Tibetan Royal Year of 2151 | Year of the Wood Dragon

རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུ་ཐོག་བོད་ནང་གི་བུད་མེད་གནས་སྟངས་གླེང་སློང་།

Tibetan News Headlines

  • Press watchdog RSF: China’s communist regime leads world in repression of journalistic rights
  • Sikyong Penpa Tsering meets President of South Tyrol, before leaving for Berlin
  • Xi Jinping faces strong protests from Tibetans and rights advocates in Paris
  • Nancy Pelosi honored with Presidential Medal of Freedom, US highest civilian award
  • Tibetan MMA fighter Rinchen Griffithsgolha makes history with first professional victory
  • History Feature: Panchen Rinpoche’s Footprints Across Tibet

རེས་གཟའ་ཟླ་བ། ༢༠༢༤།༠༥།༠༦

  • རྒྱ་ནག་ནི་གསར་འགོད་རང་དབང་གི་གནས་སྟངས་ཆེས་ཞན་ཤོས་ཡིན་པ་ཐེར་འདོན།
  • སྲིད་སྐྱོང་མཆོག་ལྷོ་ཊེ་རོལ་རང་སྐྱོང་མངའ་སྡེའི་སྲིད་འཛིན་དང་མཇལ་མོལ་གནང་རྗེས་འཇར་མ་ནིའི་རྒྱལ་ས་ Berlin དུ་ཕེབས་འབྱོར།
  • ཞི་ཅིན་ཕིང་ལ་ཧྥ་རན་སིར་བསླེབས་སྐབས་བོད་མིས་ངོ་རྒོལ།
  • ལྕམ་ Pelosi མཆོག་ཨ་རིའི་ལོ་རྒྱུས་ནང་གྲོས་ཚོགས་ཀྱི་ཚོགས་གཙོ་ཆེས་རླབས་ཆེན་ཞིག་ཡིན་པའི་ཆེ་བསྟོད།
  • བོད་མི་ཞིག་གིས་ཁུ་ཚུར་དྲག་རྩལ་གྱི་ཆེད་ལས་རྩེད་འགྲན་ནང་ཆེས་ཐོག་མ་མཉམ་ཞུགས་ཀྱིས་རྒྱལ་ཁ་ཐོབ་འདུག
  • བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས། ༸པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་ལས་ལེའུ་དྲུག་པ་བོད་ཁམས་ཞབས་ཀྱིས་བཅགས་པ།

ཁ་སང་ཕྱི་ཚེས་ ༨ ཉིན་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཀྱི་མཁས་ལས་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨༥ དབུ་འཛུགས་གནང་ཡོད་ཅིང།  ཚོགས་འདུ་ཐོག་བོད་མིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་བོད་ནང་གི་བེུད་ཚོར་ཤེས་ཡོན་དང་འཕྲོད་བསྟེན། ཆབ་སྲིད། དེ་བཞིན་ལས་རིགས་སོགས་ཀྱི་ཐོབ་ཐང་དང་རང་དབང་རྣམས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་རང་བཞིན་གནས་སྟངས་རྣམས་ལྷན་ཚོགས་སུ་ཞུ་གཏུག་སྙན་སེང་ཞུས་སོང།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་ཚོགས་འདུ་ཐེངས་རིམ་པའི་ཐོག་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཀྱི་གྲོས་མཐུན་ལག་བསྟར་ཁས་ལེན་ཞུ་མཁན་ཚོགས་མི་རྒྱལ་ཁབ་ཁག་གི་རང་རང་སོ་སོའི་རྒྱལ་ཁབ་ནང་གི་བེུད་ཐོབ་ཐང་དང་རང་དབང་གནས་སྟངས་དང་འབྲེལ་བའི་རྒྱལ་ཚོགས་ཀྱི་ཚོགས་ཆུང་ལ་སྙན་ཐོ་ཇི་ཕུལ་ལྟར་བསྐྱར་ཞིབ་ཚོགས་དུས་ཤིག་ཚོགས་སྲོལ་ཡོད་པ་རེད།

