Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

པདྨ་བཀོད་པ་དང་འཕན་པོ་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

གཞིས་བྱེས་པདྨ་བཀོད་པ་དང་འཕན་པོ་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཐོག་མགོན་པོ་མཆོག་གིས་མང་ཚོགས་རྣམས་ལ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱ་དགོས་པར་བཀའ་སློབ་བསྩལ་སོང་། དེ་རིང་ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཆེན་གྱི་ཆོ་ག་དང་ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི་ཚོགས་གླུ་གསུང་འདོན་གནང་པའི་སྒོ་ནས་གཞིས་བྱེས་པདྨ་བཀོད་དང་འཕན་པོ་སེར་སྐྱ་མང་ཚོགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། དེ་ཡང་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དབུ་བླ་སྐྱབས་རྗེ་ནམ་མཁའ་རིན་པོ་ཆེ་མཆོག་རྡོ་རྗེ་སློབ་དཔོན་གནང་སྟེ་རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཆེན་གྱི་ཆོ་གའི་ཐོག་ནས་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་གནང་སོང་བ་དང་། སྐབས་དེར་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་དང་བཅོ་བརྒྱད་ཞབས་དྲུང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་ཕེབས་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་མཆོག་ལ་གཞིས་བྱེས་འཕན་པོ་དང་པདྨ་བཀོད་པའི་དད་ལྡན་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པར་ཐུགས་རྗེ་ཆེ་གསུངས་པ་དང་སྦྲགས། གསོལ་འདེབས་འདིའི་ཐོག་ནས་ནུས་པ་ཞིག་ཡོང་ངེས་ཡིན་ནའང་གཙོ་བོ་བླ་སློབ་ཀྱི་དམ་ཚིགས་ཀྱི་ནུས་པ་ཆགས་ཡོད་པ་བཀའ་གནང་སོང་བ་མ་ཟད། སྒོས་སུ་༸གང་ཉིད་མཆོག་གིས་མང་ཚོགས་ཀུན་ནས་ཆོས་ཆོས་སུ་སོང་བ་ཞིག་བྱ་དགོས་པ་དང་སངས་རྒྱས་པའི་རྗེས་འབྲང་རྣལ་མ་ཞིག་བྱ་རོགས་ཞེས་བཀའ་སློབ་བསྩལ་སོང་། ༸གང་ཉིད་མཆོག་ནས་ཀྱང་ག་དུས་ཡིན་ཡང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་སྒོམ་ནས། ཇི་སྲིད་ནམ་མཁའ་གནས་པ་དང་ཞེས་སོགས་ཀྱི་གསོལ་འདེབས་སྨོན་ཚིག་གསུངས་ནས་གཞན་དོན་མུ་མཐུད་གྲུབ་སླད་ལོ་མང་སྐུ་འཚོ་བཞུགས་ཡོང་བར་སྨོན་ལམ་འདེབས་གནང་གི་ཡོད་པ་མ་ཟད། ཇི་སྲིད་འཚོ་བའི་བར་དུ་སེམས་ཅན་ཀུན་ལ་ཕན་པ་དང་འདུན་པ་བསྐྱེད་གནང་རྒྱུ་གཙོ་འདོན་གནང་སྐོར་བཀའ་བསྩལ་གནང་ཡོད། ལྷག་པར་དུ་སྐབས་དེར་མགོན་པོ་མཆོག་གིས་དེ་སྔ་གཏེར་བཏོན་ཁག་ཅིག་གི་ལུང་བསྟན་ལྟར་༸གང་ཉིད་མཆོག་དགུང་གྲངས་ ༡༡༣ བར་བཞུགས་ཐུབ་མིན་གསུངས་དཀའ་བར་གྱུར་ཡང་དགུང་ལོ་བརྒྱ་བར་བཞུགས་ཐུབ་ཀྱི་རེད་ཅེས་བཀའ་བསྩལ་སོང་། ཁྱད་པར་དུ་དེ་རིང་བརྟན་བཞུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པདྨ་བཀོད་པ་ནས་ཡིན་པ་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་སྐོར་ལ་བཀའ་གནང་པ་དང་འབྲེལ། རིན་པོ་ཆེ་མཆོག་ནི་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཆེན་པོ་ཡོད་མཁན་ཞིག་ཆགས་ཡོད་པས་༸གོང་ཉིད་མཆོག་དང་དམིགས་བསལ་འབྲེལ་ཡོད་པ་བཀའ་གནང་སོང་། ཐེངས་འདིའི་བརྟན་བཞུགས་ཆེད་རྒྱ་གར་བྱང་ཤར་མིའོ་དང་ཀྲུ་ཀྲིང་གཙོ་བོར་གྱུར་པའི་ Arunachal དང་ Utarakand མངའ་སྡེ་སོགས་ནས་པདྨ་བཀོད་པའི་མི་གྲངས་༡༣༠༠ལྷག་དང་། དེ་བཞིན་རྡ་རམ་ས་ལས་གཙོས་བཙན་བྱོལ་ནང་གི་འཕན་པོ་བ་༡༥༠ཙམ་བཅར་འདུག

