Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: August, 2021

༸གོང་ས་མཆོག་གི་༸སྐུ་པར་ཉར་བ་དང་འབྲེལ་ནས་བོད་མི་དྲུག་ཅུ་ཙམ་འཛིན་བཟུང་།

རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་ནས་བོད་པའི་དགེ་འདུན་པ་ ༡༩ དང་མི་སྐྱ་༤༠ བཅས་ཁྱོན་མི་ ༦༠ ཙམ་འཛིན་བཟུང་བྱས་འདུག་པ་དང་དེ་དག་ལས་མང་ཆེ་བ་༸གོང་ས་མཆོག་གི་༸སྐུ་པར་ཉར་གནང་བའི་ཉེས་མིང་འོག་འཛིན་བཟུང་བྱས་འདུགརླུང་འཕྲིན་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་རྫ་སྨད་ཁུལ་དུ་རྒྱའི་དམག་མིའི་རླངས་འཁོར་བདུན་བརྒྱད་ཅིག་འབྱོར་བ་དང་འབྲེལ་ཏེ་རྫ་དབོན་པོ་ཡུལ་ཚོ་ཁུལ་གྱི་དབོན་པོ་དགོན་པའི་དགེ་འདུན་པ་ ༡༩ དང་མི་སྐྱ་ ༤༠ བཅས་ཁྱོན་མི་ ༦༠ ཙམ་སྔ་རྗེས་སུ་འཛིན་བཟུང་བྱས་ནས་སེར་ཤུལ་རྫོང་ཐོག་ཏུ་བཀག་ཉར་བྱེད་བཞིན་པ་རེད་འདུག འཛིན་བཟུང་བྱས་པའི་ཁོངས་ནས་རེ་ཟུང་ཞིག་ལ་རླངས་འཁོར་དང་སྦག་སྦག་གི་ཡིག་ཆ་མེད་པ་སོགས་ཀྱི་རྐྱེན་གྱིས་ཡིན་ཡང་ཕལ་མོ་ཆེ་༸གོང་ས་མཆོག་གི་༸སྐུ་པར་ཉར་གནང་བ་དང་འབྲེལ་འཛིན་བཟུང་བྱས་པ་ཞིག་འདུགདེ་སྔོན་ཨ་རི་ནང་དུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བར་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༥ ཉིན་ལ་རྒྱ་ནག་གི་བཅིངས་གྲོལ་དམག་གི་ཁྱབ་ཁོངས་སུ་འཇིགས་སྐུལ་ལ་གདོང་ལེན་གྱི་དམག་མི་རུ་ཁག་རྫ་དབོན་པོ་སྡེ་ཁུལ་སོ་སོར་ཆེད་བསྐྱོད་ཀྱིས་བོད་མི་ཁག་ཅིག་གི་ཁྱིམ་ཚང་ལ་གཙང་བཟོ་བྱས་ཚུལ་འོག་༸གོང་ས་མཆོག་གི་༸སྐུ་པར་ཡོད་པའི་བོད་པའི་ཁྱིམ་ཚང་ཁག་ཐོ་འགོད་བྱས་པ་མ་ཟད་བོད་པའི་ཁྱིམ་ཚང་ཁག་ཏུ་རྒྱ་ནག་གི་དཔོན་རིགས་འདྲ་པར་སྒྲིག་གཤོམ་བྱེད་དགོས་པར་བརྗོད་ཡོད། ཐེངས་འདིར་འཛིན་བཟུང་བྱས་པའི་བོད་མི་ཁག་ཅིག་འདི་ལོའི་ཕྱི་ཟླ་ ༣ པའི་ནང་དུ་༸གོང་ས་མཆོག་གི་༸སྐུ་པར་ཉར་མཁན་ཁོངས་སུ་ཐོ་འགོད་ཟིན་པ་ཆགས་ཀྱི་འདུག  ཉེ་ཆར་འགྲེམས་འཇོག་བྱས་པའི་ཉེན་རྟོག་པས་རྫ་སྨད་དབོན་པོ་ཡུལ་ཚོའི་སྡེ་ཁག་གམ་རུ་ཁག་རེ་རེ་བཞིན་བོད་མིའི་ཁྱིམ་ཚང་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་ཡོད་མེད་སོགས་ཀྱི་སྔོག་བཤེར་གྱི་བྱ་སྤྱོད་སྤེལ་འདུག ཁ་སང་ཚེས་ ༢༥ ཉིན་ས་གནས་སྲིད་གཞུང་གིས་ཁུལ་དེའི་མང་ཚོགས་ལོ་ན་ ༡༨ ཡན་ཚང་མ་བཙན་དབང་ཐོག་བསྐོང་སྟེ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པ་དང་ཁ་པར་ཐོག་ནས་གནས་ཚུལ་དང་པར་རིགས་གང་ཡང་གཏོང་རེས་མི་ཆོག་པ། དེ་བཞིན་ཕྱི་ཕྱོགས་ལ་གནས་ཚུལ་གཏོང་མི་ཆོག་པ་སོགས་ཀྱི་བཀོད་ཁྱབ་བཏང་འདུག རྩ་བའི་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྫ་སྨད་དབོན་པོ་ཁུལ་དུ་དགེ་འདུན་པ་ཁག་ཅིག་གིས་བོད་དོན་ཡིག་ཆ་གཏོར་འགྲེམས་བྱས་པ་དང་། མི་སྐྱ་ཡོན་ཏན་ལགས་དང་ལྷ་རྒྱལ་ལམ་ཆོས་རྒྱལ་ལགས་གཉིས་ཀྱིས་སྲིད་གཞུང་གི་སྒོ་ཁར་ཕྱིན་ནས་བོད་དོན་ངོ་རྒོལ་གནང་བའི་རྐྱེན་གྱིས་ཁོང་རྣམས་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔར་ལོར་རྒྱ་གཞུང་གིས་དབོན་པོ་ཡུལ་ཚོའི་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་བཀག་ཉར་འོག་གཅར་རྡུང་ཚད་མེད་བཏང་སྟེ་དམར་གསོད་བཏང་བའི་གནས་ཚུལ་ཡང་ཤེས་རྟོགས་བྱུང་ཡོད་པ་ལྟར། དེའི་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༣ ནང་རྒྱ་གཞུང་གི་དྲག་ཆས་དམག་མི་བསླེབས་ནས་དམ་དྲག་བྱས་པ་དང་། ད་ལྟ་བོད་མི་ ༦༠ སྐོར་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་ཡོད་པར་ངོས་འཛིན་གནང་བཞིན་འདུག རྒྱ་གཞུང་གིས་རྫ་དབོན་པོས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་འབྲོག་པ་གཞིས་སྤོར་གྱི་སྲིད་བྱུས་འོག་བོད་མིའི་འཚོ་བའི་གནས་སྟངས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་བརླག་འགྲོ་བཞིན་པ་དང་། ༸གོང་ས་མཆོག་གི་༸སྐུ་པར་ཉར་ཚགས་ལ་དམ་དྲག བོད་མི་རྣམས་ལ་བཙན་དབང་གིས་རྒྱ་ནག་གཞུང་ལ་དགའ་མོས་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་སོགས་ལ་བརྟེན་ནས་བོད་མིས་ངོ་རྒོལ་གྱི་རྣམ་པ་དེ་ལྟར་ཐོན་བཞིན་ཡོད་པ་གསུངས་ཡོད།

བློན་ཆེན་གྱི་དགོངས་རྫོགས་སྨོན་ལམ་དང་འབྲེལ་བོད་དང་ཁུ་ནུའི་འབྲེལ་ལམ་སྐོར་གྱི་བགྲོ་གླེང་།

