Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2019

དྷ་ས་དང་མ་སུ་རི་ཁུལ་གྱི་བོད་མིའི་སློབ་ཁག་གི་རིགས་ལམ་འདུ་འཛོམས་དབུ་འཛུགས།

བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་དྷ་སྟེང་བོད་ཁྱིམ་སློབ་གྲྭར་དེ་རིད་ཟླ་ ༨ ཚེས་ ༢༦ ནས་དབུ་འཛུགས་ཀྱིས་ཟླ་ ༩ ཚེས་ ༡ བར་དྷ་ས་དང་མ་སུ་རི་ཁུལ་གྱི་བོད་མིའི་སློབ་ཁག་གི་རིགས་ལམ་འདུ་འཛོམས་ཆེན་མོ་ཐེངས་ ༨ པ་དབུ་འཛུགས་གནང་སོང་། རིགས་ལམ་གྱི་འདུ་འཛོམས་ཆེན་མོ་དེའི་ཐོག་དྷ་སྟེང་དང་དྷ་ཤོད་སློབ་གྲྭ གོ་པལ་པུར། སུ་ཇཱ། ཅོན་ཊ་རཱ་བོད་ཁྱིམ་དང་། དེ་བཞིན་དཔེ་སྟོན་སློབ་གྲྭ། དྷོ་ལན་ཇཱི་སཾ་བྷོ་ཊ། སིམ་ལ་གཏན་སློབ། ཅོན་ཏ་རཱ་སཾ་བྷོ་ཊ། ལ་དྭགས་བོད་ཁྱིམ། ཌལ་ཧོར་གཏན་སློབ་བཅས་དྷ་ས་ཁུལ་གྱི་བོད་སློབ་ཁག་བཅིུག་དང་། གཞན་ཡང་སེ་ལ་ཀུ་བོད་ཁྱིམ་སློབ་གྲྭ་དང་སྤོན་ཊ་སཾ་བྷོ་ཊ། མ་སུ་རི་བོད་ཁྱིམ། མ་སུ་རི་གཏན་སློབ། རཱཇ་པུར་བོད་ཁྱིམ། གྷོ་རི་མ་པཱི་བོད་ཁྱིམ། བདེ་སྐྱིད་གླིང་བོད་ཁྱིམ། ཧར་སྤུར་ཉིན་སློབ། དོན་གྲུབ་གླིང་སློབ་གྲྭ་བཅས་མ་སུ་རི་ཁུལ་གྱི་བོད་སློབ་ཁག་དགུ་ཁྱོན་བོད་མིའི་སློབ་གྲྭ་ ༢༠ འི་སློབ་མ་ ༡༤༧ ནས་མཉམ་ཞུགས་གནང་འདུག དྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་ཚོགས་པའི་རིགས་ལམ་འདུ་འཛོམས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་གཙོས་པའི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དྷ་སྟེང་བོད་ཁྱིམ་གྱི་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་གཅིག བོད་མིའི་སློབ་གྲྭ་ཁག་གི་ལྟ་གྲུབ་སློབ་དཔོན་དང་རིགས་ལམ་རྩིད་འགྲན་པའི་སློབ་ཕྲུག་བཅས་འདུ་འཛོམས་གནང་སོང་། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རིགས་ལམ་འདུ་འཛོམས་གོ་སྒྲིག་གནང་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་རིགས་ལམ་ཞེས་པ་དེ་ནི་ཆོས་ཕྱོགས་ཀྱི་ངོ་བོ་ཁོ་ན་ཙམ་མིན་པར་སློབ་ཕྲུག་ཚོའི་ངོས་ནས་སློབ་ཚན་གཞན་གི་ཐོག་ལ་རིགས་འགྲེ་གནང་ཐུབ་ཐབས་དང་རིག་པ་འཕེལ་བར་སློབ་ཁྲིང་གནང་དགོས་གལ་ཡིན་པའི་ལམ་སྟོན་དང་ལྷག་དོན་ཤེས་རིག་ཚོགས་ཆེན་སྔ་རྗེས་སུའང་མགོན་པོ་༸གང་ཉིད་མཆོག་གིས་དེ་ལྟར་སློབ་ཁྲིད་གནང་གནད་ཡིན་པར་ལམ་སྟོན་བཀྲིན་ཕེབས་པ་ལྟར་རིགས་ལམ་འདུ་འཛོམས་ཀྱི་ལས་འཆར་གོ་སྒྲིག་གནང་བ་ཞིག་ཆགས་ཡོད་པ་ངོ་སྤྲོད་གནང་སོང་། སྐུ་མགྲོན་གཙོ་བོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་མཆོག་གིས་ང་ཚོ་བོད་མི་ཚོས་ཚད་མ་རིག་པ་ཞེས་འཕྲལ་ཕུགས་ཀྱི་བླང་དོར་གྱི་རྣམ་དབྱེ་འབྱེད་པར་སྤྱོད་བཞིན་ཡོད་པ་ལྟར་འདི་ལ་འཛམ་གླིང་སྤྱི་ཡོངས་ནས་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་སྦྱོང་བྱས་ནས་རིག་གནས་གཞན་ཁག་གི་ཐོག་ལ་རིགས་འགྲེ་ཐུབ་ཐབས་སུ་དགོངས་གཞི་ཡོད་པ་ལྟར་འཛམ་གླིང་སྤྱིའི་རིག་གནས་ཤེས་པར་རིགས་ལམ་གྱི་ཐོག་ནས་གནང་ཐུབ་ཚེ་དེ་ནི་གསར་གཏོད་ཆེན་པོ་ཞིག་རེད་ཅེས་ལམ་སྟོན་གནང་སོང་། དགེ་བཤེས་ལྷག་རྡོར་མཆོག་གིས་ད་དུང་སྤྱིར་ཚད་མ་རིག་པ་ཞེས་པ་དེ་ཕྱི་ནང་ཆོས་ལུགས་ཀུན་གྱི་ཐུན་མོང་གི་རིག་པ་ཞིག་ཡིན་ཀྱང་། བརྗོད་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་དང་དེ་ལྟར་འཐོབ་པར་བརྗོད་བྱེད་བདེན་གཉིས་དང་བདེན་བཞི་བཅས་ཀྱི་ཐོག་ནས་ནང་པའི་ཐུན་ཐོང་མ་ཡིན་པའི་རིག་པའི་རྣམ་གཞག་ཆགས་ཚུལ་ངོ་སྤྲོད་གནང་ཡོད། ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་རིགས་ལམ་འདུ་འཛོམས་འདི་ལྟ་བུ་གོ་སྒྲིག་གནང་ཐུབ་པ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞིའི་ཆ་ཤས་ཤིག་བསྒྲུབ་རྒྱུ་དང་བསོད་ནམས་ཀྱི་གོ་སྐལ་ཞིག་ཡིན་པ་གསུངས་སོང་བ་དང་སྦྲགས། རིགས་ལམ་འདུ་འཛོམས་འདི་བརྒྱུད་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་པོ་ལེགས་གྲུབ་ཐུབ་པར་ཕན་ཐོགས་འབྱུང་བཞིན་ཡོད་པ་གསུངས་ཡོད། རྩ་བའི་རིགས་ལམ་འདུ་འཛོམས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་ལྟར་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་སྲ་བརྟན་ཡོང་ཐབས་དང་། རིགས་ལམ་སློབ་ཁྲིད་གནང་བ་བརྒྱུད་སློབ་མ་ཚོའི་རིག་སྟོབས་འཕེལ་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད།

བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ནི་ཆོས་ཕྱོགས་ཀྱི་གནད་དོན་འབའ་ཞིག་མ་རེད།

རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོ་གྱུར་ནང་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་འདུ་བསྐོང་ཐོག་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་དམིགས་བསལ་སྦྱོང་བརྡར་ཞིག་སྤྲད་འདུག ཁ་སང་རྒྱ་ནག་གི་ Global Times གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་བོད་ནང་རྟེན་གཞི་བྱས་པའི་སྤྱི་ཚོགས་རིང་ལུགས་ལྟེ་གནས་ཁང་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས། ཆོས་ལུགས་ལས་དོན་ལྷན་ཁང་གི་ས་གནས་དབང་འཛིན་པ་ཁག་གཅིག་བཅས་ཀྱིས་ཟླ་བ་འདིའི་ཚེས་ ༢༣ ནས་འགོ་འཛུགས་ཀྱིས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ས་ཁུལ་དུ་བོད་ཀྱི་སེ་ར་དང་འབྲས་སྤུངས་དགོན་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་ཞིག་སྤྲོད་མུས་ཡིན་པ་དང་། དེའི་ཐོག་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོས་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་སྒྲིག་ཁྲིམས་གཏན་འབེབས་བྱེད་མཁན་རྒྱ་ནག་གི་སྲིད་གཞུང་མི་སྣ་བཅས་ཚང་འཛོམས་བྱས་ཡོད་པ་མ་ཟད། རྒྱ་རིགས་མཁས་པ་དང་གཞུང་འབྲེལ་མི་སྣ་ཚོས་འདི་ལྟ་བུའི་སྦྱོང་བརྡར་ནི་བོད་ཀྱི་ས་ཁུལ་ཏུ་ཆོས་ལུགས་ཀྱི་མཐུན་གཤིབ་རྒྱུན་སྲིང་ཡོང་བར་དགོས་ངེས་ཀྱི་ཐབས་ལམ་ཡིན་ཚུལ་གྱིས་བསྔགས་བརྗོད་བྱས་པ་སོགས་བཀོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཚོགས་པའི་སྦྱོང་བརྡར་སྒོ་འབྱེད་མཛད་སྒོའི་ཐོག་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅིུག་པའི་འགན་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བསོད་ནམས་རིག་འཛིན་གྱིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛུན་བྱེད་ཕྱོགས་ཀྱི་ལམ་སྲོལ་དང་དེའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ལམ་སྲོལ་དེ་ནི་དུས་ནམ་ཡང་ཆོས་ལུགས་དང་བླ་སྤྲུལ་ཡང་སྲིད་ནི་སྒེར་གྱི་གནད་དོན་ཁོ་ན་མིན་པར་དེ་ལས་ལྷག་པའི་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་འཛིན་པའི་སྲིད་བྱུས་དང་ཐབས་བྱུས་ཀྱི་གལ་ཆེའི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པ་མ་ཟད་སྦྱོང་བརྡར་དེས་དབུས་གཞུང་གི་ཐབས་བྱུས་དང་སྲིད་བྱུས་དེ་དག་ལག་བསྟར་ཡོང་བར་ཕན་ཐོགས་བྱས་ཏེ་བོད་ཀྱི་ས་ཁུལ་ནང་ཆོས་ལུགས་མཉམ་མཐུན་ཡོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། སྐབས་དེར་ཁོང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་སྲོལ་དེ་དུས་རབས་ ༡༣ ནང་དུ་བྱུང་ཡོད་ཚུལ་དང་དགེ་ལུགས་པས་དུས་རབས་ ༡༦ གི་དབུས་སུ་ལམ་སྲོལ་དེར་ཁས་ལེན་བྱེད་འགོ་བཙུགས་ཏེ་རིམ་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་ཁག་གིས་ཀྱང་དེར་དང་ལེན་ཞུས་ཡོད་པ་དང་ལྷག་དོན་ཆིང་རྒྱལ་རབས་དང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གཉིས་ལ་དེ་སྔ་ནས་བོད་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་སྒྲིག་སྲོལ་ཞིག་ཡོད་ཅེས་བརྗོད་ཡོད་པ་རེད། ལྷོ་ཨེ་ཤ་ཡའི་བོད་མིའི་སྤྱི་ཚོགས་རིག་གནས་ལྟེ་གནས་ཁང་གི་འགན་འཛིན་གྱིས་འདི་ལྟ་བུའི་སྦྱོང་བརྡར་གོ་སྒྲིག་ཞུ་རྒྱུ་དེས་རྒྱ་གཞུང་གི་སྒྲིག་ཁྲིམས་དང་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་གསལ་བའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ལམ་སྲོལ་དེར་ཏཱ་ལའི་བླ་མའི་ཁ་བྲལ་ཚོགས་པ་དང་ཡང་ན་གང་ཟག་སྒེར་གྱི་ཤུགས་རྐྱེན་མེད་པའི་ཐོག་ནས་ཚུལ་མཐུན་གྱི་ལག་ལེན་བསྟར་ཡོང་བར་ཕན་ཐོགས་ངེས་ཅན་ཞིག་ཡོད་ཚུལ་བརྗོད་འདུག རྩ་བའི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཨང་ལྔ་པ་ཞེས་པ་ཞིག་གཏན་འབེབས་བརྒྱུད་བོད་པའི་བླ་སྤྲུལ་ཁག་ཡོངས་རྫོགས་ནས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་བྱེད་དགོས་པ་དང་དེ་ལྟར་མི་བྱེད་མཁན་རྣམས་ལ་བླ་སྤྲུལ་གྱི་ངོས་འཛིན་ཐུབ་རྒྱུ་མིན་པ་མ་ཟད་ཁྲིམས་འགལ་ཆགས་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཧོང་ཀོང་གི་སློབ་ཕྲུག་ཁག་གཅིག་བོད་ནང་བཀག་སྐྱིལ།