ཐེངས་འདིའི་ཚོགས་དུས་ཐོག་རྒྱ་གཞུང་གིས་རང་ཉིད་ཀྱི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་བེུད་གནས་སྟངས་སྐོར་སྙན་ཐོ་ཚོགས་ཆུང་ལ་ཕུལ་ཡོད་པ་ལྟར་རྒྱ་ནག་ཐོག་བསྐྱར་ཞིབ་གནང་རྒྱུའི་དུས་བཀག་ཁེལ་གྱི་ཡོད་ཅིང། ཁ་སང་ཕྱི་ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ཉིན་རྒྱབ་ཚོགས་དུས་ཐོག་རྒྱ་ནག་གི་མངའ་འོག་ས་ཁུལ་ཁག་གི་བུད་མེད་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཞུ་འབྱོར་སྙན་སེང་ཞུ་རྒྱུའི་གོ་སྐབས་གནང་བར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་ཀྱིས་དོན་ཁང་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་རྣམ་གཉིས་མཉམ་འབྲེལ་ཐོག་རྒྱ་གཞུང་གིས་བོད་ནང་གི་བུད་མེད་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་རྣམས་ལྷན་ཚོགས་ཀྱི་ཚོགས་དུས་ཐོག་ངོ་བཅར་གྱིས་སྙན་སེང་ཞུས་སོང།  

སྐབས་དེར་བོད་མིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་བོད་ནང་གི་བུད་མེད་ཚོར་རང་དབང་དང་ཐོབ་ཐང་གི་གནས་བབ་ལ་དོ་ཕོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང། སྲིད་བྱུས་དེའི་འོག་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་ཁྲིད་ཀྱིས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བཅུག་པའི་ཁྲོད་བུད་མེད་སློབ་ཕྲུག་ཚོར་འབྲེལ་ཡོད་དགེ་རྒན་གྱིས་བཙན་གཡེམ་བྱས་པའི་གནས་ཚུལ་ཇི་མང་ཐོན་ཡོད་པ་དང། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་བོད་པའི་བུད་མེད་ཡེ་ཤེས་ཆོས་སྒྲོན་ལགས་དང་མགོན་པོ་སྐྱིད་ལགས། རྡོ་རྗེ་སྐྱིད་ལགས་སོགས་འཛིན་བཟུང་དང་བཙོན་འཇུག་གི་ཁྲིམས་ཐག་བཅས་པའི་གནས་ཚུལ་སོགས་མངོན་གསལ་གནང་འདུག
སྐབས་དེའི་ཚོགས་འདུ་ཐོག་དུས་ཡུན་སྐར་མ་གཉིས་ཀྱི་ཞུ་གཏུག་སྙན་སེང་ཞུས་པའི་ཁྲོད་ད་དུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ དང་ ༢༠༡༨ བཅས་སུ་བོད་ནང་གི་བཙུན་དགོན་སློབ་གཉེར་ལྟེ་གནས་ཁང་ཆེ་གྲས་ཡར་ཆེན་སྒར་གཏོར་བཤིག་བཏང་སྟེ་བོད་པའི་བཙུན་མ་རྣམས་ཕྱིར་འབུད་བཏང་བ་མ་ཚད་པར་བཙུན་མ་ཚོ་རྒྱ་ནག་དམར་ཤོག་ཀྱི་དམག་སྦྱོང་སློབ་ཁྲིད་དང།  དེ་བཞིན་སུན་གཙེར་སོགས་ཀྱི་གནས་སྟངས་འོག་བོད་པའི་བཙུན་མ་ཁག་གཅིག་གིས་རང་སྲོག་དོར་བའི་གནས་ཚུལ་བྱུང་ཡོད།

དེ་བཞིན་བོད་ནང་རྒྱ་གཞུང་གིས་མི་རིགས་དབྱེ་འབྱེད་དང་དྲག་གནོན་ཅན་གྱི་སྲིད་ལག་བསྟར་ལ་མི་འདོད་པའི་ཞི་རྒོལ་གནང་ཕྱིར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ཀྱི་བུད་མེད་གཙོས་པའི་བོད་མི་ ༡༥༩ ནས་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་དང། ལྷག་པར་རྒྱ་གཞུང་གིས་༸ཀུན་གཟིགས་༸པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུབ་སྐུ་འཁོར་དང་བཅས་པ་བཙན་ཁྲིད་བྱས་པར་བརྟེན་ས་གནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་སྐོར་སྙན་སེང་ཞུས་འདུག