དེ་རིང་སྔ་དྲོ་ཕྱག་ཚོད་༩།༣༠ ཐོག   བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་ Virbhadra Singh མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན་ཁུ་ནུ་དང་བོད་དབར་འབྲེལ་བའི་ལོ་རྒྱུས་བགྲོ་གླེང་ཞིག་སྐོང་འཚོགས་གནང་སོང་།དེ་རིང་གི་ལས་རིམ་དེའི་ཐོག  སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་ཁག་ཅིག་དང་། སཱ་ར་སློབ་གཉེར་ཁང་གི་སློབ་མ་ཁག་ཅིག་གིས་མཉམ་ཞུགས་གནང་བ་མ་ཟད། ཉིན་གཅིག་རིང་གི་ལས་རིམ་དེའི་ཐོག་ཁུ་ནུའི་ཆེད་མཁས་བ་མང་དག་ཅིག་གིས་དྲ་ཐོག་ནས་འཛུལ་ཞུགས་བྱས་པའི་ཐོག   ཁུ་ནུ་བ་བློན་ཆེན་དམ་པ་ཁོང་གི་ལོ་རྒྱུས་ངོ་སྤྲོད་དང་། དུས་རབས་བཅུ་བདུན་པའི་ནང་བོད་དང་ཁུ་ནུའི་བར་གྱི་ཆིངས་ཡིག་སྐོར། ཕྱོགས་གཉིས་ཀྱི་ཚོང་འབྲེལ། དེ་བཞིན་ཁུ་ནུའི་ནང་གི་དགེ་ལུགས་དང་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཁག་གི་སྐོར་སོགས་བརྗོད་གཞི་སྣ་མང་ཐོག་གཏམ་བཤད་གནང་སོང་།དེ་རིང་གི་མཛད་རིམ་ཐོག་མར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཁུ་ནུ་དང་བོད་བར་གྱི་འབྲེལ་བའི་སྐོར་ནས་ངོ་སྤྲོད་གཏམ་བཤད་གནང་བའི་ནང་དུ།  འདས་བའི་མི་ལོ་དྲུག་ཅུ་ལྷག་གི་ནང་དུ། ཚེ་འདས་དམ་པ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གིས་ཁུ་ནུ་དང་བོད་ཀྱི་མཛའ་མཐུན་འབྲེལ་བ་དེ་མུ་མཐུད་རྒྱུན་སྐྱོང་དང་། ལྷག་པར་༸གོང་ས་མཆོག་ལ་སྙིང་ཉེ་ཞིང་བོད་དོན་རྒྱབ་སྐྱོར་གནང་བ་དང་བཙན་བྱོལ་བོད་མིའི་ལོ་རྒྱུས་ཐོག་ཕན་ཚུན་ཆིག་ཡིག་གཞིར་བཟུང་མཛའ་བརྩེའི་འབྲེལ་ལམ་རྒྱུན་གནས་ཡོང་བ་བཅས་ལ་དམིགས་ནས་དེ་རིང་གི་བརྒྱ་མཆོད་སྨོན་ལམ་དང་བགྲོ་གླེང་གི་ལས་རིམ་དེ་གོ་སྒྲིག་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་མ་ཟད།  ཁུ་ནུའི་ནང་བོད་ཀྱི་ཆོས་དང་རིག་གཞུང་གི་མཁས་བ་མང་པོ་བྱུང་ཡོད་པའི་ཁྲོད།  ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟབ་ཆོས་ཞུ་ས་ཡང་ཁུ་ནུའི་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ཆགས་སྐོར་སོགས་ཀྱི་གཏམ་བཤད་གནང་སོང་། སྐབས་དེར་ཁུ་ནུ་ཁུལ་གྱི་རྒྱ་གར་གྱི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཟུར་བ་སྐུ་ཞབས་ Bhagat Singh Kinnar ལགས་ཀྱིས་གཏམ་བཤད་གནང་བའི་ནང་དུ། བོད་རང་དབང་རང་བཙན་སྐབས་ནས་ཁུ་ནུ་དང་བོད་ཀྱི་དབར་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་བསལ་གྱི་འབྲེལ་བ་ཡོད་པར་འགྲེལ་བརྗོད་ཀྱིས་བོད་ཀྱི་ཁ་འབབ་ཆེན་པོ་བཞི་ལས་གླང་ཆེན་ཁ་འབབ་དེ་བོད་ནས་སྟོད་མངའ་རི་བརྒྱུད་དེ་ཁུ་ནུའི་ཁུལ་དུ་འབབ་ཀྱི་ཡོད་པར་གསུངས་པ་དང་སྦྲགས། ལྷག་དོན་ཁུ་ནུ་ནང་གི་བླ་མ་དང་དགེ་འདུན་པ་མི་ཉུང་བ་ཞིག་བོད་ལ་ཆེད་ཕེབས་ཀྱི་སློབ་གཉེར་གནང་བའི་ཐུན་མིན་གྱི་འབྲེལ་སོགས་ཀྱི་སྐོར་ལ་གསུངས་སོང་།དེ་བཞིན་སྐབས་དེར་སྐྱབས་རྗེ་ལོ་ཆེན་རིན་པོ་ཆེ་མཆོག་གིས་བོད་དང་ཁུ་ནུའི་འབྲེལ་ལམ་གྱི་ལོ་རྒྱུས་སྤྱི་བཤད་ཅེས་པའི་ཐོག་གཏམ་བཤད་གནང་བའི་ནང་དུ། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་དམ་པ་དེ་ཉིད་མཆོག་ནི་ཁུ་ནུའི་རྒྱལ་རྒྱུད་ཡིན་རབས་དང་འབྲེལ་ནས། ཁུ་ནུ་དང་བོད་ཀྱི་བར་དུ་ལོ་ངོ་མང་པོའི་ནང་དུ་ཆོས་དང་རིག་གཞུང་གི་འབྲེལ་བ་ཡག་པོ་ཡོད་པ་ཟད།  སྟོད་མངའ་རི་དང་ཁུ་ནུ་གཉིས་ནི་རི་བོ་ཞིག་གི་ཕར་ཚུར་ལ་ཡོད་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་ནས། ཁུ་ནུའི་ཁུལ་དུ་སྔ་མོའི་བོད་ཀྱི་བོན་ཆོས་ཀྱི་ཆོས་ལུགས་ཀྱི་ཆོ་ག་སྟེ། དམར་མཆོད་བྱེད་སྟངས་དང་དེ་བཞིན་བྲག་རི་ལ་བོན་ཆོས་ཀྱི་ཆོ་གའི་རི་མོ་བྲིས་བཞག་པ་སོགས་དུས་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་མ་ཟད། སྔ་མོ་བོད་དང་ཁུ་ནུ་གཉིས་ཀྱི་བར་དུ་གཉེན་སྒྲིག་གི་འབྲེལ་ལམ་ཡང་བྱུང་ཡོད་པ་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་སོང་། གཞི་རྩའི་དེ་རིང་གི་བགྲོ་གླེང་གི་ལས་རིམ་དེར་ཁུ་ནུའི་རྒྱལ་རྒྱུད་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་རཱ་ཇཱ་བཱིར་བྷ་དྲ་སིངྷ་མཆོག་གི་དགོངས་རྫོགས་ཞེ་དགུའི་སྨོན་ལམ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། དམ་པ་དེ་ཉིད་ནི་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལོ་མང་གི་རིང་མཛའ་འབྲེལ་ཡོད་པའི་རྒྱ་གར་གྱི་དཔོན་རིགས་ཤིག་ཆགས་ཡོད་པ་དང་། དེ་རིང་གི་ལས་རིམ་ཐོག་ཁུ་ནུའི་ཁུལ་གྱི་མཁས་དབང་བཅུ་གྲངས་ཤིག་གིས་ཁུ་ནུ་དང་བོད་བར་གྱི་ཆོས་དང་རིག་གཞུང་དང་དེ་བཞིན་ཚོང་ལས་དང་ཆིངས་ཡིག་སོགས་ཀྱི་མཛའ་འབྲེལ་གྱི་སྐོར་ནས་དྲ་ཐོག་བརྒྱུད་ནས་གཏམ་བཤད་གནང་ཡོད་པ་རེད།