ཉེ་ལམ་བོད་ནང་ཧོང་ཀོང་མཐོ་སློབ་ཀྱི་སློབ་ཕྲུག་བརྒྱད་དང་གཞན་ཧོང་ཀོང་གི་ཚན་རིག་དང་འཕྲུལ་རིག་མཐོ་སློབ་དང་གྲོང་ཁྱེར་མཐོ་སློབ་ནས་ཡིན་པའི་སློབ་ཕྲུག་གཉིས་བཅས་སློབ་ཕྲུག་བཅུ་ཙམ་ཞིག་རི་བོ་ཇོ་མོ་གླང་མའི་སྡོད་སྒར་རུ་དོ་དམ་བཀག་སྐྱིལ་བྱས་ཡོད་པ་དང་། བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། སློབ་ཕྲུག་དེ་དག་བཀག་སྐྱིལ་བྱས་པའི་རྒྱུ་མཚན་ནི་ཁོང་ཚོའི་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་ཐོག་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་རྐྱེན་ཡིན་པར་བརྗོད་འདུག རྒྱ་གཞུང་གི་ཉེན་རྟོག་པ་ཞིག་གིས་སློབ་ཕྲུག་དེ་དག་ཁོངས་ནས་གཅིག་གིས་ཤོག་བུའི་སྟེང་ཧོང་ཀོང་བཅིངས་འགྲོལ་གཏོང་དགོས་ཞེས་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ནས་སློབ་ཕྲུག་གཞན་གྱིས་འདྲ་པར་ལེན་རྩིས་བྱས་སྟབས་ཁོང་རྣམས་ཉིན་གཉིས་རིང་དོ་དམ་བཀག་སྐྱིལ་དང་འདྲི་རྩད་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་བརྗོད་འདུག གནད་དོན་དེ་འབྲེལ་སློབ་ཕྲུག་དེ་དག་གི་འབྲེལ་ཡོད་མཐོ་སློབ་ཀྱི་ངེས་སྟོན་པ་ Zhang Xiang ལགས་ཀྱིས་ཁོང་ནས་རྒྱ་ནག་སྐམ་ས་ཆེན་པོའི་འབྲེལ་ཡོད་འཛིན་སྐྱོང་ལ་གློག་འཕྲིན་བཏང་ཐོག་གནས་ཚུལ་གང་བྱུང་མིན་གྱི་ཞིབ་ཕྲའི་གནད་དོན་དྲིས་པ་དང་། དེ་བཞིན་འདྲི་རྩད་སོགས་མགྱོགས་མྱུར་བྱེད་རྒྱུའི་རེ་སྐུལ་ཞུ་བཞིན། ད་ཆ་སློབ་ཕྲུག་རྣམས་གློད་བཀྲོལ་བཏང་ཟིན་པ་གསུངས་འདུག རྩ་བའི་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་འདོན་སྤེལ་བྱས་པ་ནས་བཟུང་དེའི་མང་ཚོགས་ནས་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་པ་མ་ཟད། ངོ་རྒོལ་གྱི་དུས་ཡུན་དེའི་རིང་ཧོང་ཀོང་ཉེན་རྟོག་པའི་ལས་འགུལ་བའི་ཐོག་མིག་ཆུ་དུག་རླངས་སོགས་ཀྱི་མཚོན་ཆ་རིགས་བེད་སྤྱོད་ཀྱིས་ལས་འགུལ་བར་རྨས་སྐྱོན་དང་ཡང་ཁག་གཅིག་འཛིན་བཟུང་བྱས་པ་སོགས་གནས་ཚུལ་བྱུང་སྟབས། རྒྱལ་སྤྱིའི་ཚོགས་སྐྱིད་ཁག་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ནས་ཧོང་ཀོང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དེ་ལྟར་ཡང་། ཁ་སང་རེས་གཟའ་ཉི་མའི་ཉིན་ལས་འགུལ་བས་ངོ་རྒོལ་གནང་སྐབས་ཉེན་རྟོག་པའི་ཆུའི་ཡུར་བ་གཏོར་བའི་ཐོག་ཉེན་བརྡའི་ཚུལ་དུ་ནམ་མཁར་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། དེ་ནི་ཕྱི་ཟླ་ ༦ པ་ནས་སྤེལ་བའི་ལས་འགུལ་དེའི་ཁྲོད་ཉེན་རྟོག་པའི་ཕྱོགས་ནས་དེ་ལྟར་བྱ་སྤྱོད་སྤེལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་ཆབས་ཅིག་ཏུ་རྒྱ་གཞུང་གིས་དེ་གའི་གཞུང་འབྲེལ་གསར་ཁང་ Xinhua ཐོག་པེ་ཅིང་ནས་ཧོང་ཀོང་ནང་ཞི་བདེ་ལྷིང་འཇགས་བཟོ་སླད་འགན་ཁུར་དང་དབང་ཆ་ཡོད་པས་གལ་ཏེ་ཧོང་ཀོང་ནང་འཁྲུག་ཟིང་ལངས་ན་རྒྱ་གཞུང་ནས་དེ་མ་ཐག་ཏུ་ཐེ་བྱུས་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