ཚོགས་འདུ་ཐོག་ངོ་བཅར་ཞུས་པའི་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཚོགས་ཀྱི་བེུད་དབྱེ་འབྱེད་འགོག་ཐབས་ཀྱི་གྲོས་མཐུན་ལ་མཚན་རྟགས་བཀོད་དེ་ཁས་ལེན་ལག་བསྟར་ཞུ་ཞེས་བཀོད་དོན་ལྟར་བོད་ཀྱི་བུད་མེད་ཚོར་སྡུག་སྦྱོང་མནར་གཅོད་དང་དབྱེ་འབྱེད་སྲིད་བྱུས་ལག་བསྟར་བྱེད་བཞིན་ཁག་འཕྲལ་མར་མཚམས་འཇོག་བྱེད་དགོས་ཞེས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་སྐྱོང་ཡོང་བའི་རེ་སྐུལ་ཞུས་པར་མ་ཟད། རྒྱ་གཞུང་གིས་བོད་པའི་ཕྲུ་གུ་ཚོར་དབྱེ་འབྱེད་མེད་པའི་ཐོག་ནས་བོད་པའི་ཆོས་དང་སྐད་ཡིག རིག་གཞུང་སོགས་ལ་སློབ་གཉེར་གནང་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་དང་དེ་བཞིན་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིའི་ཐོག་འཛིན་བཞིན་པའི་དྲག་གནོན་དང་དབྱེ་འབྱེད་ཀྱི་སྲིད་བྱུས་རྣམས་ལ་བསྐྱར་ཞིབ་གནང་དགོས་ཞེས་སོགས་དོན་ཚན་གསུམ་ཆེད་བཏོན་གནང་སོང་།

སྤྱིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་གྲོས་མཐུན་ཐོག་ཕྱི་ལོ་ ༡༩༨༠ ཕྱི་ཟླ་ ༧ ནང་མཚན་རྟགས་བཀོད་ཡོད་པར་མ་ཟད། ལོ་དེའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་ནས་མཚན་རྟགས་འཁོད་པའི་གྲོས་མཐུན་ཁག་ལ་ལག་བསྟར་ཞུ་རྒྱུའི་ཁས་ལེན་ཞུས་ཡོད་ཅིང་། རྒྱལ་ཚོགས་ཀྱི་བུད་མེད་་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་བེུད་གནས་སྟངས་ཐོག་བསྐྱར་ཞིབ་མཐའ་མ་དེ་ཕྱི་ལོ་ ༢༠༡༤ ལོར་གནང་འདུག་ཅིང་། ཐེངས་འདིའི་རྒྱལ་ཚོགས་ཀྱི་བུད་མེད་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ནས་རྒྱ་ནག་ཐོག་གི་བསྐྱར་ཞིབ་དེ་ཐེངས་དགུ་པ་ཆགས་ཀྱི་ཡོད་པ་རེད། རྒྱལ་ཚོགས་ཀྱི་རྒྱ་ནག་གི་ཆེད་ལས་ཚོགས་ཆུང་གིས་ཀྱང་སྙན་ཐོ་གཞིར་བཟུང་རྒྱ་ནག་གཙོས་མངའ་འོག་ས་ཁུལ་ཁག་གི་བུད་མེད་གནས་སྟངས་ཐོག་འདྲི་རྩད་དང་བསྐྱར་ཞིབ་གནང་གི་ཡོད་པ་རེད་འདུག

གཞི་རྩའི་ཟླ་ ༥ ཚེས་ ༨ ནས་ ༢༨ བར་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་འཚོགས་བཞིན་པའི་བུད་མེད་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུ་ཐེངས་ ༨༥ ཆགས་ཀྱི་ཡོད་ཅིང། ཚོགས་འདུ་ཐོག་རྒྱ་ནག་གཙོས་སོ་པེན། འཇར་མི་ནི། སོ་ལོ་ཝཀ་ཡ། ཝེ་ལེན་ཛུ་ལ་སོགས་རྒྱལ་ཁབ་བརྒྱད་ནང་གི་བུད་མེད་གནས་སྟངས་སྐོར་བསྐྱར་ཞིབ་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།