བསམ་བློ་ཡོད་མཁན་གྱི་མི་ཚོས་ཞི་ཅིན་ཕིང་གི་ལྟ་གྲུབ་ལ་རིན་ཐང་དང་གོ་ལར་ཕན་པ་ཞིག་མཐོང་གི་མེད།

བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤེས་ཡོན་ལྷན་ཁང་ནས་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་ལྟ་གྲུབ་བམ་དགོངས་པ་ཞེས་པ་དེ་རྒྱ་ནག་ཁྱོན་ཡོངས་སུ་ཡོད་པའི་དམའ་རིམ་གྱི་སློབ་གྲྭ་ཁག་ནས་མཐོ་སློབ་བར་དང་། དེ་བཞིན་ལག་ཤེས་སྦྱོང་བརྡར་ལྟེ་གནས་སོགས་ཤེས་ཡོན་དང་ལག་ཤེས་ཀྱི་སྡེ་ཁག་ཚང་མར་དངོས་སུ་སློབ་ཁྲིད་བྱེད་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་རེད།ཞི་ཅིན་ཕིང་གི་ལྟ་གྲུབ་ཅེས་པ་དེ་ཐོག་མར་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་རྒྱ་ནག་མི་མང་ཚོགས་ཁང་ཆེན་པོར་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཐོག་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོངས་གྲགས་བྱས་ཏེ་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྩ་ཁྲིམས་ཁོངས་སུ་བཅུག་པ་དང་ཞི་ཅིན་ཕིང་གི་ལྟ་གྲུབ་ནང་གཙོ་བོ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྡེ་ཚན་ཚང་མར་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒྱ་སྐྱེད་གཏོང་ཐབས་དང་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ཡོན་ཀྱི་ལས་དོན་ཐམས་ཅད་རྒྱ་ནག་གི་ཁྱད་ཆོས་ལྡན་པ་བཟོ་ཐབས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་རྒྱ་ནག་གཅིག་གི་སྲིད་བྱུས་རྩ་འཛིན་གོང་འཕེལ་གཏོང་ཐབས་སོགས་རྒྱ་ནག་དམར་ཤོག་ཚོགས་པ་སྲ་བརྟན་གོང་འཕེལ་ཁོ་ནར་དམིགས་པའི་དོན་ཚོན་ཆེ་ཁག་བཅུ་གཅིག་བཀོད་ཡོད་པ་རེད།རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཞི་ཅིན་ཕིང་གི་ལྟ་གྲུབ་ནང་གསལ་བའི་དོན་ཚན་རྣམས་སློབ་གྲྭ་ཁག་གི་བསླབ་གཞིའི་ཁོངས་སུ་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དང་བསྟུན། ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་དེ་ལྟར་ལག་བསྟར་བྱས་ཚེ་བོད་ཀྱིས་གཙོས་པའི་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་རྒྱལ་ཁབ་ཚོར་ཤུགས་རྐྱེན་གང་ཐེབས་དང་ལྟ་གྲུབ་དེ་ལམ་ལྷོངས་ཐུབ་མིན་སྐོར་བཅར་འདྲི་ཞུས་པར་འཛམ་གླིང་ཐོག་འགན་ཁུར་མཁན་དང་བསམ་བློ་ཡོད་མཁན་ཚོས་ཞི་ཅིན་ཕིང་གི་ལྟ་གྲུབ་དེ་ཕྲུ་གུའི་རྩེད་ཆས་ལྟ་བུ་ཞིག་ཙམ་ལས་ལྟ་གྲུབ་ལ་རིན་ཐང་དང་གོ་ལར་ཕན་པ་ཞིག་མཐོང་གི་མེད་པར་གསུངས་ཡོད།ཞི་ཅིན་ཕིང་གི་ལྟ་གྲུབ་དེ་རྐང་རྒྱ་ནག་དམར་ཤོག་ཚོགས་པ་རྒྱ་སྐྱེད་དང་རྒྱ་ནག་གཅིག་གི་སློབ་གསོ་སྤེལ་རྒྱུར་དམིགས་པ་ཞིག་ཡིན་སྟབས། གྲངས་ཉུང་མི་རིགས་ཀྱི་ས་གནས་བོད་ཁུལ་དུ་ལྟ་གྲུབ་དེ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་མི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་རང་དབང་སོགས་ཀྱི་གནས་བབ་ཐད་ལ་སྔར་ལྷག་དམ་དྲག་བྱེད་ངེས་ཡིན་པ་གསུངས་སོང་། གཞི་རྩའི་ཞི་ཅིན་ཕིང་གིས་རང་ཉིད་ཀྱི་ཆབ་སྲིད་ལྟ་གྲུབ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ཀྱི་ཁོངས་སུ་བཅུག་སྟེ་མི་སེར་རྣམས་ལ་སློབ་ཁྲིད་བྱེད་རྒྱུའི་ལམ་སྲོལ་ཆེད་བཏོན་བྱས་པ་དེ་ནི་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་གི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་ཞིག་གིས་དེ་ལྟ་བྱས་པ་ཆེས་ཐོག་མ་ཆགས་ཡོད་པ་རེད། ཁ་ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤེས་ཡོན་ལྷན་ཁང་ནས་ཞི་ཅིན་ཕིང་གི་ལྟ་གྲུབ་སློབ་ཁྲིད་བྱེད་རྒྱུའི་གསལ་བསྒྲགས་སྤེལ་སྐབས་དམའ་རིམ་གྱི་སློབ་གྲྭ་ཁག་ཏུ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་ཕྱོགས་དང་། གཞི་རིམ་སློབ་གྲྭ་ཁག་ཏུ་ཆབ་སྲིད་ཀྱི་ལྟ་བ་འཛིན་སྟངས། དེ་ནས་མཐོ་སློབ་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལྟ་བ་རྣམས་གཅེས་འཛིན་ཐོག་དངོས་སུ་ལག་བསྟར་བྱེད་ཕྱོགས་སོགས་སློབ་ཁྲིད་བྱེད་རྒྱུ་ཡིན་པར་བཤད་འདུག

སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མིར་མངའ་སྡེ་གཞུང་གིས་སྔོན་ཁབ་གཉིས་པའི་མཐུན་འགྱུར་གནང་བ།

རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེ་ནང་རྟེན་གཞི་བྱས་པའི་བོད་མིའི་གཞི་ཆགས་ཆེ་གྲས་སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོ་གཉིས་ཀྱི་གཞིས་མི་ལོ་ན་ ༡༨ ནས་ ༤༤ སོན་པ་རྣམས་ལ་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་མཐུན་འགྱུར་འོག་ Covid shield ཞེས་པའི་སྔོན་ཁབ་རིམ་པ་གཉིས་པ་དེ་རིན་མེད་ཐོག་སྐྱོན་སོང་། ཕྱི་ ཟླ་ ༨ ཚེས་   ༢༣   ནས་དབུ་འཛུགས་ཀྱིས་ཐོག་མར་མི་མང་རྣམས་ལ་ཏོག་དབྱིབས་གཉན་རིམས་༡༩ འགོས་ཡོད་མེད་བརྟག་དཔྱད་གནང་རྗེས་ནད་རྟགས་ཐོན་མེད་སྟབས་གཞིས་ཆགས་ཀྱི་འཚོ་བྱེད་སྨན་ཁང་གི་སྨན་པ་དང་ periyapatna Taluk སྨན་ཁང་གི་སྨན་པ། དེ་བཞིན་ལས་བྱེད་རྣམས་ཀྱི་ཕྱག་རོགས་འོག་ཉིན་དང་པོར་ལུགས་བདེ་གཉིས་ཀྱི་གཞིས་མི་ ༢༡༨ དང་ཉིན་གཉིས་པར་ ༦༡༠ དེ་བཞིན་ཁ་སང་ ༤༦༥ བཅས་ལ་སྔོན་འགོག་སྨན་ཁབ་གཉིས་པ་དེ་སྐྱོན་པ་མ་ཟད་དེ་རིང་གཞིས་མི་ ༣༠༠ ནས་ ༤༠༠ ཙམ་ལ་མུ་མཐུད་སྔོན་ཁབ་རྒྱག་བཞིན་འདུག དེ་དང་འབྲེལ་གདན་ས་ཁག་གིས་དེ་སྔོན་ནས་ Apollo སྨན་ཁང་དང་འབྲེལ་བ་གནང་ཟིན་པ་བཞིན་ཧིན་སྒོར་ ༨༠༠ རེ་གནང་སྟེ་ཚེས་ ༢༣  ཉིན་རྣམ་གྲོལ་གླིང་དགོན་པར་གྲྭ་བཙུན་ ༡༢༠༠ དང་བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་ ༢༠༩ ལ་སྔོན་ཁབ་བརྒྱབ་པ་མ་ཟད། ཁ་སང་ཚེས་  ༢༥ ཉིན་སེར་བྱེས་སྨད་གཉིས་ཀྱི་དགེ་འདུན་པ་ ༢༥༤  ལ་སྔོན་ཁབ་སྐྱོན་ཡོད་པ་རེད།ཉེ་ཆར་གཞིས་ཆགས་ནང་ཏོག་དབྱིབས་ནད་གཞི་ཕོག་མཁན་གྱི་གྲངས་འབོར་འཕར་བར་བརྟེན་ཉེ་འཁོར་གྱི་རྫོང་དཔོན་རྣམས་ལ་རེ་སྐུལ་ཞུས་པ་ལྟར་མངའ་སྡེ་གཞུང་གིས་རིན་མེད་ཐོག་སྔོན་ཁབ་ཁྱོན་ ༤༠༠༠ གནང་རྒྱུར་ཞལ་བཞེས་ཐོབ་དོན་བཞིན་གཞིས་མི་རྣམས་ལ་སྔོན་ཁབ་བརྒྱབ་ཡོད། སྦེལ་ཀོབ་དང་བདེ་སྐྱིད་སླར་གསོའི་གཞིས་མི་རྣམས་ལ་སྔོན་ཁབ་རིམ་པ་དང་པོ་དེ་གདན་ས་ཆེན་པོ་ཁག་གིས་མཐུན་འགྱུར་གནང་བ་བཞིན་རིན་མེད་ཐོག་བརྒྱབ་ཡོད་པ་དང་། ཀ་ན་ཊ་ཀ་མངའ་སྡེ་གཞུང་ནས་རོགས་སྐྱོར་གནང་སྟེ་མང་ཚོགས་ལ་སྔོན་ཁབ་རིམ་པ་གཉིས་པ་དེ་སྐྱོན་ཡོད།སྤྱིར་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཁ་སང་བར་ཏོག་དབྱིབས་ནད་གཞི་ཕོག་མཁན་ཁྱོན་ ༡༢༢༤ དང་། དྲག་སྐྱེད་སོང་བ་ ༡༡༨༧ འདས་གྲོངས་སོང་བ་ ༡༧ དང་ད་ལྟའི་ཆར་ནད་ཀྱིས་མནར་བཞིན་པ་ ༢༠ བཅས་ཆགས་ཡོད་པ་རེད། དེ་སྔོན་དང་བསྡུར་ན་ཏོག་དབྱིབས་ནད་གཞི་ཕོག་མཁན་ཉིན་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་ཞིག་ཨོ་གླིང་དུ་འོར་འདྲེན་ཞུས་པ།

རྒྱལ་སྤྱིའི་ཁྱོན་དུ་བཅའ་བཞུགས་ནང་བསྟན་ཆོས་བརྒྱུད་པ་ཡོངས་ཀྱི་དད་གུས་རྩིགས་ཆེར་ཞུ་ཡུལ་བྱང་ཆུབ་ལྗོན་ཤིང་གྱི་མྱུ་གུ་ཞིག་ཨོ་སི་ཊོ་ལི་ཡར་ཆེས་ཐོག་མར་གདན་འདྲེན་ཞུས་འདུགཨོ་སི་ཊོ་ལི་ཡའི་ mirage news གསར་ཁང་གིས་གནས་ཚུལ་སྤེལ་བར་ཡུལ་དེའི་ Bendigo གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ཟུང་འབྲེལ་གནང་བའི་ the Great Stupa of Universal Compassion ཡི་ Bodhi Dhamma Vihara ཞེས་པའི་དགོན་པར་ཨོ་སི་ཊོ་ལི་ཡའི་ཞིང་ལས་གྱི་ལོ་རྒྱུས་ཁྲོད་དུ་ད་བར་བྱུང་མྱོང་མེད་པ་ཕྱི་ལོ་སྔོན་གྱི་ལོ་ ༢༨༨ སྐབས་སུ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ནས་ཤྲི་ལངྒར་གདན་འདྲེན་ཞུས་པའི་བྱང་ཆུབ་ལྗོན་ཤིང་གི་ལྡོང་པོ་ལས་སླར་མྱུ་གུ་ཞིག་གདན་འདྲེན་ཞུས་ཡོད་པ་དང་།ཨོ་སི་ཊོ་ལི་ཡའི་ཞིང་ལས་བདེ་འཇགས་ལས་ཁང་གིས་རྒྱལ་ཁབ་ཀྱི་ཞིང་ལས་དང་རྩི་ཤིང་གི་བདེ་འཇགས་ལ་གཞིགས་ཏེ་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་དེ་ལོ་གཅིག་གི་རིང་གཞུང་གི་ལྟ་རྟོག་འོག་ཟུར་བཀག་བཞག་འདུགཨོ་སི་ཊོ་ལི་ཡའི་ཞིང་ལས་བདེ་འཇགས་ལས་ཁང་གི་གཙོ་འཛིན་ Andrew Tongue ལགས་ཀྱིས་ཨོ་སི་ཊོ་ལི་ཡར་གདན་འདྲེན་ཞུས་པའི་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་དེ་ནི་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་བྱང་ཆུབ་ལྗོན་ཤིང་དང་། དེ་སྔ་རྒྱ་གར་ནས་ཤྲི་ལངྒར་ལྗོན་ཤིང་དེའི་མྱུ་གུ་ཞིག་གདན་འདྲེན་ཞུས་པའི་བརྒྱུད་པའི་མྱུ་གུ་ཞིག་ཡིན་པར་ངོ་སྤྲོད་གནང་བ་དང་འབྲེལ། སྐབས་རེ་རྩི་ཤིང་གི་རྒྱུད་ལ་ན་ཚ་འདྲ་མིན་ཡོང་གི་ཡོད་སྟབས་རྒྱལ་ཁབ་ཀྱི་ཞིང་ལས་ཀྱི་བདེ་འཇགས་ལ་གཞིགས་ཏེ་གཟའ་འཁོར་རྟག་པར་རྩི་ཤིང་གི་ནད་རིགས་ཕོག་མིན་ལ་དཔྱད་དེ་ཟླ་བ་བཅིུས་རིང་ཁུལ་དེར་ཟུར་བཀག་ལ་བཞག་རྒྱུ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༥ ནང་ Bodhi Dhamma Vihara ཞེས་པའི་དགོན་པར་གདན་འདྲེན་ཞུ་རྒྱུ་ཡིན་པ་གསུངས་འདུགའདི་ལོའི་ཕྱི་ཟླ་ ༥ པའི་ནང་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་དེ་ཤྲི་ལངྒ་ནས་གདན་ཞུ་གནང་སྐབས་ཤོག་བུ་དང་འགྱིག་ཤོག་གི་ཁུག་མའི་ནང་ལེགས་པར་ཐུམ་སྒྲིལ་ནས་གདན་འདྲེན་ཞུས་ཡོད་ཀྱང་། ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ལྡོང་པོའི་རྩ་བ་དང་ལོ་མ་ནས་འབུ་སྲིན་ཁག་ཅིག་རྙེད་སོན་བྱུང་སྟབས། རྩི་ཤིིང་གི་ནད་རིགས་བརྟག་དཔྱད་བྱེད་མཁན་ཚོས་གཙང་བཟོ་བྱས་ཏེ་ཉེར་མཁོའི་ཚ་དྲོད་ཁག་ལེགས་པར་སྐྲུན་པའི་སྒོ་ནས་ལྟ་རྟོག་བྱེད་མུས་ཡིན་པ་དང་། ད་ཆ་བྱང་ཆུབ་ལྗོན་ཤིང་གི་མྱུ་གུའི་གནས་སྟངས་ཡག་པོ་ཡོད་པ་མ་ཟད། རིང་ཚད་མི་ཊར་གཅིག་ཙམ་རིང་དུ་སོང་ཡོད་སྐོར་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱི་དང་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཆེན་པོ་ཕྱིན་ཡོད་པ་དེས་མར་ཁེ་སི་རིང་ལུགས་དེ་ནུས་མེད་དུ་གྱུར་བ་གསལ་པོ་རེད་ཅེས་བཀའ་སྩལ་བ།