རེས་གཟའ་ཉི་མ། ༢༠༡༩།༠༨།༢༥

ཉན་པ།: Listen ཕབ་ལེན། Download བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་གྱི་དོ་ར། བོད་ཀྱི་གཞས་པ་བཀྲས་ཆུང་ལགས་དང་ལྷན་གླེང་མོལ་ཞུས་པ། Sunday 25/08/2019 Art and Culture: Keeping Tibetan culture alive with Techung

རེས་གཟའ་སྤེན་པ། ༢༠༡༩།༠༨།༢༤

ཉན་པ།: Listen ཕབ་ལེན། Download གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་ཐེངས་གཉིས་པའི་ཚོགས་བཅར་བ་ཁག་གཅིག་དང་གླེང་མོལ། Saturday 24/08/2019 Young Minds: In conversation with participants of 2nd Five Fifty Youth Forum

རེས་གཟའ་པ་སངས། ༢༠༡༩།༠༨།༢༣

ཉན་པ།: Listen ཕབ་ལེན། Download ཁ་བྲལ་རིང་ལུགས་པར་སྔར་ལྷག་གདོང་ལེན་བྱ་རྒྱུ་ཡིན། ཨོ་སི་ཊོ་ལི་ཡའི་ཤེས་ཡོན་ལྟེ་གནས་ཁག་ ༡༣ ནང་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ། གནས་དུས་དང་བསྟུན་མཉམ་འབྲེལ་ཟླ་སྒྲིལ་གནང་རྒྱུར་དགོངས་པ་བཞེས་དགོས། དམིགས་བསལ་ལས་རིམ། ལ་དྭགས་རྟེན་འབྲེལ་འགྲིམ་འགྲུལ་ཁང་གཙོ་གཉེར་རྒྱལ་པོ་བཀྲིས་སུ་བཅར་འདྲི། Friday 23/08/2019 Wang Yang makes research trip to Tibet, calls for crackdown on ‘separatists’ NSW schools to scrap Confucius Classroom program Nyamdel: Tibetan Cooperatives hold annual conference in Dharamsala Diaspora feature: Gyalpo Tashi, Founder Director of ‘Tendrel’

ཁ་བྲལ་རིང་ལུགས་པར་སྔར་ལྷག་གདོང་ལེན་བྱ་རྒྱུ་ཡིན།

ཉེ་ཆར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་གཙོ་ Wang Yang བོད་དབུས་ལྷོ་ཁ་དང་ལྷ་ས། མངའ་རིས་སོགས་ས་གནས་སུ་རྟོག་ཞིབ་ཀྱིས་སྐོར་སྐྱོད་བྱས་ཏེ་ཁ་བྲལ་རིང་ལུགས་པར་སྔར་ལྷག་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་གསལ་ཝང་དབྱང་གིས་ཟླ་ ༨ ཚེས་ ༡༩ ནས་ ༢༡ བར་ལྷོ་ཁ་དང་ལྷ་ས། མངའ་རིས་སོགས་ས་གནས་ཁག་ཏུ་ལས་དོན་རྟོག་ཞིབ་ཆེད་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་ས་ཚིགས་དང་དབུལ་སྐྱོར་ཐོན་ལས་གླིང་ཁུལ། དབུལ་ཕོངས་ཁྱིམ་ཚང་དང་གྲོང་ཚོ་འཐུས་མི་ལྷན་ཁང་། དེ་བཞིན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་སུ་ཕྱིན་ནས་གནས་ཚུལ་རྒྱུས་ལོན་བྱས་པའི་ཁྲོད། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་ཀྱིས་བོད་ཀྱི་དབུལ་སྒྲོལ་འགག་གཏོར་སོགས་ཀྱི་ལས་དོན་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་གདེང་འཇོག་གང་ལེགས་བྱས་ཡོད་པ་སོགས་འགྲེལ་བརྗོད་བྱས་པ་མ་ཟད། ལྷག་དོན་བོད་ནི་ཏཱ་ལའི་ཚོགས་པ་དང་བློ་ཐག་ཉེ་བ་དང་ཁ་བྲལ་བའི་འཐབ་རྩོད་བྱེད་པའི་ཆེས་མདུན་ཕྱོགས་སུ་གནས་ཡོད་སྟབས། རྒྱ་གཞུང་གི་ངོས་ནས་དབུལ་སྒྲོལ་འགག་གཏོར་དང་ཆོས་ལུགས་ལས་དོན། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་གཅིག་གྱུར་གྱི་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། དེ་བཞིན་ཕན་ཚུན་སྐུལ་འདེད་གཏོང་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ནས་རྒྱ་གཞུང་གི་རེ་བའི་མྱོང་ཚོར་ངོ་མ་ཐོབ་ནས་རྒྱ་ནག་གི་བཀའ་ལ་ཉན་པ་དང་རྒྱ་ནག་གི་རྗེས་སུ་འབྲང་པའི་དད་སེམས་བརྟན་དུ་གཏོང་དགོས་པ་སོགས་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་དམ་པོར་ཆུད་པ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་ཨོ་སི་ཊོ་ལི་ཡའི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར་ད་རེས་ཝང་དབྱང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་སྟོད་མངའ་རིས་ཀྱི་ས་ཁུལ་རྣམས་ཏཱ་ལའི་ཁ་བྲལ་རིང་ལུགས་ལ་འཐབ་རྩོད་ཀྱི་མདུན་ས་ཡིན་སྟབས་དེར་ལྷོད་ཡང་བྱ་རྒྱུ་མེད་པའི་གཏམ་བཤད་བྱས་པ་དེ་ནི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་ད་བར་བོད་ནང་དོན་དམ་གྱི་སྲིད་བྱུས་ཤིག་འཛིན་མེད་པའི་ཁར་རྒྱ་ནག་གི་འགོ་ཁྲིད་རྣམས་བོད་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་བྱས་དང་བྱེད་མུས་ཡིན་པ་དེ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༠ ནང་ཚུད་ལ་དབུལ་ཕོངས་ཡོངས་རྫོགས་འབྱོར་ལྡན་སྒྲིལ་ཡོངས་གྱི་སྤྱི་ཚོགས་ནང་ཚུད་ཐབས་ཀྱི་དམིགས་ཡུལ་བསྒྲུབ་རྒྱུའི་ཆ་ཤས་ཤིག་ཆགས་ཀྱི་ཡོད་ཀྱང་། དོན་དངོས་རྒྱ་གཞུང་གིས་བོད་མི་ཚོ་དངུལ་སྤྲད་ནས་བསླུས་ཐབས་ཀྱི་སྲིད་བྱུས་འོག་རྒྱ་ནག་གི་འགོ་ཁྲིད་རིམ་པའི་མིང་དང་དེ་དག་སྲིད་བྱུས་ཤེས་ཐབས་བྱེད་བཞིན་ཡོད་པ་གསུངས་སོང་བ་དང་། ལྷག་དོན་རྒྱ་གཞུང་གིས་བོད་ནང་དཔལ་འབྱོར་གྱི་གནས་བབས་ཡར་རྒྱས་ཇི་ཙམ་བཏང་ཡང་བོད་མི་རྣམས་ལ་དེ་འབྲེལ་ཁེ་ཕན་གང་ཡང་མེད་སྟབས་བོད་ཀྱི་ས་ཁུལ་མང་དག་ཅིག་གི་ནང་བོད་མི་ཚོ་འཚོ་བའི་གནས་བབས་ཆེས་ཞན་པའི་ལུས་ཡོད་པ་མངོན་གསལ་གནང་སོང་།

