Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2021

དབུས་སྣེ་ལེན་ཁང་གི་སྨན་པ་སོགས་ས་རཱ་མཐོ་སློབ་ཏུ་གནས་སྤོས་ཀྱིས་སྨན་བཅོས་གནང་མུས།

བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱི་གནས་སྟངས་ཛ་དྲག་ཏུ་གྱུར་སྟབས། དབུས་སྣེ་ལེན་ཁང་གི་སྨན་པ་དང་སྨན་ཞབས་པ། དེ་བཞིན་ཛ་དྲག་གི་ཡོ་ཆས་རྣམས་མཐོ་སློབ་ཏུ་གནས་སྐབས་རིང་གནས་སྤོས་ཀྱིས་ནད་པར་སྨན་བཅོས་གནང་མུས་རེད་འདུགརླུང་འཕྲིན་ཁང་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ལགས་སུ་ཞལ་པར་བརྒྱུད་མཐོ་སློབ་ཀྱི་གནས་སྟངས་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ཐོག་མར་ཟླ་བ་འདིའི་ཚེས་ ༡༦ ཉིན་སློབ་ཕྲུག་ལྔ་ལ་ནད་རྟགས་ཐོན་པ་དང་། རིམ་བཞིན་མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་བརྟག་དཔྱད་གནང་འབྲས་ད་ལྟའི་ཆར་དགེ་སློབ་ ༨༦ ལ་ནད་དུག་ཕོག་ཡོད་པ་དང་། དེ་དག་གི་ཁོངས་སུ་དགེ་རྒན་གཅིག་དང་སློབ་ཕྲུག་གཉིས་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་ནས་རྒྱ་གར་གཞུང་གི་སྨན་ཁང་ Tanta དུ་ཕེབས་དགོས་བྱུང་ཡོད་སྐོར་སོགས་གསུངས་སོང་།དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་། སྣེ་ལེན་ཁང་གི་མཐུན་འགྱུར་འོག་སྣེ་ལེན་ཁང་གི་སྨན་པ་དང་སྨན་ཞབས་པ། ཛ་དྲག་གི་ཡོ་ཆས་རྣམས་མཐོ་སློབ་ཏུ་འོར་འདྲེན་གནང་སྟེ་སྨན་བཅོས་གནང་མུས་ཡིན་པ་གསུངས་ཡོད།ས་རཱ་མཐོ་སློབ་ཏུ་ཛ་དྲག་གནས་སྟངས་བྱུང་བར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཨ་རི་དང་ཁེ་ན་ཌ་ནས་ཕེབས་པའི་སྨན་ཞབས་པ་གཅིག་དང་མོན་གྷོ་འདོད་རྒུ་གླིང་ནས་ཕེབས་པའི་སྨན་ཞབས་པ་གཅིག་བཅས་སྨན་བཅོས་ཀྱི་རོགས་སྐྱོར་སླད་བཏང་ཡོད་པ་མ་ཟད། ཨ་རི་དང་རྒྱ་གར་ནས་ཕེབས་པའི་དང་བླངས་སྨན་ཞབས་པ་གཞན་རྣམས་བོད་ཁྱིམ་དང་། མོན་གྷོ་འདོད་རྒུ་གླིང་། བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས། དེ་བཞིན་གཟིགས་ཞིབ་དང་སྦྱོང་བརྡལ་སྤྲོད་ཆེད་སྨན་ཞབས་པ་གཉིས་བཅས་སོ་སོར་ལས་བགོས་གནང་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༥ པའི་ཐོག་གསལ་བསྒྲགས་གནང་ཡོད་པ་རེད།ཁ་སང་གི་གསར་འགོད་གསལ་བསྒྲགས་དེའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གཞུང་དང་སྒེར། དགོན་སྡེ་དང་བླ་བྲང་། དེ་བཞིན་ཚོགས་སྐྱིད་བཅས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་བོད་མིར་སྔོན་ཁབ་རྒྱག་རྒྱུར་འབད་བརྩོན་གནང་བ་བཞིན་རྒྱ་བལ་གཉིས་སུ་སྔོན་ཁབ་དང་པོ་ཐོབ་པ་བརྒྱ་ཆ་བདུན་ཅུ་དང་། སྔོན་ཁབ་གཉིས་པ་ཐོབ་པ་བརྒྱ་ཆ་གསུམ་ཅུ་མ་ཟིན་ཙམ་ཆགས་ཀྱི་ཡོད་པ་གསུངས་སོང་།གསར་འགོད་ལྷན་ཚོགས་དེའི་ཐོག་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་ནང་རྒྱ་བལ་གཉིས་སུ་བཙན་བྱོལ་བོད་མིའི་ཁྲོད་གཟའ་འཁོར་སྔོན་མའི་ནང་བོད་མི་ ༡༣༣ ལ་ནད་རྟགས་ཐོན་ཡོད་པ་དང་། བོད་མི་ལྔ་འདས་གྲོངས་སུ་གྱུར་ཡོད་པར་སྙན་སེང་དང་སྦྲགས། བཙན་བྱོལ་བོད་མིའི་འདུས་སྡོད་ཁྲོད་ནད་དུག་དེས་མནར་བཞིན་པ་བོད་མི་ ༤༢༣ ཆགས་ཀྱི་ཡོད་པ་དང་། ལྷག་པར་དུ་བདེ་སྐྱིད་གླིང་དང་མོན་གྷོ་འདོད་རྒུ་གླིང་། སྦེལ་ཀོབ་བོད་མིའི་གཞིས་ཆགས། དེ་བཞིན་བཞུགས་སྒར་དྷ་རམ་ས་ལ་བཅས་ནི་ཉེན་འཚབ་ཆེ་བའི་ས་གནས་ཆགས་ཀྱི་ཡོད་པ་གསུངས་ཡོད།བོད་མིའི་སྒྲིག་འཛུགས་ COVID19 ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་གནང་གསལ་ད་བར་རྒྱ་གར་ནང་མི་གྲངས་ས་ཡ་གསུམ་ཅུ་ལ་ནད་དུག་དེ་ཕོག་ཡོད་པ་དང་། ད་ལྟའི་ཆར་ནད་དུག་དེས་མནར་བཞིན་པའི་མི་གྲངས་འབུམ་དྲུག་ལྷག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་བལ་གཉིས་སུ་གནས་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་བོད་མི་ ༥༠༨༤ ལ་ནད་དུག་ཕོག་ཡོད་པ་དང་བོད་མི་ ༤༥༣༠ དྲག་སྐྱེད་བྱུང་བ། དེ་བཞིན་བོད་མི་ ༡༣༡ འདས་གྲོངས་སུ་གྱུར་བ་དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་བོད་མི་ ༤༢༣ ཆགས་ཀྱི་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༢༡།༠༦།༢༤