དེ་རིང་ Tibet Initiative Deutschland ཞེས་ Germany ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ནས་ ༡༠༌༣༠ བར་བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་བཀའ་སློབ་དང་ཚོགས་བཅར་བའི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་སྩལ་ཡོད་པ་རེད།སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་གཙོ་བོ་ཡིད་ཆེས་དང་ལུང་ལ་བརྟེན་པ་མ་ཡིན་པར་རིགས་པར་བརྟེན་ནས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་ཀྱི་ཡོད་སྟབས་གཞན་ལའང་རྒྱུ་མཚན་གཙོ་བོ་གཞིར་བཞག་སྟེ་སློབ་སྦྱོང་སྤྲོད་བདེ་པོ་ཡོད་པ་དང་། ལྷག་དོན་སྤྱིར་འཛམ་གླིང་ཞི་བདེ་ཟེར་སྐབས་སུ་ཞི་བདེ་ཐོག་མ་དེ་ནང་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་སྟབས། ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐོག་འཛམ་གླིང་ལ་བོད་པའི་རིག་གཞུང་ཐོག་ནས་ལེགས་སྐྱེས་དབུལ་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་ལྟར་དེ་ལྟར་ཡོང་བར་༸གོང་ས་མཆོག་གིས་ཐུགས་བརྩོན་ཆེན་པོ་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས། ནང་པའི་གཞུང་ལུགས་དག་ལས་གསུངས་པའི་བསླབ་བྱ་དེ་གོ་ལའི་ཞི་བདེར་སྨན་ཕྱིར་མཛད་འཁུར་བཞེས་མུས་ཡིན་པ་བཀའ་སྩལ་ཡོད།དེ་རིང་གི་བཀའ་སློབ་སྩལ་གྲུབ་མཚམས་སུ་ཚོགས་བཅར་བའི་ཁྲོད་ནས་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་གནང་དོན་ལྟར་བོད་ནང་གི་བོད་མི་ཚོས་རྒྱའི་མནར་སྤྱོད་འོག་ངལ་བ་དུ་མ་མྱོང་བཞིན་ཡོད་སྟབས་བོད་མི་ཚོའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གཅེས་འཛིན་ཇི་ལྟར་གནང་ཐུབ་བམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་དེ་སྔ་མགོན་པོ་༸གང་ཉིད་མཆོག་མའོ་ཙེ་ཏུང་དང་ལྷན་དུ་མཇལ་འཕྲད་སྐབས་མའོས་ཆོས་དུག་རེད་ཅེས་ཞུས་སྐོར་ཐུགས་དྲན་གསོས་པ་དང་འབྲེལ་ཏེ། རྒྱ་མིས་བོད་ཐོག་མར་བཙན་བཟུང་བྱེད་སྐབས་དང་ད་ལྟའི་དུས་ཚོད་དབར་འགྱུར་བ་ཆེན་པོ་ཕྱིན་ཡོད་ཅེས་བཀའ་སྩལ་ཡོད། དེའང་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་ཆོས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་མུས་ཡིན་སྟབས། བོད་ནང་ལ་ཡོད་པའི་མཁས་པ་མང་པོས་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གི་བོད་ལ་དབང་སྒྱུར་བྱས་ཡོད་ཀྱང་། ཆོས་ཕྱོགས་ཀྱི་ཐོག་ནས་བོད་པས་ཕར་རྒྱ་ནག་ལ་ཕན་ཐོགས་བྱེད་ཀྱི་ཡོད་པར་གསུང་བཞིན་ཡོད་པ་ལུང་འདྲེན་དང་ཆབས་ཅིག དེང་སྐབས་ནུབ་ཕྱོགས་དང་ཨེ་ཤ་ཡ་རྒྱལ་ཁབ་ཕལ་མོ་ཆེ། ལྷག་པར་དུ་རྒྱལ་སྤྱི་དང་རྒྱ་ནག་ཏུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཆེན་པོ་ཕྱིན་ཡོད་པ་དེས་མར་ཁེ་སི་རིང་ལུགས་དེ་ནུས་མེད་དུ་གྱུར་བ་གསལ་པོ་རེད་ཅེས་བཀའ་སྩལ་སོང་།དེ་བཞིན་བཀའ་འདྲི་དགོངས་སྐོར་གྱི་ལས་རིམ་དེའི་ཐོག་མགོན་པོ་༸གང་ཉིད་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱེད་རྒྱུའི་གལ་གནད་སྐོར་ལམ་སྟོན་སྩལ་བ་མ་ཟད་དེང་སྐབས་བོད་པའི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཙམ་མ་ཡིན་པར་མི་སྐྱ་ཕོ་མོ་དབྱེ་མེད་ནས་ནང་ཆོས་ཐད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་དང་། ལྷག་དོན་བོད་པ་ཙམ་མ་ཡིན་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་པ་རྣམས་ལའང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དང་མཐུན་རྐྱེན་ཡག་པོ་ཡོད་སྟབས། བོད་པའི་སྐད་ཡིག་དེར་སངས་རྒྱས་ཀྱི་ཆོས་ཀྱི་ལྟ་གྲུབ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་ལེགས་ཤོས་དེ་ཆགས་ཡོད་པས་ནང་ཆོས་ལ་དོ་སྣང་ཡོད་མཁན་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་གཉིས་པོར་དོ་སྣང་མ་བྱེད་ཐབས་མེད་ཆགས་ཡོད་པར་ལམ་སྟོན་མཛད་ཡོད།རྒྱ་ནག་གིས་དེང་སྐབས་ཕྱི་ནང་གཉིས་དབར་བཙན་འཛུལ་ཤུགས་ཆེ་བྱེད་བཞིན་པའི་སྐབས་སུ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་དང་འབྲེལ་བ་གང་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲིར་༸གོང་ས་མཆོག་གིས་རྒྱ་ནག་དེ་རྒྱལ་ཁབ་སྟོབས་ཆེན་པོ་གང་ཡིན་ལ་མ་བལྟོས་པར་འཛམ་གླིང་འདིའི་ཆ་ཤས་ཤིག་ཆགས་ཡོད་སྟབས། ཁྱིམ་མཚེས་རྒྱལ་ཁབ་ཀྱིས་གཙོས་པའི་རྒྱལ་ཁབ་གཞན་དང་ལྷན་དུ་འབྲེལ་བ་བཟང་པོ་བཞག་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་།ལྷག་པར་དུ་རྒྱ་གར་ལྟ་བུའི་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་ལྷན་དུ་འབྲེལ་བ་དམ་ཟབ་བཞག་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དེ་བཞིན་ཐེ་ཝན་ལྟ་བུར་ཆ་མཚོན་ན་ཆབ་སྲིད་ཀྱི་ཐོག་ནས་འགལ་ཟླ་ཡོད་ཀྱང་། རིག་གཞུང་གི་ཆ་ནས་རྒྱ་ནག་ལས་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་དར་བའི་རིག་གཞུང་དེ་མེད་པ་བཟོ་ཐབས་མེད་སྟབས། ཆབ་སྲིད་ཀྱི་ཐོག་ནས་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་སྟེ་རྒྱ་ནག་ལ་ཉི་ཧོང་དང་བྷར་མ། རྒྱ་གར་བཅས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་ལྷན་དུ་ཞི་བདེ་མཉམ་གནས་བྱེད་དགོས་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། མིའི་བསམ་བློ་གཏོང་ཕྱོགས་དེ་དུས་ཚོད་ལ་དཔག་པའི་འགྱུར་བ་ཐེབས་བཞིན་ཡོད་སྟབས་རྒྱ་ནག་ལའང་དེ་ལྟར་འགྱུར་བ་ཐེབས་སྲིད་པ་རེད་ཅེས་བཀའ་སྩལ་ཡོད།