ཨོ་སི་ཊོ་ལི་ཡའི་ཤེས་ཡོན་ལྟེ་གནས་ཁག་ ༡༣ ནང་ཁུང་ཙི་སློབ་གླིང་སྒོ་བརྒྱབ་པ།

ཨོ་སི་ཊོ་ལི་ཡ་གཞུང་གིས་འཛིན་སྐྱོང་གནང་བཞིན་པའི་སློབ་གྲྭ་ ༡༣ ནང་རྒྱ་ནག་གིས་མ་དངུལ་བཏང་ཐོག་ཁུང་ཙི་སློབ་གླིང་བརྒྱུད་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་ཀྱི་ལས་འཆར་སྤེལ་བ་དེ་དག་ཕྱིར་བསྡུ་གནང་འདུག རྒྱ་ནག་གཞུང་གིས་ཕྱི་རྒྱལ་རྒྱལ་ཁབ་ཁག་ལས་དེ་སྔ་རྒྱ་ནག་དང་འབྲེལ་ལམ་ཡོད་པ་དེ་དག་སླར་སྲ་བརྟན་དང་གོང་མཐོར་གཏོང་དགོས་པ་དང་མེད་པ་རྣམས་ལ་འབྲེལ་ལམ་གསར་དུ་བཟོ་རྒྱུར་བསྙད་ནས་ཡུལ་གྲུ་དེ་དག་ཏུ་གཞུང་སྒེར་གང་རུང་ནས་གཉེར་བཞིན་པའི་སློབ་གྲྭ་དང་མཐོ་སློབ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་འདྲ་མིན་ནང་དུ་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཆེད་འཛུགས་བྱེད་བཞིན་ཡོད་པའི་ཁྲོད། ཉེ་བའི་ལོ་ཤས་ནས་ཨ་རི་དང་ཡོ་རོབ་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གི་ནང་ལས་དོན་དེ་འཕྲལ་མར་མཚམས་འཇོག་གནང་བཞིན་པ་ལྟར་ཨོ་སི་ཊོ་ལི་ཡའི་ New South Wales མངའ་སྡེའི་གཞུང་གིས་གཉེར་བཞིན་པའི་ཁུལ་དེའི་ཤེས་ཡོན་ལྟེ་གནས་ཁང་ ༡༣ ནང་གི་ཁུང་ཙི་སློབ་གླིང་ཡོངས་རྫོགས་སྒོ་བརྒྱབ་འདུག ཁ་སང་ཨོ་སི་ཊོ་ལི་ཡའི་ནང་གི་གསར་ཁང་རྙིང་གྲས་ the sunday morning herald གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན།ཨོ་སི་ཊོ་ལི་ཡའི་ New South Wales མངའ་སྡེའི་ཤེས་ཡོན་ཚན་པས་རྒྱ་ནག་གི་ཁུང་ཙི་སློབ་གླིང་གིས་ཡུལ་དེའི་ཤེས་ཡོན་སློབ་གསོར་ཇི་ལྟར་གནོན་ཤུགས་སྤྲད་མིན་ཐོག་ཉམས་ཞིབ་གནང་སྐབས་ད་ལྟའི་ཆར་དངོས་སུ་ཤུགས་རྐྱེན་སྤྲད་པའི་དཔང་རྟགས་ཁུངས་བཙན་རག་མེད་ཀྱང་། ལས་འཆར་དེའི་བརྒྱུད་ཆབ་སྲིད་ཀྱི་ཐོག་ནས་ཤེས་ཡོན་སློབ་གསོའི་ནང་མ་འོངས་པར་ཤུགས་རྐྱེན་ངེས་ཅན་ཞིག་སྤྲད་ཉེན་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། ལྷག་དོན་New South Wales མངའ་སྡེའི་ཤེས་ཡོན་ཚན་པ་དེ་ནི་རྒྱ་ནག་གཞུང་གི་མ་དངུལ་རོགས་རམ་བརྒྱུད་དེ་གའི་ཤེས་ཡོན་གྱི་ལྟེ་གནས་ཁང་ཁག་གི་ནང་ཁུང་རྩི་སློབ་གླིང་འཛུགས་མཁན་གཞུང་འབྲེལ་གྱི་ཚན་པ་གཅིག་པོ་དེ་ཆགས་ཡོད་སྟབས་དེ་ནི་བློ་འཚབ་བྱ་གཞི་ཞིག་ཆགས་ཡོད་པ་གསུངས་འདུག New South Wales མངའ་སྡེའི་ཤེས་ཡོན་ཚན་པས་ཉམས་ཞིབ་ཁྲོད་ད་དུང་ཨོ་གླིང་གཞུང་གིས་གཉེར་བའི་ཤེས་ཡོན་ལྟེ་གནས་སུ་ཕྱིའི་རྒྱལ་ཁབ་གྱི་གཞུང་འབྲེལ་མི་སྣ་ཆེད་འཛུགས་བྱས་པའི་གནད་དོན་དེར་སེམས་འཚབ་གནང་དགོས་པ་ཞིག་དང་། རང་གི་རྒྱལ་ནང་མང་ཚོགས་ལ་དྲག་གནོན་བྱེད་མཁན་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་ཞིག་གི་མི་སྣས་མང་གཙོའི་རྒྱལ་ཁབ་ཅིག་གི་གཞུང་འབྲེལ་ཚན་པར་ཆེད་འཛུགས་བྱས་པ་ནི་དེ་བས་ཀྱང་བློ་འཚབ་གནང་གཞི་ལས་མ་འདས་ཞེས་གསུངས་འདུག དཔྱད་ཞིབ་ཁྲོད་གཞན་ཡང་ཨོ་གླིང་གཞུང་གིས་གཉེར་བཞིན་པའི་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་རྒྱ་ནག་གི་ངོ་ཚབ་མང་དག་ཅིག་ཡོད་པར་བརྟེན་ཕྱིའི་གནོན་ཤུགས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་མ་ཟད། རྒྱ་ནག་གི་ Hanban བརྒྱུད་ནས་ NSW ཤེས་ཡོན་ལྟེ་གནས་ཁང་གི་སློབ་གྲྭ་དང་ལས་བྱེད་བགྲེསས་པའི་གསོལ་ཕོགས་བཅས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་བཞིན་པ་དེའི་རྐྱེན་གྱིས་སློབ་གྲྭའི་ངོས་ནས་སྐབས་རེར་གནད་དོན་ཁ་ཤས་ཐོག་རྒྱ་ནག་ནས་གང་བཤད་ལས་དེ་མིན་སྣང་མེད་དུ་སྐྱུར་པའི་ཉེན་ཁ་ཆེན་པོ་ཡོད་པར་ངེས་ཤེས་རྙེད་ཐུབ་ཡོད་སྐོར་གསུངས་འདུག་པ་དང་ཆབས་ཅིག Hanban