ཉན་པ།: Listen ཕབ་ལེན། Download པེ་ཅིང་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ལས་འགུལ། བཙན་བྱོལ་བོད་མིར་རམ་འདེགས་ཞུ་སླད་བྱང་ཨ་རི་ནས་བོད་མིའི་དང་བླངས་སྨན་ཞབས་རུ་ཁག་ཅིག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་སྐོར། དམིགས་བསལ་ལས་རིམ། འཛམ་གླིང་སྤྱི་བསངས་ཀྱི་དུས་ཆེན་ངོ་སྤྲོད། Thursday 24/06/2021 Calls for boycott of China Winter Olympics across Europe Tibetan Nurses Medical mission to India: Interview with team leader Introduction to ‘Zamling Chisang’ , Universal Prayer Day

༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་ལས་འགུལ་ཆེན་མོ།

ཁ་སང་རྒྱལ་སྤྱིའི་ཨོ་ལམ་པིག་ཉིན་མོ་དང་བསྟུན་འཛམ་གླིང་ཡུལ་གྲུ་འདྲ་མིན་ལྔ་བཅུ་ལྷག་གི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས་པའི་འབོད་ཚིགས་འོག་ཏུ་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཆེན་མོ་ཞིག་སྤེལ་ཡོད་པ་རེད།ཉིན་དེར་ཡོ་རོབ་རྒྱལ་ཁབ་སུད་སི་ནང་ལ་ཆ་མཚོན་ན། ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དང་རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་གཉིས་ཀྱིས་སྣེ་ཁྲིད་དེ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་བོད་མི་རྣམས་ཀྱིས་སུད་སི་གྲོང་ཁྱེར་ལའོ་ཙང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲེམས་སྟོན་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་རིང་མིན་རྒྱ་ནག་ནང་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་མགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་ལས་འགུལ་བ་རྣམས་ནས་སུད་སི་གཙོས་རྒྱལ་སྤྱིའི་གཞུང་མང་ནས་པེ་ཅིང་ཨོ་རྩེད་འགྲན་རྩོད་ལ་མཉམ་ཞུགས་དང་རྒྱབ་སྐྱོར་མཚམས་འཇོག་དགོས་པ། བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་བ་མ་ཟད་ལྷག་པར་དུ་རྒྱ་ནག་གི་བཙན་དབང་འོག་ཏུ་ཡོད་པའི་བོད་དང་ཧོང་ཀོང། དེ་བཞིན་ཡུ་གུར་མང་ཚོགས་ཀྱི་དཀའ་སྡུག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རྒྱལ་སྤྱིའི་ཨོ་ལམ་པིག་ཚོགས་ཆུང་ཚོགས་འཛིན་གཉིས་ནས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་མཚོན་པའི་གཏམ་བརྗོད་འཁྲམ་སྟོན་གནང་འདུགལས་འགུལ་ཐོག་སུད་སི་ལྗངས་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Nicolas walder ལགས་ཀྱིས་གཙོས་པས་ཧོང་ཀོང་དང་ཡོ་གུར། བོད་མི་ལས་འགུལ་བ་དང་ཆབ་སྲིད་བཙོན་ཟུར་བཅས་ཀྱིས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་འདུག་པ་མ་ཟད། བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་དང་ཡོ་གུར་གྱི་ཆབ་སྲིད་བཙོན་ཟུར་བཅས་ནས་ས་གནས་སུ་ཡོད་པའི་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་ལ་ ༢༠༢༢ ལོའི་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་ཕྱིར་འཐེན་གྱིས་ས་གནས་གཞན་ལ་འཚོགས་དགོས་པའི་ཞུ་སྙན་ཕུལ་ཡོད་པ་རེད། དེ་དང་ཕྱོགས་མཚུངས་དབྱིན་ཡུལ་རྒྱལ་ས་ལོན་ཌན་གྱི་སྲིད་བློན་ལས་ཁུངས་མདུན་དུ་བོད་མི་དང་ཡུ་གུར་བ། དེ་བཞིན་ཧོང་ཀོང་དང་ཐེ་ཝན་མང་ཚོགས། བོད་དོན་རྒྱབ་སྐྱོར་བ་བཅས་ཟུང་འབྲེལ་གྱིས་རང་དབང་མེད་ན་ཨོ་རྩེད་འགྲན་ཚོགས་མེད། པེ་ཅིང་དུ་འཚོགས་རྒྱུའི་ཨོ་རྩེད་འགྲན་ཚོགས་ཕྱིར་འཐེན་དགོས། རྒྱལ་སྤྱིའི་གཞུང་མང་ནས་པེ་ཅིང་ཨོ་རྩེད་འགྲན་རྩོད་ཐོག་ལ་མཉམ་ཞུགས་མ་རོགས་ཞེས་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།ཡོ་རོབ་རྒྱལ་ཁབ་ཕ་རན་སི་ནང་ལ་ཆ་མཚོན་ན། ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྣེ་ཁྲིད་དེ་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མང་ཚོགས་འདུ་འཛོམས་ཐོག་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ཞི་བའི་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལི་དང་འཇར་མི་ནི། ནི་ཐར་ལན་ཌི། སུད་ཌན་སོགས་ཀྱི་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ས་གནས་ཀྱི་གྲོས་ཚོགས་འཐུས་མི་བཅས་མཉམ་ཞུགས་ཀྱིས་ས་གནས་གྱི་ཨོ་ལམ་པིག་ཚོགས་ཆུང་གི་ལས་ཁུངས་སུ་ཞུ་གཏུག་དང། རྒྱལ་སྤྱིའི་གཞུང་མང་དང་ཨོ་རྩེད་འགྲན་ཚོགས་ཀྱི་སྦྱིན་བདག་རྣམས་ནས་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་འགྲན་ཚོགས་ལ་རྒྱབ་སྐྱོར་མཚམས་འཇོག་དགོས་པའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་རྒྱལ་དར་བསྣམས་པ་དང་པེ་ཅིང་དགུན་དུས་ཨོ་ལམ་པིག་ཕྱིར་འཐེན་དགོས་ཞེས་ཕྲེད་དར་འཕྱར་ཏེ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་ཡོད་པ་རེད།