རེས་གཟའ་ལྷག་པ། ༢༠༢༡།༠༨།༢༥

ཉན་པ།: Listen ཕབ་ལེན། Download བོད་བརྒྱུད་ནང་བསྟན་དར་སྤེལ་གྱིས་མར་ཁེ་སི་རིང་ལུགས་ནུས་མེད་དུ་གྱུར་བ་གསལ་པོ་རེད་ཅེས་བཀའ་སྩལ་བ། ཨ་རིའི་གཞུང་གིས་བདམས་ཐོན་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ཀྱི་དཀའ་རྙོག་སེལ་རྒྱུར་རེ་སྐུལ། བོད་མཐོ་སྒང་གི་འཕྲལ་སེལ་གྱི་གནམ་གཤིས་ཁེ་ཕན་དེ་ཕུགས་ཀྱི་ཉེན་གནས་སུ་ལྷུང་རྒྱུའི་ཉེན་བརྡ། ཞི་ཅིན་ཕིང་གི་དགོངས་པ་ཞེས་པ་རྒྱ་ནག་གི་བསླབ་གཞིའི་ནང་དུ་འཇུག་བཞིན་པ། བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་ཞིག་ཨོ་གླིང་དུ་འོར་འདྲེན། ཀར་ན་ཊ་ཀ་གཞུང་གིས་མོན་གྷོ་འདོད་རྒུ་གླིང་གི་གཞུང་ལམ་ཉམས་གསོར་ཧིན་སྒོར་འབུམ་ ༣༠༠ རོགས་རམ། Wednesday 25/08/2021 Marxism is failing: Dalai Lama speaks to Tibet Initiative Deutschland US expresses concern over TPiE deadlock, urges elected MPs to resolve differences 'Xi Jinping Thought' introduced into China’s national curriculum China warns Tibet climate risks could soar despite short-term gains Karnataka approves 300 Lac INR for road development in Mundgod Settlement

