་ཐོག་ནས་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་བ། བསྟན་འཛིན་ཆོས་དབྱིངས་ལགས་དམ་པའི་པ་ལགས་ཀྱིས་བོད་པའི་གཞོན་སྐྱེས་ཚོར་རང་སྲེག་གནང་རྒྱུ་མེད་པའི་འབོད་སྐུལ་གནང་སོང་། རང་ལུས་མེར་སྲེག་ལས་ཤེས་ཡོན་སོགས་སྨན་པའི་ཐབས་ལམ་གཞན་སྐོར་བགྲོ་གླེང་། Tuesday 25/07/2017 Chinese repression cannot destroy Tibetan spirit: Dalai Lama Tenzin Choeying’s father urges Tibetan youth not to resort to self immolation Self Immolation and alternative actions: Special Panel Discussion

བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ།

དེ་རིང་ཟླ་ ༧ ཚེས་ ༢༥ ཉིན་སྔ་དྲོ་བཞུགས་སྒར་རྡ་སར་བོད་མི་ ཚོས་ཆར་ཤུགས་དྲག་པོའི་ཁྲོད་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གནང་བར་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཁོང་གི་སྐུ་ཕུང་གཟི་བརྗིད་དང་ལྡན་པའི་ངང་རྡ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་གདན་ཞུ་གནང་ཡོད་པ་དང་། སྐབས་དེར་དམ་པ་དེ་ཉིད་ཀྱི་ཕ་ངག་དབང་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་རང་ཉིད་ཀྱི་བུས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་གནང་པ་དེར་ཕ་ཞིག་གི་ངོས་ནས་གཟི་བརྗིད་དང་སྤོབས་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཀྱང་། མ་འོངས་པར་བོད་པའི་ན་གཞོན་ཚོས་རང་ལུས་མེར་སྲེག་མི་གནང་བར་ཤེས་ཡོན་སོགས་ཐབས་ལམ་གཞན་གྱི་སྒོ་ནས་བོད་ཀྱི་རྩ་དོན་རྩོད་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་སོང་། དེ་ཡང་བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱིས་ཟླ་ ༧ ཚེས་ ༡༤ ཉིན་སྔ་ཐོག་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་ཁང་དུ་རང་ལུས་མེར་བསྲེགས་གནང་རྗེས་ཁུལ་དེར་རྟེན་གཞི་བྱས་པའི་ Heritage སྨན་ཁང་དུ་ཉིན་གྲངས་དྲུག་ཙམ་རིང་ལ་སྨན་བཅོས་གནང་ཡོད་ཀྱང་། ཁོང་གི་གཟུགས་གཟིའི་གནས་སྟངས་རིམ་བཞིན་ཛ་དྲག་ཏུ་གྱུར་བར་བརྟེན་ཚེས་ ༢༠ ཉིན་ཛ་དྲག་གི་ནད་པ་བོར་འདྲེན་བྱ་རྒྱུའི་དམིགས་བསལ་མཁའ་ལམ་གནམ་གྲུ་བརྒྱུད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་འཁྱེར་ནས་ཛ་དྲག་ལྟ་སྐྱོང་ཁང་དུ་སྨན་པས་མྱུར་སྐྱོབ་ཞུས་ཡོད་པ་རེད། འོན་ཀྱང་ཁོང་གི་ལུས་པོ་བརྒྱ་ཆ་དགུ་བཅུ་ལྷག་ལ་འཚིག་སྐྱོན་བྱུང་པས་སྨན་བཅོས་ཇི་ལྟར་ཞུས་ནའང་ཕན་འབྲས་མ་སོན་པར་ཚེས་ ༢༢ ཉིན་ཕྱི་དྲོ་ཚོུད་ ༤།༥༠ ཙམ་ལ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་རྗེས། ཁ་སང་ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གདན་ཞུ་གནང་བ་ལྟར། དེ་རིང་ཚེས་ ༢༥ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་སྐུ་ཕུང་གདན་ཞུ་བ་ཚོས་སྦག་སྦག་དང། རླངས་འཁོར་སོགས་ཀྱི་སྟེང་བོད་ཀྱི་རྒྱལ་དར་དང་། བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱི་ཞལ་ཆེམས། སྐུ་པར་བཅས་སྒྲེང་འཛུགས་ཀྱིས་གདན་ཞུ་གནང་པ་མ་ཟད། བཞུགས་སྒར་རྡ་སའི་ས་གནས་མང་ཚགས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མང་ཚོགས་ཀུན་གྱིས་སེར་བང་སྒྲིག་ནས་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། རྩ་བའི་དེ་རིང་སྔ་དྲོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་དམ་པ་དེ་ཉིད་ཀྱི་ཕ་མ་སྤུན་མཆེད་རྣམས་ལྷན་འཛོམས་ཐོག་མ་སྒྲོལ་མ་དབྱངས་འཛོམས་ལགས་ཀྱིས་དམ་པ་ཁོང་གི་རྣམ་ཀུན་གཤིས་སྤྱོད་ཇི་ཡོད་ངོ་སྤྲོད་གནང་པ་ལས་སྤྱི་དོན་ལ་ལྷག་བསམ་དང་དེ་ལྟར་ཞུ་རྒྱུར་དགའ་པོ་ཡོད་པ་དང་། རང་ལུས་མེར་སྲེག་མ་གནང་གོང་གི་གནད་དོན་ཁག་ཅིག་དྲན་གསོ་དང་འབྲེལ། དམ་པ་ཁོང་གི་ངོས་ནས་འཆར་གཞི་དང་ལྡན་པའི་ཐོག་བོད་དོན་ཆེད་རང་ལུས་མེར་སྲེག་གནང་པ་ཞིག་ཡིན་པ་མངོན་གསལ་གནང་སོང་། བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་རྡ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་སུ་བཞག་ཡོད་པ་དང། དགེ་འདུན་པ་དང་བཙུན་མ་ཚོས་བསྔོ་སྨོན་གསུང་འདོན་གནང་མུས་ཡིན་པ་མ་ཟད། མང་ཚོགས་ནས་རེ་མོས་ཀྱིས་སྐུ་ཕུང་ལ་མཇལ་དར་སྒྲོན་ཡོད་པ་རེད། སང་ཉིན་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཚོུད་ ༧།༠༠ སྟེང་ལྷ་རྒྱལ་རིར་རྡ་སར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་ཀུན་ཚང་འཛོམས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་མཛད་སྒོ་ཞིག་ཚོགས་རྒྱུ་དང་། དེ་རྗེས་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད།

༸གོང་ས་མཆོག་གིས་རྒྱ་གཞུང་ནས་བོད་ནང་བོད་མིར་དབང་ཤེད་ཀྱི་ཐོག་ནས་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟའི་ཆར་རྒྱ་གར་བྱང་ཕྱོགས་ལ་དྭགས་ནང་དུ་བཞུགས་ཞག་གིས་མཛད་འཕྲིན་དུ་མ་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༧ ཚེས་ ༢༥ ཉིན་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་བོད་མི་ ༧༠༠༠ ལྷག་གི་གནས་ཡུལ་ཆེ་གྲས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་དུ་ཆིབས་སྒྱུར་གྱིས་ས་གནས་ཀྱི་སེར་སྐྱ་མང་ཚོགས་དང་སློབ་ཕྲུག་ཚོར་བླང་དོར་བཀའ་སློབ་སྩལ་བ་དང་འབྲེལ། མགོན་པོ་མཆོག་གིས་འདས་པའི་ལོ་ ༦༠ ལྷག་ཙམ་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་འཇམ་རྩུབ་ཀྱི་ཐབས་ཤེས་སྣ་ཚོགས་ཤིག་སྤྱོད་ཡོད་ཀྱང་། གཞིས་བཞུགས་བོད་མི་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དེ་མུ་མཐུད་གནས་ཡོད་ཅེས་བཀའ་སྩལ་ཡོད། ལྷག་དོན་རྒྱ་གཞུང་གི་ངོས་ནས་བོད་ནང་གི་བོད་མིའི་ཐོག་དབང་ཤེད་ཀྱི་ཐོག་ནས་བོད་མི་ཚོའི་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་བཀའ་ནན་བསྩལ་སོང། དེ་བཞིན་མགོན་པོ་མཆོག་གིས་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གིས་བཙན་གནོན་འོག་དཀའ་ངལ་མྱོང་བཞིན་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམ་པའི་མི་ཚབ་བྱས་ནས་དེ་དག་གི་བདེ་སྡུག་དང་། དེ་བཞིན་ཐོབ་ཐང་རྩོད་རྒྱུའི་ཐོག་སེམས་འགུལ་བླངས་དགོས་པ་དང། ཁྱད་པར་དུ་གཞོན་སྐྱེས་ཚོ་ནི་མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་རེ་བ་རྒྱག་ས་ཞིག་ཡིན་པས་གཞོན་སྐྱེས་ཚོས་མི་རབས་རྒན་པའི་མཇུག་མཐུད་དགོས་ཞེས་བཀའ་སྩལ་སོང་བ་དང་ཆབས་ཅིག ང་ཚོའི་བོད་དོན་འདི་བདེན་པའི་གནད་དོན་ཞིག་ཡིན་པས་འདི་འགྱུར་བ་འགྲོ་བར་སུ་གཅིག་གིས་འགོག་ཐབས་ཡོད་མ་རེད་ཅེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་༸གོང་ས་མཆོག་གིས་སྔ་དྲོ་བོད་པའི་སློབ་ཕྲུག་ཚོའི་ངོས་ནས་རིགས་ལམ་རྟགས་གསལ་གཟིགས་འབུལ་ཞུས་པ་ལས་འཕྲོས་ནས་ནང་པ་སངས་རྒྱས་པའི་ཆོས་ལས་བོད་རང་ལ་ཡོད་པའི་རིགས་ལམ་རྟགས་གསལ་དང་ཚད་མ་རིག་པར་སློབ་གཉེར་གནང་རྒྱུ་ཟེར་བ་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང། མི་རིགས་དེའི་རྣམ་དཔྱོད་དང་ཁྱད་ཆོས་མཚོན་ཐུབ་པ་ཞིག་རེད་ཅེས་བཀའ་སྩལ་ཏེ། ས་གནས་ཀྱི་བོད་མི་རྒན་བྱིས་དར་གསུམ་ནས་རིགས་ལམ་རྟགས་གསལ་ཐོག་སློབ་གཉེར་བྱེད་པར་དོ་དབྱིངས་དགོས་གལ་ཡིན་པར་ལམ་སྟོན་སོགས་མཛད་ཡོད་པ་རེད། རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་སྒར་གྱི་མཛད་སྒོར་དབུ་བཞུགས་མཛད་པ་དང་། སྐབས་དེར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་འགན་འཛིན་དང་ལ་སྤྱི་ས་གནས་འགོ་འཛིན་གཉིས་ནས་མགོན་པོ་༸གང་ཉིད་ལ་ལས་བསྡོམས་སྙན་སྒྲོན་ཞུས་ཡོད་པ་དང། བོད་ཁྱིམ་སློབ་མ་ཚོས་རིགས་ལམ་རྟགས་གསལ་གཟིགས་འབུལ་དང། ས་གནས་བོད་མི་རྣམས་ནས་མགོན་པོ་མཆོག་ལ་བསྟོད་དབྱངས་སོགས་ཀྱི་གཞས་སྣ་ཁག་ཅིག་ཁྲབ་སྟོན་ཞུས་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༧།༠༧།༢༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཆོས་ཞུ་བ་ཁག་ཅིག་ལ་དམིགས་བསལ་བཀའ་ཆོས་བཀྲིན་བསྐྱངས་པ། རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་གནངས་ཉིན་སྔ་དྲོ་བཞུགས་སྒར་དུ་ཞུགས་འབུལ་གནང་རྒྱུ། ཡོ་རོབ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྣམ་པའི་ཚོགས་ཆེན་ཐེངས་ ༩ པ་སི་པཱན་དུ་ཚོགས་འདུག ༸གོང་ས་མཆོག་དབུ་བཞུགས་ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བར་སྲུང་བརྩི་ཞུ་རྒྱུ། Monday 24/07/2017 Dalai Lama confers 3 day special teaching at Shiwatsel Phodrang Tenzin Choeying to be honored and cremated on Wednesday 9th Europe Tibetan Association meet held in Barcelona Dalai Lama to grace Dharamsala golden jubilee celebration

རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་གནངས་ཉིན་སྔ་དྲོ་བཞུགས་སྒར་དུ་ཞུགས་འབུལ་གནང་རྒྱུ།

ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་ཁང་དུ་ཟླ་བ་འདིའི་ཚེས་ ༡༤ ཉིན་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཚེས་ ༢༢ ཉིན་རྒྱལ་ས་ལྡིའི་ Safdarjung སྨན་ཁང་དུ་སྐུ་འདས་གྲོངས་སུ་གྱུར་སྟབས་ཁོང་གི་སྐུ་ཕུང་བཞུགས་སྒར་དུ་གནད་ཞུ་གནང་ཐོག་གནངས་ཉིན་སྔ་དྲོ་བཞུགས་སྒར་དུ་ཞུགས་འབུལ་གནང་རྒྱུ་རེད་འདུག རྩ་བའི་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཟླ་ ༧ ཚེས་ ༡༤ ཉིན་སྔ་ཐོག་ཝཱ་རཱ་ཎ་སཱི་བོད་ཀྱི་གཙུག་ལག་སློབ་ཁང་དུ་རང་ལུས་མེར་བསྲེགས་གནང་རྗེས་ཁུལ་དེར་རྟེན་གཞི་བྱས་པའི་ Heritage སྨན་ཁང་དུ་ཉིན་གྲངས་དྲུག་ཙམ་རིང་ལ་སྨན་བཅོས་གནང་ཡོད་ཀྱང་། ཁོང་གི་གཟུགས་གཟིའི་གནས་སྟངས་རིམ་བཞིན་ཛ་དྲག་ཏུ་གྱུར་བར་བརྟེན་ཚེས་ ༢༠ ཉིན་ཛ་དྲག་གི་ནད་པ་བོར་འདྲེན་བྱ་རྒྱུའི་དམིགས་བསལ་མཁའ་ལམ་གནམ་གྲུ་བརྒྱུད་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Safdarjung སྨན་ཁང་དུ་འཁྱེར་ནས་སྨན་བཅོས་ཞུས་ཡོད་པ་རེད། འོན་ཀྱང་ཁོང་གི་ལུས་པོ་བརྒྱ་ཆ་དགུ་བཅུ་ལྷག་ལ་འཚིག་སྐྱོན་བྱུང་པས་སྨན་བཅོས་ཇི་ལྟར་ཞུས་ནའང་ཕན་འབྲས་མ་སོན་པར་ཚེས་ ༢༢ ཉིན་ཕྱི་དྲོ་ཚོུད་ ༤།༥༠ སྟེང་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད། ཁ་སང་རྒྱལ་གཅེས་པ་ཁོང་གི་ཕ་མ་རྣམ་པའི་རེ་སྐུལ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྐང་འགན་བཞེས་ཐོག་ཁོང་གི་སྐུ་ཕུང་སཕྡར་ཇངྒ་སྨན་ཁང་ནས་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་གནད་ཞུ་གནང་ཡོད་པ་དང་། སྐབས་དེར་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་རྣམས་ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུ་ཕྱིར་སྐུ་ཕུང་ལ་མཇལ་དར་སྒྲོན་འབུལ་དང་བསྔོ་སྨོན་གསུང་འདོན་སོགས་གནང་ཡོད་པ་རེད། དེ་རིང་ཚེས་ ༢༤ ཉིན་སྔ་དྲོ་དམ་པ་ཁོང་གི་སྐུ་ཕུང་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ནས་བཞུགས་སྒར་དུ་གདན་ཞུ་གནང་ཡོད་པ་དང་། སང་ཚེས་ ༢༥ ཉིན་སྔ་ཐོག་ཚོུད་ ༨།༠༠ ཙམ་ལ་བཞུགས་སྒར་དུ་འབྱོར་གྱི་ཡོད་པ་རེད། སྐབས་དེར་གཙོ་བོ་དམ་པ་ཁོང་གི་སྐུ་ཕུང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡིག་ཚང་དུ་གདན་ཞུ་ཐོག་ཞབས་རིམ་ཁག་གསོག་སྒྲུབ་ཞུ་རྒྱུ་དང་། མང་ཚོགས་རྣམས་ལ་རྗེས་དྲན་གྱི་མཇལ་དར་སྒྲོན་འབུལ་ཞུ་ཕྱིར་བཞག་གནང་རྒྱུ། གནངས་ཚེས་ ༢༦ སྟེ་རེས་གཟའ་ལྷག་པའི་སྔ་དྲོ་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་རེད། ཁ་སང་ཚེས་ ༢༣ ཉིན་ལྡི་ལི་བོད་མིའི་གཞིས་སྒར་བསམ་ཡས་གླིང་དུ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་མང་ཚོགས་རྣམས་འདུ་འཛོམས་སར་དམ་པ་ཁོང་ལ་མྱ་ངན་གུས་འདུད་ཞུས་པ་དང་སྦྲགས། རྒྱ་གཞུང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་མ་འོངས་ཕུགས་བསམ་ཐོག་ལ་བསམ་བློ་ཞིག་གཏང་ཚེ་བོད་ཀྱི་གནད་དོན་ཐོག་ངེས་པར་དུ་དགོངས་བཞེས་གནང་དགོས་པ་དང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་མིག་ལོང་བ་ལྟར་བཞུགས་ན་ཚོགས་པ་དེ་ཐོག་མར་གསར་འཛུགས་གནང་པའི་དགོངས་དམིགས་དང་ཡོངས་སུ་འགལ་གྱི་ཡོད་པ་ནན་བརྗོད་གནང་འདུག རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་སྐུ་འདས་གྲོངས་སུ་གྱུར་བའི་སྐབས་དེར་འདི་ག་རླུང་འཕྲིན་ཁང་ནས་དམ་པ་ཁོང་གི་ཕ་ངག་དབང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་རང་ཉིད་ཀྱི་བུས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་གནང་པ་དེར་ཕ་ཞིག་གི་ངོས་ནས་གཟི་བརྗིད་དང་སྤོབས་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་ཡོད། གཞི་རྩའི་རང་ལོ་ ༡༩ སོན་པའི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་དམ་པས་ཟླ་ ༧ ཚེས་ ༡༤ ཉིན་ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་ཁང་དུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། ཚེས་ ༢༢ ཉིན་སྐུ་ཚེ་མ་ཟིན་པར་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག་བོད་མི་གནས་ཡུལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་པའི་ས་གནས་ཁག་གི་ཚོགས་སྐྱིད་ཚོས་གོ་སྒྲིག་ཐོག་དམ་པ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གསུང་འདོན་རྒྱ་ཆེ་གནང་པ་མ་ཟད། ལྷག་པར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲོག་འོག་དམ་ཁོང་ལ་མྱ་ངན་གུས་འདུད་དང་ཐུགས་སྨོན་སོགས་གནང་པ་དང་འདི་བཞིན་ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱང་གནང་འདུག

Latest news