རེས་གཟའ་ལྷག་པ། ༢༠༢༡།༠༦།༢༣

ཉན་པ།: Listen ཕབ་ལེན། Download རྒྱལ་ཚོགས་ལྷན་ཚོགས་ཐོག་རྒྱལ་ཁབ་ཞེ་བཞིས་བོད་ཐོག་བསྒྲགས་གཏམ་སྤེལ་བ། རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ་ཚོས་པེ་ཅིང་གི་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་གནང་མཚམས་འཇོག་དགོས། རྫ་དཔལ་ཡུལ་རྫོང་གི་སྡེ་དཔོན་ཞིག་རྒྱ་ནག་གིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་སྒྱུར་འདུག རྒྱ་གར་གྱིས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་ཐོག་ཐག་གཅོད་ངེས་ཅན་ཞིག་འཛིན་དགོས། ཧི་མཱ་ཅལ་མངའ་སྡེར་ཕྱི་ཕྱོགས་ནས་ཡོང་མཁན་ཚོ་ཐོ་འགོད་གནང་མི་དགོས་པ། བཀའ་སློབ་ལས་རིམ། ༸གོང་ས་མཆོག་ནས་ཆོས་ཁ་གསུམ་མཐུན་སྒྲིལ་གནང་དགོས་སྐོར། Wednesday 23/06/2021 UNHRC: 44 Countries express grave concern over Tibet, calls for access to Xinjiang No Beijing 2022: campaign groups protest against Beijing winter Olympics Arrest in Palyul ; whereabouts of local Tibetan leader unknown India-China confrontation: Should India leverage the Dalai Lama card? No e-pass required to travel to Himachal from July 1

རྒྱལ་ཚོགས་ལྷན་ཚོགས་ཐོག་རྒྱལ་ཁབ་ཞེ་བཞིས་བོད་ཐོག་བསྒྲགས་གཏམ་སྤེལ་བ།  

ཟླ་བ་འདིའི་ཕྱི་ཚེས་ ༢༡ ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ལྷན་ཚོགས་ཐེངས་ ༤༧ ཐོག་ཁེ་ན་ཌས་དབུ་ཁྲིད་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༤༤ ནས་མཉམ་འབྲེལ་གནང་བ་གཙོས་ཡོ་རོབ་མཐུན་ཚོགས་བཅས་ཀྱིས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་ཐོག་བློ་འཚབ་གནང་སྟེ་བསྒྲགས་གཏམ་སྤེལ་ཡོད་པ་རེད།ཏོག་དབྱིབས་ནད་ཡམས་རྐྱེན་པས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༧ པ་དེ་ཡང་དྲྭ་ཐོག་བསྐོང་ཚོགས་གནང་ཡོད་པ་དང། ཁ་སང་ལྷན་ཚོགས་ཀྱི་ཉིན་གཉིས་པའི་སྔ་དྲོའི་ཚོགས་དུས་ཐོག་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་སྤེལ་བའི་འགྲོ་བའི་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་དང་འབྲེལ་བའི་བགྲོ་གླེང་ལས་རིམ་སྐབས་ཁེ་ན་ཌའི་རྒྱུན་བཞུགས་སྐུ་ཚབ་ལྕམ་ Leslie E.Norton ལགས་ཀྱིས་ཐེངས་འདིའི་ཁེ་ན་ཌའི་རྒྱལ་ཁབ་ཀྱིས་དབུ་ཁྲིད་པའི་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཞེ་བཞི་མཉམ་འབྲེལ་ཐོག་སྤེལ་བའི་བསྒྲགས་གཏམ་དེ་ལྷན་ཚོགས་ཐོག་སྒྲོག་སྦྱང་གནང་ཡོད་དང། བསྒྲགས་གཏམ་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་གྱིས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་དམ་དྲག་དང། བཙན་ཁྲིད་བཀག་ཉར། བཙན་དབང་གིས་བེུད་ཀྱི་སྐྱེ་སྒོ་བཀག་པ། རྩུབ་སྤྱོད། དེ་བཞིན་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་གནར་གཅོད་མྱོང་བཞིན་པའི་གནད་སོགས་ལ་སེམས་འཚབ་ཡོད་ཅེས་བརྗོད་འདུག ལྷག་པར་དུ་ཚོགས་མི་རྒྱལ་ཁབ་དེ་དག་ནས་སྤེལ་བའི་བསྒྲགས་ནང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་དང་ཧོ་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་མུ་མཐུད་ནས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་ཅེས་གསུངས་པ་མ་ཟད་རྒྱ་ནག་གཞུང་གི་ངོས་ནས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་དོན་འཁྱོལ་ལག་བསྟར་དགོས་པའི་ནན་སྐུལ་ཡང་གནང་འདུག དེ་བཞིན་ཁ་ཉིན་ལྷན་ཚོགས་ཀྱི་ཉིན་དང་པོར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བའི་ཐོབ་ཐང་གཙོ་འཛིན་མཆོག་དང་ཁ་སང་གི་ལྷན་ཚོགས་ཐོག་ལྕམ་ Leslie E. Norton ལགས་ཀྱིས་བསྒྲགས་གཏམ་དེ་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་གིས་གཙོས་པའི་རང་དབང་རྟོག་ཞིབ་སྡེ་ཚན་ཤར་ཏུར་ཀི་སི་ཐན་ནང་དངོས་ཡོད་གནས་སྟངས་རྒྱུས་ལོན་ཆེད་མགྲོན་འབོད་བྱེད་དགོས་ཞེས་འབོད་སྐུལ་ཡང་གནང་འདུག འོན་ཀྱང་ཁ་སང་ཇི་ནི་ཝར་ཡོད་པའི་རྒྱ་ནག་གཞུང་གི་རྒྱུན་བསྡད་ངོ་ཚབ་ནས་ཧོང་ཀོང་དང་ཤར་ཏུ་སི་ཐན་ནང་དུ་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ཕེབས་རྒྱུ་དེ་ནི་རྒྱ་ནག་གཞུང་གི་ངོས་ནས་འཆམ་འཐུན་གྱི་ངོ་བོར་གཟིགས་སྐོར་ཙམ་ལས་རྟོག་ཞིབ་ཀྱི་ངོ་བོར་ངོས་ལེན་མེད་པ་མ་ཟད། གནད་དོན་དེ་ནི་རྒྱ་ནག་གི་བདག་དབང་དང་རྒྱལ་ནང་གི་གནད་དོན་ཡིན་པར་བརྟེན་ཕྱི་ཕྱོགས་ནས་ཐེ་བྱུས་མེད་སྐོར་བརྗོད་འདུག རྩ་བའི་ད་ལན་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་རྒྱལ་ཁབ་ ༤༤ མཉམ་འབྲེལ་གྱིས་སྤེལ་བའི་བསྒྲམས་དེ་ཡང། ཁེ་ན་ཌ་གཙོས་སྣེ་ཁྲིད་པའི་ G7 སྟོབས་ཆེན་རྒྱལ་ཁབ་བདུན་དང། སུདསི། ཨོ་སི་ཀྲོ་ལོ་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ནིའུ་ཛ་ལན་ཌི། དེ་བཞིན་རྒྱལ་ཚོགས་འཆར་འགོད་བྱས་པའི་ཤར་ཡོ་རོབ་མངའ་ཁུལ་རྒྱལ་ཁབ་ཁག་དང་ཨེ་ཤ་ཡ་དང་ཞི་བདེ་མངའ་ཁུལ་རྒྱལ་ཁབ་སོགས་ཆགས་ཀྱི་འདུག སྤྱིར་བདུན་ཕྲག་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ཁེ་ལས་མི་སྣ་ཁག་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་བཙོན་པ་དང་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་མི་སྣ་དང་གྲངས་ཉུང་མི་རིགས་ལ་བཙན་ཤེད་ཀྱིས་མིའི་ལུས་རྟེན་ནང་གི་ནང་འཁྲོལ་དབང་པོ་གཅོད་བྲེགས་ཀྱིས་སྔོག་འདོན་བྱེད་ཀྱི་ཡོད་སྐོར་མངོན་གསལ་བྱས་ཡོད་པ་མ་ཟད། དེ་བཞིན་ཉེ་སྔོན་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་མཉམ་འབྲེལ་གྱིས་རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་གི་གནས་སྟངས་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྤྱི་ཡོངས་ལ་སེམས་འཚབ་ཡོད་པར་སྤྱིར་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་དབུ་ཁྲིད་གཙོས་རྩེད་འགྲན་པ་ཚོས་པེ་ཅིང་གི་དགུན་དུས་ཨོ་རྩེད་ལ་རྒྱབ་སྐྱོར་གནང་མཚམས་འཇོག་དགོས།