ནས་བཏང་འཛིན་བྱེད་བཞིན་པར་བརྟེན་ཨོ་གླིང་གཞུང་གི་ངོས་ནས་ཤེས་ཡོན་ལྟེ་གནས་ཁང་དུ་སྐབས་རེར་དགེ་རྒན་བསྐོ་གཞག་གནང་རྒྱུ་ཡང་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན་པ་མངོན་གསལ་གནང་འདུག New South Wales མངའ་སྡེའི་ཤེས་ཡོན་ཚན་པའི་ཞིབ་དཔྱད་གནང་འབྲས་སུ་དགོངས་འཆར་དོན་ཚན་དྲུག་ཅན་ཞིག་ཕུལ་བ་ལྟར་དེར་ངོས་བཞེས་དང་མ་འོངས་པར་ཕྱིའི་གཞུང་དང་ཚོགས་སྡེ་གང་རུང་ནས་ཐད་བྱུས་གང་བྱེད་ལ་བཏང་འཛིན་གྱི་ལམ་སྟོན་སྒྲིག་གཞི་གཏན་འེབས་དང་། དེ་འབྲེལ་ཚོགས་ཆུང་ཆེད་འཛུགས་ཀྱིས་འདི་ལོའི་ལོ་མཇུག་ཏུ་གནང་ཟིན་པ་དགོས་ལུགས་གསུངས་འདུག གཞི་རྩའི་ཨོ་གླིང་གཞུང་གི་ཤེས་ཡོན་ལྟེ་གནས་ཁང་དེའི་ངོས་ནས་ཁུང་ཙི་སློབ་གླིང་དང་འབྲེལ་བའི་ཞིབ་དཔྱད་ཀྱི་ལས་འཆར་དེ་སྔ་ལོའི་ཕྱི་ཟླ་ ༥ ནང་དབུ་འཛུགས་གནང་ཡོད་པ་དང་། རེས་གཟའ་པ་སངས་ཉིན་རིང་མིན་ཕྱི་ཟླ་ ༡༢ ནང་ Hanban དང་གྲོས་མཐུན་གྱི་དུས་ཚེས་ཟིན་སྐབས་དངོས་སུ་ལས་འཆར་དེ་བཀག་སྡོམ་བྱ་རྒྱུ་གསལ་བསྒྲགས་ཞུ་རྒྱུ་དང་། ལྟེ་གནས་ཁང་གི་ལས་བྱེད་ཚོས་དུས་ཡུན་དེའི་བར་དུ་སློབ་ཁྲིད་ཀྱི་ལས་དོན་དེ་དག་བཏང་འཛིན་གནང་ངེས་ཡིན་པ་གསུངས་འདུག ཨོ་སི་ཊོ་ལི་ཡའི་ NSW ཤེས་ཡོན་ལྟེ་གནས་ཁང་གི་དྲུང་ཆེ་སྐུ་ཞབས་ Mark Scott ལགས་ཀྱིས་ཁོང་གི་ཚན་པ་དེའི་ཁུང་རྩི་སློབ་གླིང་གི་ལས་དོན་ལ་ཉམས་ཞིབ་ཀྱི་དགོངས་འཆར་དོན་ཚན་ཡོངས་རྫོགས་ཁས་ལེན་ཞུས་པ་དང་འབྲེལ་གནད་དོན་དེའི་ཐོག་ལག་བསྟར་གནང་མགོ་བཙུགས་ཡོད་པ་དང་། NSW མངའ་སྡེའི་ཤེས་ཡོན་ལྟེ་གནས་ཁང་གིས་འགྲོ་གྲོན་ཨ་སྒོར་ས་ཡ་ ༡༌༢ བཏང་ནས་དེའི་ཁྱབ་ཁོངས་གཞི་རིམ་སློབ་གྲྭ་བཞི་དང་མཐོ་སློབ་དགུའི་ནང་རྒྱ་ཡིག་སློབ་ཁྲིད་ཀྱི་ལས་གཞི་གཞན་ཞིག་སྤེལ་རྒྱུ་ཡིན་པ་གསུངསའདུག NSW ཤེས་ཡོན་ལྟེ་གནས་ཁང་གི་ཤེས་རིག་བློན་ཆེན་ལྕམ་སྐུ་ Sarah Mitchell ལགས་ཀྱིས་ཀྱང་ལྟེ་གནས་ཁང་གི་ངོས་ནས་ཐག་གཅོད་གནང་ཁག་ལ་རྒྱབ་སྐྱོར་གནང་བ་དང་འབྲེལ། ད་ལྟའི་ཆར་རྒྱ་གཞུང་གི་ཁུང་ཙི་སློབ་གླིང་ལག་བསྟར་བརྒྱུད་ནས་དངོས་སུ་ཤུགས་རྐྱེན་ཇི་སྤྲད་དཔང་རྟགས་ཁུངས་བཙན་རག་མེད་ཀྱང་། ལས་འཆར་དེའི་བརྒྱུད་ཆབ་སྲིད་ཀྱི་ཐོག་ནས་ཤེས་ཡོན་སློབ་གསོའི་ནང་སླད་མར་དབང་སྒྱུར་གྱི་ཤུགས་རྐྱེན་ངེས་ཅན་ཞིག་ཡོང་གི་ཡོད་པ་མངོན་གསལ་རེད་ཅེས་གསུངས་འདུག གཞི་རྩའི་སྔ་ལོ་ ༢༠༡༨ ལོར་ཨ་རི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ ༩༠ ཙམ་ཡོད་ཀྱང་ཉེ་བའི་ལོ་ཤས་ནས་བཟུང་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཁུང་ཙི་སློབ་གླིང་དང་འབྲེལ་ཐག་གཅོད་དགོས་པའི་ཞུ་གཏུག་དང་ངོ་རྒོལ་དུ་མ་གནང་ཡོད་པ་དང་། འདི་ལོ་ནང་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གསུམ་ནས་ཁུ་ཙི་སློབ་གླིང་དང་འབྲེལ་བ་ཡོངས་སུ་མཚམས་འཇོག་བྱས་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་གཙོ་གྱུར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཁུང་ཙི་སློབ་གླིང་དེས་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་པར་སྐྱོན་བརྗོད་ཀྱིས་དྲིལ་བསྒྲགས་དང་གོ་རྟོགས་ཀྱི་ལས་འགུལ་མང་པོ་སྤེལ་དང་སྤེལ་མུས་ཁྲོད་ད་ཆ་ཨ་རི་དང་ཡོ་རོབ་སོགས་སུ་ཁུང་ཙི་སློབ་གླིང་གི་བསྟི་གནས་ཁང་མང་དག་ཅིག་སྒོ་རྒྱག་བཞིན་ཡོད་པ་དང། ཐེངས་འདིིར་ NSW མངའ་སྡེའི་ཤེས་ཡོན་ལྟེ་གནས་ཁང་ཁག་གི་ཁུང་རྩི་སློབ་གླིང་སྒོ་རྒྱག་རྒྱུའི་ཐག་གཅོད་དེ་ཡོངས་བསྒྲགས་བྱུང་བར་Australia འི་བོད་དོན་ལས་འགུལ་ཁང་གིས་དགའ་བསུ་ཞུས་པ་དང་འབྲེལ་ཚོགས་པ་དེའི་ངོས་ནས་འདས་པའི་ལོ་གཅིག་གི་གོང་ནས་གནད་དེའི་ཐོག་ལས་འགུལ་རིམ་པ་སྤེལ་བར་རྒྱལ་ཁ་ཐོབ་ཡོད་པར་འགྲེལ་བརྗོད་གནང་འདུག