ཨ་རི་གཞུང་གིས་བདམས་ཐོན་སྤྱི་འཐུས་རྣམ་པས་གྲོས་ཚོགས་ཀྱི་དཀའ་རྙོག་སེལ་དགོས་པ་གསུངས་འདུག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བདམས་ཐོན་བྱུང་བའི་འཐུས་མི་རྣམ་པ་སྡིངས་ཆ་གཅིག་གི་ཐོག་ནས་ཚོགས་གཙོ་ཚོགས་གཞོན་གྱི་འོས་བསྡུའི་ལས་རིམ་གཙོས་གྲོས་ཚོགས་ཀྱི་ལས་དོན་ཁག་སྔར་རྒྱུན་བཞིན་གནང་མ་ཐུབ་པའི་དཀའ་རྙོག་དེ་དེ་མུར་ལྷག་ནས་ཟླ་བ་གསུམ་འགྲོ་ཉེ་མཚམས་འདིར་ཨ་རི་གཞུང་གིས་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམས་པས་གྲོས་ཚོགས་ཀྱི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་དེ་དུས་ཚོད་ངེས་ཅན་ནང་ཁྲིམས་སྒྲིག་དགོངས་དོན་ལྟར་སེལ་མ་ཐུབ་པ་དེས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེ་མཐོང་ཉམས་སྨད་དུ་གཏོང་བཞིན་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། བདམས་ཐོན་སྤྱི་འཐུས་རྣམ་པས་འདས་ཟིན་པའི་འགལ་ཟླ་ཁག་རྒྱབ་ཏུ་བཞག་སྟེ་ཁ་ཚ་དགོས་གཏུགས་ཀྱི་གལ་ཆེའི་གནད་དོན་གཞན་ཁག་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་གནང་འདུག ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་བཅས་ཀྱི་དྲུང་ལས་ལྕམ་ Lisa Peterson ལགས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་ཀྱི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་གནང་འདུག་པ་དང་། དེའི་ནང་དུ་ཨ་རི་གཞུང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འཕུལ་དང་འབྲེལ་བའི་དཀའ་རྙོག་དེ་ཤེས་རྟོགས་བྱུང་བ་དང་། ཕྱི་ཟླ་དགུ་པའི་ནང་འཚོགས་རྒྱུའི་གྲོས་ཚོགས་ཀྱི་ཚོགས་དུས་དེ་གནད་འགག་ཅན་ཞིག་དང་ལྷག་དོན་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་པ་རེད།བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་དང་ལྷན་དུ་བོད་རྒྱ་ཞི་མོལ་སླར་གསོ་གནང་སྟེ་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རག་ཐབས་དང་། བོད་ཀྱི་སྐད་ཡིག་དང་ཆོས་རིག དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱ་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ནས་མིག་གིས་བལྟས་བསྡད་ཡོད་ཅེས་གསུངས་པ་དང་ཆབས་ཅིག གྲོས་ཚོགས་ཀྱི་དཀའ་ངལ་དེ་དུས་ཚོད་ངེས་ཅན་ཞིག་གི་ནང་ཁྲིམས་སྒྲིག་དགོངས་དོན་ལྟར་སེལ་མ་ཐུབ་པར་དེ་མུར་ལྷག་པ་དེས་བོད་པའི་མི་མང་ཙམ་མ་ཟད་རྒྱལ་སྤྱིའི་གཞུང་དང་ཚོགས་སྐྱིད་ཁག་ནས་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཅངས་པའི་ཆེ་མཐོང་དང་གདེང་འཇོག་ཁག་ཉམས་སྨད་དུ་གཏོང་བཞིན་པའི་རྣམ་པ་མཚོན་གྱི་ཡོད་སྟབས། བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པས་འདས་ཟིན་པའི་འགལ་ཟླ་ཁག་རྒྱབ་ཏུ་བཞག་སྟེ་ཁ་ཚ་དགོས་གཏུགས་ཀྱི་དོ་སྣང་བྱེད་དགོས་པའི་ལས་དོན་གཞན་གྱི་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པར་གསུངས་འདུགཨ་རི་གཞུང་གི་ཞུ་སྐུལ་ཕྱག་བྲིས་དེའི་ནང་འདི་ལོ་ཏོག་དབྱིབས་གཉན་རིམས་གཙོས་དཀའ་ངལ་ཆེ་ཁག་རིགས་འཕྲད་མིན་ལ་བལྟོས་མེད་བོད་མི་ཚོས་མཉམ་རུབ་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ་འོས་འདེམས་གནང་ཐུབ་པ་དེར་ཨ་རི་གཞུང་ནས་སྤོབས་པ་དང་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། གཙོ་བོ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་དང་དེའི་ཁྲིམས་སྒྲིག་དགོངས་དོན་འོག་ཆེད་འཛུགས་གནང་བའི་ལྷན་ཁང་ཁག་ནི་འཛམས་གླིང་གི་ས་གནས་གང་སར་གནས་པའི་བོད་མི་ཚོར་གཟིགས་རྟོག་གནང་རྒྱུའི་ཚན་པ་གལ་ཆེ་ཞིག་ཡིན་པ་ལྟར་ཨ་རི་གཞུང་གི་ངོས་ནས་ཀྱང་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་དེའི་ལས་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུ་ཡིན་ཅེས་གསུངས་འདུགདེ་སྔ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་བཞེས་མཁན་ཁོངས་སུ་ཡོད་པ་མིང་འགྱུར་རྡོ་རྗེ་ལགས་སུ་དེ་འབྲེལ་བཀའ་འདྲི་ཁག་ཅིག་ཞུས་པར་ཨ་རི་གཞུང་གིས་གནང་བའི་རེ་སྐུལ་ནང་གཙོ་བོ་ Rule of Law ཞེས་ཁྲིམས་མཐུན་ཐོག་ཕེབས་དགོས་སྐོར་གསུངས་པ་ལྟར་བདམས་ཐོན་སྤྱི་འཐུས་ཡོངས་ནས་དང་ཐོག་བཅའ་ཁྲིམས་དགོངས་དོན་བཞིན་དམ་འབུལ་གནང་དགོས་པའི་འབོད་སྐུལ་གནང་འདུག་ཅེས་དང་། གནད་དོན་དེའི་ཐད་དབུས་འོས་བསྡུ་ལས་ཁང་གིས་ཀྱང་ཁྲིམས་སྒྲིག་དགོངས་དོན་ལྟར་ཕྱག་བསྟར་གང་དང་གང་གནང་དགོས་མིན་ཐོག་དགོངས་པ་བཞེས་དགོས་པ་སོགས་གསུངས་ཡོད། དེ་བཞིན་དེ་སྔ་༸གོང་ས་མཆོག་གི་༸སྐུ་པར་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་དམ་འབུལ་བཞེས་མཁན་ཁོངས་སུ་ཡོད་པ་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་ཨ་རི་གཞུང་གི་ཕྱག་བྲིས་དེ་དང་འབྲེལ་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཅི་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཨ་རི་གཞུང་གིས་གནང་བའི་ཕྱག་བྲིས་དེ་གནད་འགག་ཅན་ལ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། བདམས་ཐོན་སྤྱི་འཐུས་རྣམ་པ་དམ་འབུལ་ཞུ་ལུགས་མི་འདྲ་བ་གཉིས་ཀྱི་ཐོག་ནས་གནང་ཟིན་དོན་ལྟར་དེའི་ཐོག་ལ་ཕེབས་ཏེ་མ་འོངས་པར་གྲོས་ཚོགས་ཚོགས་པའི་སྐབས་སུ་གྲོས་བསྡུར་སྦྱང་ཤེས་གནང་སྟེ་དཀའ་རྙོག་སེལ་ཐབས་གནང་རྒྱུ་མ་གཏོགས་ད་ལྟའི་ཆར་གྲོས་ཚོགས་མ་ཚོགས་པར་བཞུགས་ན་དཀའ་ངལ་དེ་སེལ་ཐབས་དཀའ་སྐོར་གསུངས་ཡོད། གཞི་རྩའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་ནས་ད་བར་དེ་མུར་ལྷག་པའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་གནད་དོན་རྐྱེན་པས་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་བསྐོ་གཞག་གནང་རྒྱུ་གཙོས་གྲོས་ཚོགས་ཀྱི་ལས་དོན་རྣམས་གནང་མ་ཐུབ་པར་ལྷག་ཡོད་པ་དང་། གནད་དོན་འདིའི་ཐད་བོད་མི་མང་ཚོགས་ཙམ་མིན་པར་རྒྱལ་སྤྱིའི་གཞུང་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཕྱོགས་གང་ས་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པ་ལྟར། ཁ་སང་རྒྱ་གར་དབུས་གཞུང་ལ་བོད་ཀྱི་གནད་དོན་ཐོག་སློབ་སྟོན་གནང་མཁན་ཟུར་པ་སྐུ་ཞབས་ Amitabh Mathur ལགས་ཀྱིས་སྐུ་ཉིད་ཀྱི་འཕྲུལ་སྒྲ་ཐོག་ཨ་རི་གཞུང་གིས་ཚོགས་དྲུང་ལས་ཁུངས་སུ་གནང་བའི་ཕྱག་བྲིས་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་ཚོར་མཉམ་རུབ་ཐོག་ནས་ཕྱག་ལས་གནང་དགོས་པའི་དུས་ཐོག་དྲན་གསོ་ཡག་པོ་ཞིག་ཡིན་པ་དང་། ད་ལྟའི་དུས་སྐབས་འདི་ནི་བདམས་ཐོན་འཐུས་མི་རྣམས་ནས་འགལ་ཟླ་ཁག་ཟུར་དུ་བཞག་སྟེ་མཉམ་རུབ་གནང་གལ་ཡིན་པར་གསུངས་འདུག  