དེ་རིང་རྒྱལ་སྤྱིའི་ཨོ་ལམ་པིཀ་ཉིན་མོ་དང་བསྟུན་བོད་མི་གཙོས་ཡུ་གུར་བ་དང་ཧོང་ཀོང་། ལྷོ་སོག ཐེ་ཝན། དེ་བཞིན་རྒྱ་རིགས་བཅས་ཐུན་མོང་ནས་རྒྱལ་སྤྱིའི་རྒྱལ་ཁབ་རྣམ་པའི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་ཨོ་ལམ་པིཀ་ཚོགས་པ། ཨོ་ལམ་པིཀ་རྩེད་འགྲན་གྱི་སྦྱིན་བདག་ཚོར་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ལ་རྒྱབ་སྐྱོར་གནང་རྒྱུ་མཚམས་འཇོག་དགོས་ཞེས་བསྒྲགས་གཏམ་སྤེལ་བ་དང་སྦྲགས་ཏེ་རྒྱལ་སྤྱིའི་ས་གནས་གང་སར་དེ་འབྲེལ་ལས་འགུལ་འདྲ་མིན་སྤེལ་མུས་རེད་འདུགབོད་མི་གཙོས་རྒྱ་ནག་གི་གཉའ་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ nobeijing2022.org ཞེས་པའི་དྲྭ་ལྗོངས་སུ་སྤེལ་འདུག་པ་དང་། བསྒྲགས་གཏམ་ནང་ད་རེས་འཛམ་གླིང་ས་ཕྱོགས་གང་སར་ནས་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་ཡུ་གུར་དང་ཊར་ཀིཀ་ཁ་ཆེའི་མི་རིགས་རྩ་བརླག་བཏང་བ་དང་། བོད་མི་གཙོས་ལྷོ་སོག་གི་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་པ་དང་ཧོང་ཀོང་གི་མང་གཙོ་རྡོག་རོལ་བཏང་བ། དེ་བཞིན་ཐེ་ཝན་ལ་ཡུལ་བབ་ཀྱི་སྲིད་བྱུས་ཐད་ཐུབ་ཚོད་སོགས་བཏང་བར་བརྟེན་པེ་ཅིང་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ལ་ངོ་རྒོལ་གནང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་དབུ་ཁྲིད་དང་ཨོ་ལམ་པིཀ་རྩེད་འགྲན་ཚོགས་པ་རྣམས་ནས་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་དེ་པེ་ཅིང་དུ་འཚོགས་རྒྱུར་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་འདུག རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ནས་ལོ་ངོ་བཅུ་ཕྲག་རིང་རྒྱ་ནག་ནས་ཨོ་ལམ་པིཀ་རྩེད་འགྲན་གྱི་ཁྲིམས་དང་སྒྲིག་གཞི། དེ་བཞིན་གཞི་རྩའི་ལྟ་གྲུབ་ལ་གུས་བརྩི་བྱེད་དགོས་པའི་དགོས་འདུན་བཏོན་པར་གོ་སྐབས་བྱུང་ཡོད་ཀྱང་རྩེད་འགྲན་ལྷན་ཚོགས་ཀྱི་ངོས་ནས་སོ་སོའི་དབང་ཚད་བཟང་ཕྱོགས་ཐོག་བེད་སྤྱོད་གནང་ཐུབ་མེད་པར་གསུངས་འདུག ལྷག་པར་ཕྱི་ལོ་ ༢༠༢༢ ལོའི་ཨོ་ལམ་པིཀ་རྩེད་འགྲན་དེ་གོ་སྒྲིག་ཞུས་ན་དེས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པ་ཁག་ཁྲིམས་མཐུན་ཁས་ལེན་གནང་བ་ལྟ་བུ་མཚོན་གྱི་ཡོད་པར་གསུངས་པ་མ་ཟད། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་པེ་ཅིང་གི་ཨོ་ལམ་པིཀ་སྐབས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཁས་ལེན་ཁག་ཅིག་བྱས་ཡོད་ནའང་མུ་མཐུད་ནས་བོད་མིས་གཙོས་པའི་ཡུ་གུར་བ། དེ་བཞིན་གཞུང་ལ་སྐྱོན་འཛུགས་གནང་མཁན་གྱི་རྒྱ་རིགས་ལ་དྲག་གནོན་མནར་གཅོད་སོགས་ཀྱི་བྱ་སྤྱོད་སྤེལ་མུས་ཡིན་པ་དང་ཆབས་ཅིག དུས་ཡུན་འདིའི་ཁྲོད་རྒྱལ་སྤྱིའི་ཨོ་ལམ་པིཀ་ལྷན་ཚོགས་ནས་རྒྱ་གཞུང་ལ་གང་ཡང་གསུངས་མེད་སྐོར་འཁོད་འདུག  སྒོས་ད་ཆ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་མི་རིགས་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཛ་དྲག་འོག་ཏུ་ལྷུང་ཡོད་སྟབས། གཞུང་དང་ཨོ་ལམ་པིཀ་ཚོགས་པ། ཨོ་ལམ་པིཀ་རྩེད་འགྲན་གྱི་སྦྱིན་བདག དེ་བཞིན་རྩེད་འགྲན་པ་རྣམས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩེད་ལ་ངོ་རྒོལ་གནང་དགོས་ཞེས་གསུངས་འདུག གཞི་རྩའི་དེ་རིང་གི་ཉིན་མོ་དང་བསྟུན་རྒྱལ་སྤྱིའི་ས་ཁུལ་མང་པོར་བོད་མི་གཙོས་ཡུ་གུར་བ། ཧོང་ཀོང་། ལྷོ་སོག ཐེ་ཝན། དེ་བཞིན་རྒྱ་རིགས་བཅས་འདུ་འཛོམས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ལ་ངོ་རྒོལ་གྱི་ Global Action day ཞེས་ལས་འགུལ་སྤེལ་གྱི་ཡོད་པ་རེད། དེ་རིང་ཨོ་སི་ཀྲོ་ལི་ཡའི་ནང་ Sydney དང་ Canberra  གཙོས་པའི་གྲོང་ཁྱེར་ཁག་ཏུ་ལས་འགུལ་སྤེལ་ཡོད་པ་མ་ཟད་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས་རང་རྒྱལ་ཁབ་ཀྱི་རྒྱལ་དར་དང་། པེ་ཅིང་དགུན་དུས་ཨོ་ལམ་པིཀ་ཕྱིར་འཐེན་དགོས་ཞེས་ཕྲེད་དར་བསྣམས་ཏེ་ངོ་རྒོལ་གནང་འདུགདེ་བཞིན་ནིའུ་ཛི་ལན་ཌི་གནས་སྡོད་བོད་མི་རྣམས་ནས་ཀྱང་དེ་འབྲེལ་གྱི་ལས་འགུལ་སྤེལ་འདུག་པ་མ་ཟད་ཁེ་ན་ཊ་གཙོས་ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི།  བྷོས་ཊོན།  ཡོ་རོབ་སོགས་ཀྱི་ནང་དུའང་དེ་རིང་ལས་འགུལ་སྤེལ་རྒྱུ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་ས་གནས་ཁག་ཏུ་ས་རྟགས་བསྡུ་རུབ་སོགས་ཀྱིས་ལས་འགུལ་སྤེལ་མུས་རེད་འདུག གཞན་ཡང་ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་དྲུག་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བར་རྒྱ་ནག་དམར་ཤོག་ཚོགས་པས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག  ཧོང་ཀོང་། དེ་བཞིན་རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་མ་ཟད་ཐེ་ཝན་ནང་བཙན་དབང་གིས་ཧམ་བཟུང་བྱེད་ཐབས་བྱེད་ཀྱི་ཡོད་སྟབས་རྒྱ་གཞུང་གི་བྱེད་ཕྱོགས་དེས་ཨོ་ལམ་པིཀ་རྩེད་འགྲན་གྱི་ཞེ་བདེ་དང་མཐུན་འབྲེལ་གཞི་རྩའི་ལྟ་གྲུབ་དང་འགལ་གྱི་ཡོད་པས་རྒྱ་ནག་ལ་ཨོ་རྩེད་གོ་སྒྲིག་གི་ཆ་རྐྱེན་ཚང་མེད་པར་སྐྱོན་བརྗོད་གནང་འདུགཚོགས་པ་དེ་དག་གིས་རྒྱལ་སྤྱིའི་ཨོ་ལམ་པིཀ་ལྷན་ཚོགས་ནས་རྩེད་འགྲན་པའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་སླད་ ༢༠༢༢ དགུན་དུས་ཨོ་ལམ་པིཀ་རྩེད་འགྲན་ཚོགས་ས་དེ་ས་གནས་གཞན་ལ་སྤོས་དགོས་པ་དང་།  ཐེ་ཝན་གྱི་གྲོས་ཚོགས་ནས་པེ་ཅིང་དགུན་དུས་ཨོ་ལམ་པིཀ་རྕེད་འགྲན་ཕྱིར་འཐེན་དགོས་པའི་གྲོས་ཆོད་གཏན་འབེབས་དགོས་པ་མ་ཟད་ཐེ་ཝན་གཞུང་ནས་དེར་རྒྱབ་སྐྱོར་གནང་དགོས་པ།  གལ་ཏེ་དགུན་དུས་ཨོ་ལམ་པིཀ་པེ་ཅིང་ནང་འཚོགས་ན་དེར་ཐེ་ཝན་གྱི་སྐུ་ཚབ་གཏང་རྒྱུ་མེད་པ་དང་དགུན་དུས་ཨོ་རྩེད་ལ་སྦྱིན་བདག་གནང་མཁན་ཚོས་རྒྱབ་སྐྱོར་གནང་མཚམས་འཇོག་དགོས་སྐོར་གྱི་དགོས་འདུན་བཏོན་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གཙོས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་དང་གཞོན་ནུ་ལྷན་ཚོགས།  བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། ཧིན་བོད་མཛའ་འབྲེལ་ཚོགས་པ། འཕགས་བོད་འབྲེལ་མཐུད་ཚོགས་པ་བཅས་ཚོགས་པ་བརྒྱད་ཀྱིས་རྒྱ་གར་གྱི་ཨོ་ལམ་པིཀ་ཚོགས་པའི་འགན་འཛིན་མཆོག་གི་མཚན་ཐོག་ཏུ་ཞུ་སྙན་ཕུལ་འདུག་པ་དང་།  དེའི་ནང་རྒྱ་གཞུང་གིས་བོད་མི་གཙོས་ཡུ་གུར་མི་རིགས་ཐོག་སྤེལ་བའི་བྱུས་ངན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་དང་དེ་བཞིན་རྒྱ་ནག་གིས་རྒྱ་གར་གྱི་མཐའ་མཚམས་ལ་ཧམ་འཛུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་པས་རྒྱ་ནག་ནས་ ༢༠༢༢ ལོའི་དགུན་དུས་ཨོ་ལམ་པིཀ་གོ་སྒྲིག་ཞུ་ཐབས་བྲལ་བ་ཡིན་སྐོར་སོགས་གསུངས་འདུག རྩ་བའི་ད་རེས་ཀྱི་ལས་འགུལ་དེ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་མི། ཡུ་གུར།  སོག་པོ།  ཧོང་ཀོང་།  རྒྱ་རིགས། ཐེ་ཝན་བཅས་ཀྱི་ཚོགས་པ་ཐུན་མོང་གིས་གནང་བ་ཞིག་དང་དགུན་དུས་ཨོ་ལམ་པིཀ་པེ་ཅིང་ནས་ཕྱིར་འཐེན་མ་གནང་བར་སྤེལ་གནང་རྒྱུ་རེད་འདུག