མཉམ་འབྲེལ་ཁག་ཟླ་སྒྲིལ་གནང་རྒྱུར་དགོངས་པ་བཞེས་དགོས།

དེ་རིང་ཕྱི་ཚེས་ ༢༣ ཉིན་གངས་སྐྱིད་ཀྱི་ཚོགས་ཁང་གསར་པར་སྔ་དྲོ་ཚོུད་ ༩༌༣༠ ཡོལ་ཙམ་ལ་བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པ་དབུ་འཛུགས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་དང་དུས་ལ་བསྟུན་ནས་མཉམ་འབྲེལ་བསྒྱུར་བ་དང་ཟླ་སྒྲིལ་གནང་རྒྱུར་དགོངས་པ་བཞེས་དགོས་གལ་ཡིན་པ་གསུངས་སོང་། བོད་མིའི་མཉམ་འབྲེལ་བཅོ་ལྔའི་ལོ་འཁོར་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༩ པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཙོས་པའི་དམིགས་བསལ་སྐུ་མགྲོན་བོད་མིི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་པའི་ཁྲིམས་ཞིབ་པ་གཞན་རྣམས། དེ་བཞིན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཉམ་འབྲེལ་གྱི་ཚོགས་མི་བཅས་ལྷན་འཛོམས་ཐོག་དབུ་འབྱེད་མཛད་སྒོ་ཚོགས་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ནས་དུས་རྟག་ཏུ་གཞིས་ཆགས་སྲ་བརྟན་གནང་དགོས་སྐོར་དང་བོད་མིའི་སྤྱི་ཚོགས་ཁྲོད་ཆེད་མངགས་གསར་འཛུགས་ཞུས་པའི་མཉམ་འབྲེལ་ཁག་ལ་བཀའ་ཤག་དང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཕྱག་རོགས་གནང་དགོས་སྐོར་ལམ་སྟོན་བཀའ་སློབ་བསྩལ་བ་བཞིན་ད་བར་བཀའ་ཤག་ནས་དེ་འབྲེལ་མཐུན་འགྱུར་གང་ཐུབ་ཅི་ཐུབ་གནང་ཡོད་པ་དང་སླད་མར་དེ་འབྲེལ་གནང་རྒྱུར་འབད་རྩོན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། ཉེ་ཆར་འཕྲུལ་ཆ་དང་མི་ཆ་སོགས་ལ་འགྱུར་བ་ཕྱིན་ཡོད་སྟབས་བཀའ་ཤག་ནང་དེ་འབྲེལ་བགྲོ་གླེང་རིམ་པ་བྱུང་ནས་ Integrity Settlement Development Plan ཞེས་གཞིས་ཆགས་རང་གི་དཔལ་འབྱོར་དང་འཚོ་རྟེན་བཅས་སྲ་བརྟན་ཡོང་རྒྱུར་ལས་འཆར་བཟོས་ཡོད་པ་དང་། ད་ཆ་ལས་འཆར་དེ་བརྒྱུད་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་བཟོ་གྲྭ་བཙུགས་ནས་ཇ་བཟོ་ཐབས་དང་། མེན་པཊ་ཕན་བདེ་གླིང་ལ་ཐུག་པ་བཟོ་རྒྱུ། བདེ་སྐྱིད་གླིང་ལ་པང་གདན་བཟོ་རྒྱུའི་ལས་འཆར་སོགས་བང་སྒྲིག་ཡོད་པ་དེ་འབུམ་ ༣༠༠ འི་འཆར་གཞི་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ཏུ་མཉམ་འབྲེལ་ལ་ཕན་པའི་ལས་གཞི་ཁག་གཅིག་ངོ་སྤྲོད་གནང་ཡོད། སྲིད་སྐྱོང་མཆོག་གིས་ད་དུང་མཉམ་འབྲེལ་ཁག་གཅིག་གི་དཔལ་འབྱོར་གནས་བབ་ཞན་པོར་གྱུར་བ་མཁྱེན་རྟོགས་བྱུང་བ་ལྟར་མཉམ་འབྲེལ་དེ་དག་བསྐྱར་གསོ་གནང་རྒྱུའི་རེ་བ་མེད་ཚེ་ས་གནས་འགོ་འཛིན་དང་ལྷན་དུ་ཟླ་སྒྲིལ་གནང་དགོས་བྱུང་ཡང་དེས་ཕན་མིན་ཐོག་དགོངས་བཞེས་གནང་དགོས་གལ་ཡིན་པ་མ་ཟད། ད་ཆ་ང་ཚོའི་ཤེས་ཡོན་དང་ནང་སྲིད་ཟླ་སྒྲིལ་གནང་གི་ཡོད་པས་མཉམ་འབྲེལ་ཐོག་སྐབས་དང་དུས་ལ་བསྒྱུར་བ་དང་ཟླ་སྒྲིལ་གནང་རྒྱུར་དགོངས་པ་བཞེས་ཐོག་དུས་དང་བསྟུན་ནས་ཕེབས་དགོས་གལ་ཡིན་པ་ལམ་སྟོན་གནང་སོང་། དེ་བཞིན་ཚོགས་གཙོ་མཆོག་གིས་མཉམ་འབྲེལ་གྱི་གལ་གནད་འགྲེལ་བརྗོད་དང་འབྲེལ། ཚོགས་གཙོ་མཆོག་ས་གནས་ཁག་ཏུ་ཕེབས་སྐབས་ས་གནས་ཁ་ཤས་ནང་སྤྱི་མཐུན་མཉམ་འབྲེལ་དང་ས་གནས་འགོ་འཛིན་གཉིས་འཆམ་མཐུན་ཞེ་དྲག་ཡོད་པ་དང་། འཆམ་མཐུན་དེའི་དབང་གིས་མང་ཚོགས་སྤྱི་ལ་ཁེ་ཕན་བསྒྲུབ་ཐུབ་ཀྱི་ཡོད་སྐོར་དང་། ས་གནས་གཞན་ཁག་ལ་ང་ཚོ་རང་སྐྱོང་ཡིན་པ་དང་ས་གནས་འགོ་འཛིན་ལ་བསྟུན་དགོས་ཀྱི་མེད་ཅེས་དགོངས་པ་བཞེས་ཀྱི་ཡོད་སྟབས་དེ་ལྟར་གནང་ན་མི་འགྲིག་པ་དང་། ས་གནས་གང་རུང་གི་མཉམ་འབྲེལ་ནས་ས་གནས་སོ་སོའི་འགོ་འཛིན་ཁྱབ་ཁོངས་ཡིན་པ་མཁྱེན་དགོས་པ་མ་ཟད་བཅའ་ཁྲིམས་ནང་ལའང་གསལ་ཡོད་སྟབས། མཉམ་རུབ་ཀྱི་ནུས་པ་སྤུངས་ནས་སྤྱིའི་རྩ་དོན་སླད་ལས་དོན་བསྒྲུབ་ཐབས་དགོངས་པ་བཞེས་དགོས་པ་གསུངས་སོང་། དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཕྱི་ལོ་ ༢༠༡༨༌༌༡༩ ལོའི་རྩིས་ཁུངས་ནས་ས་གནས་མཉམ་འབྲེལ་རེར་ཧིན་སྒོར་འབུམ་གཉིས་རེ་དང་ཤས་བདག་མཉམ་འབྲེལ་ཚོགས་མིའི་ཕྲུ་གུ་ ༡༠ མཚན་གཞུང་རྒྱན་དཀྲུགས་ཀྱིས་སློབ་ཡོན་གསོལ་བསྩལ་དང་། དེ་བཞིན་བདེ་སྐྱིད་སླར་གསོའི་བོད་མིའི་སོ་ནམ་གཞི་རིམ་མཉམ་འབྲེལ་ལོ་ངོ་ ༥༠ འཁོར་བའི་དྲན་རྟེན་གྱི་ཕྱག་རྟགས་བཅས་གནང་ཡོད་པ་རེད། གཞི་རྩའི་དེ་རིང་ནས་དབུ་འཛུགས་ཀྱིས་ཉིན་གསུམ་གྱི་ཚོགས་ཆེན་ཐོག་མཉམ་འབྲེལ་བཅོ་ལྔའི་ལོ་གཅིག་གི་ལས་བསྡོམས་དང་རྩིས་ཁྲ། དེ་བཞིན་མཉམ་འབྲེལ་མུ་མཐུད་སྲ་བརྟན་གནས་དགོས་པའི་ཐད་ད་བར་ལས་དོན་གང་གནང་བ་དང་སླད་མར་གང་གནང་ཐུབ་མིན་སྐོར། མཉམ་འབྲེལ་བཅོ་ལྔའི་ནང་མཉམ་འབྲེལ་ཆེ་བས་ཆུང་བར་རོགས་སྐྱོར་ཇི་ལྟར་གནང་ཐུབ་སྐོར་སོགས་དོན་ཚན་གསུམ་དང་ནང་གསེས་ལྔའི་ཐོག་གྲོས་བསྡུར་གྱིས་ གཏན་འབེབས་གནང་གི་འདུག  

Latest news