ཞི་ཅིན་ཕིང་གི་དགོངས་པ་ཞེས་བ་རྒྱ་ནག་གི་བསླབ་གཞིའི་ནང་དུ་འཇུག་བཞིན་པ།

རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤེས་རིག་ལྷན་ཁང་གིས་ཡུལ་དེའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞིའི་ནང་དུ་སྲིད་འཛིན་ཞི་ཅིན་ཕིང་གི་ཆབ་སྲིད་ཀྱི་ལྟ་གྲུབ་ངེས་བར་དུ་འཇུག་དགོས་བའི་གཞུང་འབྲེལ་གྱི་བཀའ་རྒྱ་བཏང་འདུགདེ་རིང་BBC གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གིས་ད་ཆ་རྒྱལ་ནང་གི་སློབ་གྲྭ་ཁག་གི་ནང་དུ་སྲིད་འཛིན་ཞི་ཅིན་ཕིང་གི་ལྟ་བ་གཙོ་བོར་བྱས་པའི་བསླབ་གཞི་རྩ་འཛུགས་ཀྱིས། ཞི་ཅིན་ཕིང་གི་ལྟ་བས་ན་གཞོན་རྣམས་ལ་དམར་ཤོག་གི་ལྟ་བར་ཡིད་ཆེས་སྐྲུན་རྒྱུར་ནུས་བ་ཐོན་རྒྱུ་ཡིན་སྐོར་བསྒྲགས་འདུག གསར་ཁང་གིས་ཞི་ཅིན་ཕིང་གི་ཆབ་སྲིད་ལྟ་གྲུབ་རྒྱ་ནག་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞིའི་ནང་དུ་འཇུག་རྒྱུའི་གནད་དོན་དེ་ནི་ཞི་ཅིན་ཕིང་ངོས་ནས་ཡུལ་དེའི་སྤྱི་ཚོགས་ཁྱོན་ཡོངས་དམར་ཤོག་སྲིད་གཞུང་གི་དབང་བསྒྱུར་གྱི་འོག་ཏུ་ཕྱོགས་གཅིག་ཏུ་སྒྲིལ་ཐབས་ལ་འབད་བརྩོན་བྱེད་བཞིན་པ་ཞིག་ཡིན་སྐོར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་ཤེས་རིག་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལུང་འདྲེན་གནང་བའི་ནང་དུ། ཞི་ཅིན་ཕིང་གི་ལྟ་བ་བསླབ་གཞིའི་ནང་དུ་འཇུག་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་དང་མཐུན་པའི་ཀུན་སྤྱོད་སློབ་གསོ་དང་རྣམ་དཔྱོད་བཀྲ་བ། དེ་བཞིན་མཛེས་ཆོས་རིག་པའི་རྒྱུད་འཛིན་ཁྱབ་སྤེལ་གཏོང་ཐབས་དང་། གཞན་ཡང་བདེ་འཇགས་དང་ངལ་རྩོལ་གྱི་སློབ་གསོ་སོགས་རྒྱུད་དུ་འཇགས་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་འབྲེལ་བརྗོད་གནང་འདུགརྩ་བའི་རྒྱ་ནག་གཞུང་གིས་ཞི་ཅིན་ཕིང་གི་ལྟ་གྲུབ་ཞེས་པ་དེ་བཞིན་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་བཅུག་ཟིན་ཡོད་པ་མ་ཟད། སྐབས་དེ་ནས་བཟུང་ཞི་ཅིན་ཕིང་གི་ལྟ་གྲུབ་འམ་དགོངས་པ་ཞེས་པ་དེ་རྒྱ་ནག་གི་ན་གཞོན་ཆབ་སྲིད་ཕྱོགས་ཁག་དང་གཙུག་ལག་སློབ་གྲྭ་ཁག་ཏུ་ཁྱབ་སྤེལ་བཏང་དང་གཏོང་བཞིན་ཡོད་པ་དང་། སྤྱིར་ཞི་ཅིན་ཕིང་གི་ལྟ་གྲུབ་ནང་དམར་ཤོག་གི་ལྟ་གྲུབ་གཙོ་བཟུང་བྱས་པའི་དོན་ཚན་༡༤ དང་། གཞན་ཡང་ལྟ་བ་གསར་བའི་ཐོག་ནས་སྤྱི་ཚོགས་བསྐྱར་བཟོ་དང་། དམར་ཤོག་ཚོགས་པར་རྒྱ་ནག་གི་དམར་དམག་དང་འབྲེལ་བའི་དབང་ཚད་ཡོད་ཚད་ཡོད་རབས། དེ་བཞིན་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་གཙོ་འཛིན་གྱི་ཐོག་ནས་མེས་རྒྱལ་གཅིག་སྒྲིལ་བྱེད་དགོས་བ་སོགས་ཀྱང་ཡོད་པ་རེད་འདུག རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་འཁོད་པར་གཞིགས་ན། ཐེངས་འདིར་བསླབ་གཞིའི་ནང་དུ་བཅུག་པའི་ཞི་ཅིན་ཕིང་གི་ལྟ་གྲུབ་དེ་ད་དུང་ཁྱབ་ཆེ་བ་ཡོད་པ་དང་། དེའང་སློབ་ཆུང་གི་སློབ་གསོའི་ནང་དུ། རྒྱ་དམག་དམར་ཤོག་སྲིད་གཞུང་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་སྐྲུན་ཐབས་དང་། སློབ་འབྲིང་གི་ནང་དུ་ཆབ་སྲིད་དང་འབྲེལ་བའི་ལྟ་ཕྱོགས་དང་ཉམས་མྱོང་གཙོར་འཛིན་བྱས་པ་དང་། དེ་བཞིན་སློབ་ཆེན་གྱི་ནང་དུ་གཞུང་ལུགས་དང་མཐུན་པའི་བསམ་བློའི་ཕྱོགས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་མངོན་གསལ་གནང་འདུགགཞི་རྩའི་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་ལོ་ཤས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་དེ་རྒྱ་ནག་རྒྱལ་ཡོངས་སུ་ཁྱབ་སྤེལ་ཤུགས་ཆེ་བྱས་དང་བྱེད་མུས་མ་ཟད། སྔ་ལོའི་ལོ་མཇུག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ནར། ད་སྐབས་བོད་ནང་དུའང་བོད་མི་ན་གཞོན་རྣམས་ཀྱིས། གླ་ཕོག་མཐོ་བའི་ལས་ཀའི་གོ་སྐབས་འཚོལ་སྐབས་རྒྱ་ནག་དམར་ཤོག་ཚོགས་པར་འཛུལ་ཞུགས་དང་འབྲེལ། ཞི་ཅིན་ཕིང་གི་ལྟ་གྲུབ་ལ་སློབ་སྦྱོང་མི་བྱེད་ཀ་མེད་ཆགས་ཡོད་པ་རེད་འདུགམ་ཟད་སྔ་ལོར་རྒྱ་ནག་གི་ལོ་ལྔ་ཚན་བཅུ་བཞི་བའི་ཚོགས་འདུ་སྐབས་གཏན་འཁེལ་བྱས་པ་ལྟར། འབྱུང་འགྱུར་གྱི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། གྲོང་སྡེ་ཁག་སོགས་ནས་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། བོད་ཁུལ་ཡོངས་ཀྱི་མཚོན་པའི་གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་བཞག་སྟེ། མི་སྒེར་འཕེལ་རྒྱས་དང་རིག་རྩལ་ལྡན་པ་ཞིག་ཏུ་བཟོས་པ་བརྒྱུད་གྲོང་གསེབ་གོང་འཕེལ་དང་། ཀྲུང་ཧཱ་མི་རིགས་ཆེན་མོའི་གཞིས་ཁྱིམ་སྲ་བརྟན་གྱི་འདུ་ཤེས་ཡོད་མཁན་ཟེར་བ་ཞིག་ཏུ་བསྒྱུར་དགོས་སྐོར་བསྒྲགས་ཡོད་པ་དང་། སྲིད་བྱུས་ཏེ་དངོས་སུ་བོད་ཁུལ་དུ་ལག་བསྟར་བྱས་པའི་ཁྲོད་ནས། ཟླ་བ་སྔོན་མའི་ནང་དུ། མདོ་སྨད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་སློབ་གྲྭ་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པ་དང་། དེ་བཞིན་ ཁམས་དཀར་མཛེས་ཏྲེ་ཧོར་རོང་པ་ཚ་ས་ཁུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭར་ཟླ་བ་སྔོན་མའི་ནང་རྒྱ་ནག་གིས་བཙན་བཀའ་བཏང་སྟེ། དགེ་རྒན་རྣམས་ཀྱིས་སློབ་གྲྭ་དེའི་བསླབ་གཞི་ཁག་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་བ་དང་། དགེ་རྒན་རྣམས་ཀྱིས་རྒྱ་ནག་གི་བཀའ་ལྟར་མ་སྒྲུབ་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།    

Latest news