རྫ་དཔལ་ཡུལ་རྫོང་གི་སྡེ་དཔོན་ཞིག་རྒྱ་ནག་གིས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་སྒྱུར་འདུག

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འདི་ལོར་རྒྱ་ནག་དམར་གཞུང་ཚུགས་ནས་ལོ་ངོ་བརྒྱ་འཁོར་བའི་རྒྱལ་སྟོན་དུས་ཆེན་སྲུང་བརྩི་ཞུ་འཆར་དང་འབྲེལ་ནས། བོད་ཁུལ་གང་སར་སྔར་ལྷག་དམ་དྲག་ཤུགས་ཆེར་བྱེད་བཞིན་པའི་ཁྲོད་དུ། རྫ་དཔལ་ཡུལ་རྫོང་གི་སྡེ་དཔོན་བོད་མི་གསུམ་འཛིན་བཟུང་བྱས་ཏེ་གཅིག་ད་ཆ་གར་སོང་ཆ་མེད་དུ་སྒྱུར་ཡོད་པའི་གནས་ཚུལ་ཐོན་འདུགདེ་ཡང་ཁ་སང་བོད་ནང་གི་བོད་མི་ཞིག་གིས་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ། འདི་ལོའི་ཟླ་བ་བཞི་བའི་ཟླ་མཇུག་ལ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་མིའི་སྡེ་དཔོན་རྡོ་རྗེ་ལགས་དང་ཆོས་ཉིད་ལགས། དེ་བཞིན་བསོད་ནམས་ཕུན་ཚོགས་གསུམ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཁོང་རྣམས་ཀྱི་ཡུལ་མི་རྣམས་ལ་ཁོང་ཅག་འཛིན་བཟུང་བྱེད་དགོས་བའི་ནག་ཉེས་སོགས་འགྲེལ་བརྗོད་བྱས་མི་འདུག རྗེས་སུ་སྐབས་དེར་འཛིན་བཟུང་བྱས་པའི་སྡེ་དཔོན་གསུམ་ལས་བོད་མི་བསོད་ནམས་ཕུན་ཚོགས་ལགས་དང་ཆོས་ཉིད་གཉིས་གློད་གྲོལ་བཏང་ཡོད་ནའང་། བོད་མི་རྡོ་རྗེ་ཞུ་བ་དེ་ད་དུང་བཀག་སྐྱིལ་གྱི་འོག་ཏུ་ཡོད་པ་མ་ཟད་ཁོང་གི་སྐོར་གྱི་གནས་ཚུལ་གཅིག་ཀྱང་གསལ་བཤད་མེད་པར་གར་སོང་ཆ་མེད་དུ་བསྒྱུར་ཡོད་པར་འགྲེལ་བརྗོད་གནང་འདུག ཁོང་རྣམས་གློ་བུར་དུ་འཛིན་བཟུང་བྱས་པའི་གནད་དོན་དང་འབྲེལ་ནས། གནས་ཚུལ་མཁོ་སྤྲོད་པས་ཁོང་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་ནག་ཉེས་ཅི་ཡང་བསགས་མེད་པར་ངོ་སྤྲོད་དང་ལྷན་དུ། མང་ཚོགས་ཀྱི་ཁྲོད་དུ་ཁོང་རྣམས་འཛིན་བཟུང་རྒྱབ་ལྗོངས་ལ་ཚོད་དཔག་གནང་བཞིན་པའི་ཁྲོད་དུ། རྒྱ་ནག་གིས་མང་ཚོགས་ལ་ལོ་ལྟར་རོགས་དངུལ་སྤྲོད་བཞིན་པ་དེ་དག་བོད་མིའི་སྡེ་དཔོན་རྣམས་ཀྱིས་ཆོས་ཕྱོགས་ཀྱི་བྱའམ། སྐུ་གདུང་མཆོད་རྟེན་བཞེངས་བ་སོགས་དང་འབྲེལ་ནས་ཁོང་རྣམས་འཛིན་བཟུང་བྱས་ཡོད་ཚོད་དཔག་གནང་མཁན་ཡོད་པར་གསུངས་འདུག གཞི་རྩའི་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ནས་བོད་ནང་དུ་མང་ཚོགས་སྤྱི་སྒེར་ཡོངས་ཀྱིས་ཞི་རྒོལ་གྱི་རྣམ་པ་འདྲ་མིན་གྱི་ཐོག་ནས་རྒྱ་ནག་གི་བཙན་འཛུལ་ལ་རྒོལ་རྡུང་གི་གནད་དོན་རིམ་པ་བྱུང་བཞིན་པ་མ་ཟད། རྒྱ་ནག་གི་དབང་བསྒྱུར་གྱི་འོག་ཏུ་བོད་མིའི་ཆོས་རིག་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་མུ་མཐུད་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གིས་ཁྱོན་ཡོངས་ནས་བོད་ནང་གི་གནས་ཚུལ་འཁོར་རྒྱུགས་ལ་སྔར་ལྷག་བཀག་སྡོམས་བྱེད་བཞིན་པར་བརྟེན། ད་ཆ་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱི་ལ་མཁོ་སྤྲོད་གནང་རྒྱུར་སྔར་ལྷག་དཀའ་ངལ་འཕྲད་བཞིན་པ་མ་ཟད། བོད་མི་ནང་ཁུལ་དུ་ཡང་རྒྱ་ནག་གིས་གླ་དངུལ་ཆེན་པོ་སྤྲད་ནས་ཕན་ཚུན་བར་ལ་གསང་ཉུལ་བྱེད་མཁན་བཞག་ཡོད་པའི་གནས་ཚུལ་ཕྱི་ལ་ཐོན་པ་ལྟར། བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་རྒྱུ་དེ་ནི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་ཞིག་ཆགས་ཡོད་པ་རེད།

ཧི་མཱ་ཅལ་མངའ་སྡེར་ཕྱི་ཕྱོགས་ནས་ཡོང་མཁན་ཚོ་ཐོ་འགོད་གནང་མི་དགོས་པ།

དེང་སྐབས་རྒྱ་གར་ཁྱོན་ཡོངས་དང་ལྷག་པར་ཧི་མཱ་ཅལ་མངའ་སྡེ་ནང་དུ་རྒྱ་ནག་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་རླབས་གཉིས་པའི་གནས་སྟངས་ཅུང་དྲག་ཏུ་འགྲོ་བཞིན་པ་དང་བསྟུན་ནས་ཕྱི་ཟླ་ ༧ ཚེས་ ༡ ནས་ཧི་མཱ་ཅལ་ནང་དུ་ཕྱི་ཕྱོགས་ནས་ཕེབས་མཁན་རྣམས་ནས་ E-pass ཞེས་དམིགས་བསལ་མཐོ་གནང་མི་དགོས་པའི་གསལ་བསྒྲགས་གནང་འདུག ཁ་སང་ཧི་མཱ་ཅལ་མངའ་སྡེའི་རིམས་ནད་སྔོན་འགོག་ཛ་དྲགས་ཚོགས་ཆུང་གིས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་སྒྲིག་གཞི་ཁག་ལྷོད་ཡངས་དང་འབྲེལ་བའི་གསལ་བསྒྲགས་ཤིག་ཡོངས་ཁྱབ་གནང་བར་དེ་སྔ་མངའ་སྡེའི་འབྲེལ་ཡོད་སྡེ་ཚན་གྱིས་གཉན་རིམས་འགོག་ཐབས་དང་འབྲེལ་ཏེ། མངའ་སྡེར་ཕྱི་ཕྱོགས་ནས་ཕེབས་མཁན་རྣམས་ལ་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་འབྲས་སུ་ནད་ཕོག་མེད་པའི་དཔང་ཡིག E-Pass Portal ཞེས་པའི་དྲ་རྒྱ་བརྒྱུད་ཐོ་འགོད་གནང་དགོས་པའི་ཆ་རྐྱེན་ཞིག་སྐྲུན་ཡོད་པ་དེ་ལྟར་ནའང་། ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱིར་འཐེན་གནང་གི་ཡོད་པ་མ་ཟད། ཚོང་ཁང་རིགས་ཕྱི་དྲོ་ཚོུད་ ༨ བར་ཚོང་གཉེར་གནང་ཆོག་པ་དང་ཟ་ཁང་དང་ཨར་ཁང་སོགས་མཚན་མོའི་ཚོུད་ ༡༠ བར་གཉེར་འཐུས་ཀྱི་ཁྲིམས་སྒྲིག་གཏན་འབེབས་གནང་འདུག དེ་བཞིན་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་སྟེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཁག་གིས་གཉན་རིམས་སྔོན་འགོག་གི་གནང་སྒོ་ཁག་འཐུས་ཚང་དམ་དོན་གནང་སྟེ་ལས་བྱེད་གྲངས་འབོར་བརྒྱ་ཆ་ ༡༠༠ ཐམ་པ་ལས་བཅར་ཞུ་ཆོག་པ་བཟོས་འདུག གཞན་ཡང་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་རིགས་གནང་སྐབས་མི་གྲངས་ ༥༠ བར་དུ་འདུ་འཛོམས་གནང་ཆོག་པ། དེ་བཞིན་དགོན་པ་དང་ལྷ་ཁང་བཅས་མི་མང་གི་དད་གུས་ཞུ་ཡུལ་ས་ཚིགས་ཁག་ལ་གཉན་རིམས་སྔོན་འགོག་གི་གནང་སྒོ་རྣམས་ལག་བསྟར་དང་མཐུན་འགྱུར་གནང་ཐོག་སྒོ་ཕྱེ་ཆོག་པ་དེ་ལྟར་ནའང་། འདུ་ཚོགས་རིགས་གནང་མི་ཆོག་པའི་བཀའ་རྒྱ་བཏང་འདུགམངའ་སྡེ་ཕན་ཚུན་དབར་གྱི་སྤྱི་སྤྱོད་རླངས་འཁོར་རྣམས་མི་ཤོང་ཚད་ལས་བརྒྱ་ཆ་ ༥༠ མ་གཏོགས་མེད་རྐྱེན་ལས་དོན་དབུ་འཛུགས་གནང་ཆོག་པ་བཟོས་ཡོད་པ་དེ་ལྟར། ཕྱིར་སྐྱོད་པའི་སྐབས་སུ་ཁ་རས་གྱོན་རྒྱུ་དང་ཕན་ཚུན་དབར་རྒྱང་ཐག་འཇོག་རྒྱུ་སོགས་སྔར་བཞིན་དགོས་ངེས་ཡིན་པར་བཀོད་འདུག རྩ་བའི་སྔ་ལོའི་ལོ་འགོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་གཉན་རིམས་འདི་ཐོག་མར་ཁྱབ་བརྡལ་ཕྱིན་པ་ནས་བཟུང་སྟེ་ཧི་མཱ་ཅལ་མངའ་སྡེ་ལྟ་བུར་ཆ་མཚོན་ན། ད་བར་རིམས་ནད་ཕོག་མཁན་མི་འབུམ་གཉིས་ལྷག་ཙམ་བྱུང་ཡོད་པའི་ཁོངས་ནས་འབུམ་གཅིག་དང་སྟོང་ཕྲག་ ༩༥ ཙམ་དྲག་སྐྱེད་བྱུང་བ་དང་མི་ ༣༤༤༨ ཙམ་འདས་གྲོངས་སུ་གྱུར་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཆ་མཚོན་ན། ད་བར་རྒྱ་བལ་འབྲུག་གསུམ་གྱི་ནང་དུ་ཁྱོན་བོད་མི་ ༥༠༠༠ ལྷག་ཙམ་ལ་རིམས་ནད་ཕོག་ཡོད་པ་དང་དེའི་ཁོངས་ནས་མི་ ༤༣༠༠ ལྷག་ཙམ་དྲག་སྐྱེད་བྱུང་བ་དང་མི་ ༡༢༨ འདས་གྲོངས་སུ་གྱུར་ཡོད་པ་རེད།

རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་སྲུང་བརྩི།

ཟླ་བ་འདིའི་ཚེས་ ༢༦ ཉིན་མོ་ནི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ནས་གཏན་འབེབས་གནང་བའི་ International Day in Support of Victims of Torture འམ་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་ཡིན་པ་དང་བསྟུན།རྒྱ་གཞུང་གི་བཙོན་འཇུག་འོག་མནར་གཅོད་ཕོག་མཁན་བོད་མིའི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གིས་དྲྭ་རྒྱ་བརྒྱུད་ད་ལྟ་རྒྱ་གཞུང་གི་བཙོན་འཇུག་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མིའི་ཆབ་སྲིད་བཙོན་པ་ཁག་ཅིག་གི་གནད་དོན་འབུར་དུ་བཏོན་གནང་བའི་ End Tibet Torture ཞེས་བོད་ནང་རྡུག་རྩུབ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་ནས་འདི་ལོའི་རྒྱལ་སྤྱིའི་མནར་གཅོད་འགོག་རྒོལ་ཉིན་མོ་དེ་སྲུང་བརྩི་ཞུ་བཞིན་འདུགཨ་རིར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་ནང་རྒྱ་གཞུང་གི་ངོས་ནས་བོད་མིར་མི་སྤྱོད་ལས་འདས་པའི་མནར་གཅོད་ཀྱི་བྱ་འགུལ་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་འདུག་པ་དང་། དེའི་ཁྲོད་ལས་འགུལ་ཁང་གི་དྲ་གནས་དང་སྤྱི་ཚོགས་དྲ་རྒྱའི་ཐོག་ཁ་སང་ནས་དབུ་འཛུགས་ཀྱིས་ཉིན་མ་རེ་རེ་ལ་བོད་མིའི་ཆབ་སྲིད་བཙོན་ཟུར་རེ་རེས་བོད་ནང་བཙོན་འཇུག་མནར་གཅོད་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམ་པའི་གནད་དོན་འབུར་དུ་བཏོན་ནས་ཁོང་རྣམས་གང་མགྱོགས་གློད་བཀྲོལ་དགོས་པའི་ཞུ་འབོད་གནང་བའི་བརྙན་པར་འདོན་སྤེལ་གནང་འདུག ལས་འགུལ་དེའི་ནང་དུ་མཉམ་ཞུགས་གནང་མཁན་གྱི་བོད་མིའི་ཆབ་སྲིད་བཙོན་ཟུར་ཁོངས་སུ་དེ་སྔ་གྲྭ་བཞི་བཙོན་ཁང་དུ་མི་ལོ་ ༡༡ ཙམ་གྱི་རིང་བཙོན་འཇུག་མནར་གཅོད་མྱངས་པའི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་སྒྲོན་ལགས་དང་ཕུན་ཚོགས་ཉི་སྒྲོན་ལགས། དེ་བཞིན་རིག་འཛིན་ཆོས་སྐྱིད་ལགས་བཅས་དང་། ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལམ་པིཀ་རྩེ་འགྲན་དང་འབྲེལ་བོད་ནང་གི་བོད་མིའི་ཚོར་བའི་སྐོར་གློག་བརྙན་བཟོ་སྐབས་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས། མགོ་ལོག་འཇིགས་མེད་ལགས་བཅས་ཆབ་སྲིད་བཙོན་ཟུར་ ༥ ཡིས་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་དུ་ཚེ་བཙོན་མྱོང་བཞིན་པའི་དབང་འདུས་ལགས་དང་ལོ་ ༢༠ རིང་བཙོན་འཇུག་རྗེས་གློད་བཀྲོལ་ཐོབ་ཀྱང་སླར་ཁེར་རྐྱང་ལས་འགུལ་སྤེལ་རྐྱེན་མི་ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་པ་བློ་གྲོས་ལགས། དེ་བཞིན་མི་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་པའི་ཡེ་ཤེས་ཆོས་སྒྲོན་ལགས། དེ་སྔ་བཙོན་འཇུག་སྐབས་སྐུ་གཟུགས་བདེ་ཐང་ཡིན་ཀྱང་ད་ལྟ་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པར་བརྟེན་གཟུགས་གཞི་བདེ་མིན་གྱུར་བ་ཐམས་མཁས་རྒྱ་མཚོ་ལགས། གཞན་ཡང་བོད་ནང་གི་བོད་མིའི་གནས་སྟངས་སྐོར་རྩོམ་ཡིག་སྤེལ་རྐྱེན་འཛིན་བཟུང་བཙོན་བྱས་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་བཅས་བོད་མི་ལྔའི་གནད་དོན་འབུར་བཏོན་གནང་འདུག དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་པའི་བསྟི་གནས་ཁང་གི་ཚོགས་མི་འབུམ་གཅིག་ཙམ་ལ་རང་རང་སོ་སོའི་སྤྱི་ཚོགས་དྲ་ལམ་ཐོག་བོད་ནང་རྒྱ་གཞུང་གི་མནང་གཅོད་མྱོང་བཞིན་པའི་སྐོར་སྦྱར་ཡིག་དང་སྦྲགས་སྒྲོན་མེ་བསྣམས་པའི་འདྲ་པར་ཆེད་འཇོག་གི་ལས་འགུལ་ནང་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བ་མ་ཟད།ལས་འགུལ་ཁང་གི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་སྐུ་ཞབས་ Michelle Bachelet མཆོག་གི་མཚན་ཐོག་ལ་རྒྱ་གཞུང་དང་ལྷན་དུ་བོད་མིའི་ཐོག་སྤེལ་བཞིན་པའི་དྲག་པོའི་བྱ་སྤྱོད་ཁག་མཚམས་འཇོག་དགོས་སྐོར་འཁོད་པའི་ཕྱག་བྲིས་ཐོག་བོད་དོན་རྒྱབ་སྐྱོར་བ་ཆིག་ཁྲི་བདུན་སྟོང་ལྷག་གི་མཚན་རྟགས་ཡོད་པའི་ཞུ་སྙན་ཞིག་ཕུལ་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་རྒྱ་ནག་ནང་དུ་ཁྲིམས་ཀྱི་དབང་སྒྱུར་ཡོད་པ་སོགས་འཁོད་ཡོད་པ་དེ་ལྟར་ཡང་། འདས་པའི་ལོ་ངོ་ ༦༠ ནང་བོད་ལ་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་དང་ཡོངས་སུ་འགལ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་དང་སྤེལ་མུས་ཁྲོད་རྒྱ་ནག་གི་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱོངས་རྐྱེན་བོད་མིའི་ཆབ་སྲིད་བཙོན་པ་མང་དག་ཅིག་བཙོན་ཁང་ནང་དུ་སྐུ་གྲོངས་པ་དང་ཁག་ཅིག་བཙོན་གྲོལ་རྗེས་སུ་གྲོངས་པ། དེ་བཞིན་བཙོན་གྲོལ་བཏང་ནས་རིང་པོ་མ་སོང་བར་འདས་གྲོངས་སུ་གྱུར་བ་སོགས་ཀྱི་གནད་དོན་རིམ་པ་བྱུང་བའི་ཁྲོད་སྔ་ལོ་ ༢༠༢༠ ལོར་རྒྱ་གཞུང་གི་བཙོན་ཁང་དུ་མནར་གཅོད་ཚད་ལས་བརྒལ་བ་མྱངས་པའི་བོད་མི་གཉིས་ཙམ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་འདི་ལོར་གནས་ཚུལ་དེ་རིགས་གཉིས་ཙམ་ཤེས་རྟོགས་བྱུང་ཡོད་པ་རེད།

Latest news