༸གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གི་ཕྱག་དེབ་དབུ་འབྱེད་བསྐྱངས་སོང་།

  དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་སྔ་ཐོག་ཚོུད་ ༡༠།༠༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་བརྩམས་པའི་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཧིན་དྷིའི་སྐད་ཡིག་སྟེང་ཡོད་པའི་ལོ་རྒྱུས་ཀྱི་ཕྱག་དེབ་གཅིག་དབུ་འབྱེད་བཀྲིན་བསྩལ་གནང་སོང་། མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་དང་ཁོང་གི་སྐུ་ཟླ། དེ་བཞིན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་ སར་ཝིན་ཅོ་དྷི་རི་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཆེད་ཕེབས་གནང་འདུག རྩ་བའི་སྐུ་ཞབས་ ཤན་ཏ་ཀུ་མར་མཆོག་གི་ཕྱག་དེབ་ ཧི་མ་ལ་ཡའི་པར་ལཱལ་ཆཱཡཱ་འམ་ཧི་མཱ་ལ་ཡིའི་མཐོ་སྒང་སྟེང་གྲིབ་གཟུགས་དམར་པོ་ཞེས་པའི་ཕྱག་དེབ་ཁ་བྱང་འཁོད་པ་དེ་སྔ་ལོ་ ༡༩༦༥ ལོར་པར་སྐྲུན་ཟིན་ཡོད་ནའང། འོན་ཀྱང་ཐེངས་འདིའི་ཕྱག་དེབ་ནང་ ༡༩༦༥ རྗེས་འབྲེལ་རྒྱ་དཀར་ནག་དང་བོད་ཀྱི་གནད་དོན་ཐོག་འགྱུར་བ་ཇི་བྱུང་ཁ་སྣོན་གསར་འཇུག་གནང་པ་ཞིག་ཆགས་ཀྱི་འདུག སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་དེ་རིང་གི་མཛད་སྒོའི་འདིའི་ཐོག་ནས་ཁོང་གི་ཕྱག་དེབ་དེའི་ནང་འདས་པའི་ལོ་ངོ་ ༥༠ དེའི་ནང་གི་རྒྱ་གར་དང་རྒྱ་ནག དེ་བཞིན་བོད་ཀྱི་གནད་དོན་སྐོར་དཔྱད་གཞི་ཡིག་ཆ་ ༡༢༡ ཙམ་ལ་རྒྱབ་རྟེན་གནང་ཡོད་པའི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ་ཞིག་ཆགས་ཀྱི་ཡོད་པ་གསུངས་གནང་སྟེ། གཙོ་བོ་༸གོང་ས་མཆོག་གིས་ཁོང་གི་ཕྱག་དེབ་དབུ་འབྱེད་བཀྲིན་མཛད་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁོང་གི་དེ་སྔའི་ཕྱག་དེབ་ཁག་ཅིག་རྒྱ་གར་གྱི་སྲིད་བློན་སོགས་གནང་མྱོང་མཁན་ནས་དབུ་འབྱེད་གནང་མྱོང་ཡོད་ཀྱང་།  དེ་རིང་གི་དུས་ཚིགས་འདི་ནི་གཞན་དང་མི་འདྲ་བ་ཁྱད་པར་བ་ཞིག་དང་ཁོང་དང་ཁོང་གི་ནང་གི་ཡོངས་བསོད་ནམས་ཅན་ཞིག་ཏུ་ཚོར་གྱི་ཡོད་པས་༸གོང་ས་མཆོག་ལ་ཆེ་བསྟོད་ཞུས་གནང་སོང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་སྐུ་ཞབས་ཤན་ཏ་ཀུ་མཱར་མཆོག་གིས་ད་བར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་གྲོས་འཐུས་མི་སོགས་ཆབ་སྲིད་ཀྱི་ལས་འགན་གཙོ་གནད་མང་དག་ཅིག་བཞེས་ནས་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་རླབས་ཆེན་གྲུབ་ཡོད་པར་མངགས་བརྗོད་གནང་སོང་བ་དང། ཁོང་གི་ཕྱག་དེབ་ཧི་མཱ་ལ་ཡའི་པར་ལཱལ་ཆཱཡཱ་ཞེས་པ་དེའི་སྐོར་དང་འབྲེལ། ལོ་རྒྱུས་ཀྱི་བྱུང་བ་བརྗོད་པའི་ཕྱག་དེབ་ནི་ཧ་ཅང་གི་དགོས་གལ་ཆགས་ཡོད་སྐོར་བཀའ་སློབ་བསྩལ་སོང་།  ཁྱད་པར་དུ་སྐབས་དེར་མགོན་པོ་མཆོག་གིས་འདས་པའི་དུས་རབས་ ༢༠ པའི་ནང་དམག་འཁྲུག་དང་དྲག་པོའི་སྟོབས་ཤུགས་བེད་སྤྱོད་བྱེད་ནས་དོན་དོངས་ཐོག་མིས་དཀའ་ངལ་དེ་དག་སེལ་ཐུབ་མེད་པ་དེ་ནས་ང་ཚོས་བསླབ་བྱ་བླང་ནས་དུས་རབས་ ༢༡ པ་འདི་བཞིན་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱ་དགོས་པ་དང་། དེའི་སླད་དུ་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་རིང་གི་མནའ་བོའི་སེམས་ཁམས་རིག་པ་དང་ལྟ་གྲུབ་ཀྱི་རིག་གཞུང་ཕྱུག་པོ་དེས་ཞབས་འདེགས་འགྲུབ་ཐུབ་རྒྱུའི་ནུས་ཡོད་པ་ལམ་སྟོན་བསྩལ་ཡོད། དེ་བཞིན་ད་དུང་༸གོང་ས་མཆོག་གིས་རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་ལས་འཛམ་གླིང་ཆོས་ལུགས་མཐུན་སྒྲིལ་ཡོང་ཐུབ་རྒྱུ་ཡོད་པའི་མིག་དཔེ་ལྟར་ཆགས་ཡོད་སྟབས། ༸གང་ཉིད་མཆོག་གིས་རྒྱ་གར་གཞུང་ལ་ག་དུས་ཡིན་ཡང་རྒྱལ་སྤྱིའི་ཆོས་ཚོགས་ཤིག་གོ་སྒྲིག་གནང་ཐུབ་ཚེ་གཞན་ལ་ཆོས་ལུགས་མཐུན་སྒྲིལ་གྱི་སྙིང་སྟོབས་སྤེལ་ཐུབ་རྒྱུ་དང་ལམ་སྟོན་གནང་ཐུབ་ངེས་ཡིན་པ་གསུངས་གནང་གི་ཡོད་སྐོར་བཀའ་སློབ་མཛད་ཡོད་པ་རེད། ཧིན་སྐད་ཐོག་ཡོད་པའི་སྐུ་ཞབས་ཤན་ར་ཀུ་མཱར་མཆོག་གི་ལོ་རྒྱུས་ཀྱི་ཕྱག་དེབ་དེ་གཟིགས་གྲུབ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་བཅར་འདྲི་ཞུས་པར་ཁོང་གིས་དེབ་དེ་ནི་ཧིན་དྷིའི་ནང་བོད་ཀྱི་རྒྱལ་རབས་དེ་ལྟར་བཀོད་པ་དང་ཤོས་གྲས་ཤིག་ཆགས་ཀྱི་ཡོད་སྟབས་རྒྱ་གར་མང་ཚོགས་ལ་འགྲེམས་སྤེལ་གང་ཐུབ་གནང་གལ་དུ་གཟིགས་ཀྱི་ཡོད་པ་གསུངས་སོང་།

༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག

པ་རག་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཕུལ་དགོས་པ་གསུངས་འདུག        ཁ་སང་ཟླ་ ༡༠ ཚེས་ ༣༡ ཉིན་ Prague Daily Monitor དྲ་གནས་ཐོག་གནས་ཚུལ་ཐོན་པར་གཞིགས་ན། འདས་པའི་གཟའ་འཁོར་གྱི་རེས་གཟའ་པ་སངས་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ STAN ཆབ་སྲིད་ཚོགས་པའི་འཐུས་མི་ལྕམ་ Jana Plaminkova ལགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ Czech མང་ཚོགས་དབར་ལ་དམིགས་གསལ་གྱི་འབྲེལ་བ་ཞིག་ཡོད་པ་དེར་ངོས་འཛིན་ཡོང་ཕྱིར་༸གོང་ས་མཆོག་ལ་པ་རག་གྲོང་ཁྱེར་གྱི་ཆེས་མཐོའི་མི་སེར་གྱི་མཚན་གནས་ཤིག་ཕུལ་དགོས་པ་རེད་ཅེས་གསུངས་འདུག རྩ་བའི་༸གོང་ས་མཆོག་དེ་སྔོན་པ་རག་ནང་དུ་ཆིབས་བསྒྱུར་མཛད་སྐབས་ཅེཀ་རིག་གཞུང་བློན་ཆེན་དང་གྲོས་ཚོགས་གོང་འོག་གི་ཚོགས་གཙོ་ཚོགས་གཞོན་བཅས་ནས་༸གང་ཉིད་མཆོག་དང་མཇལ་མོལ་ཞུས་རྗེས། ཅེཀ་སྲིད་འཛིན་དང་རིག་གཞུང་བློན་ཆེན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཐུན་མོང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་ཅེཀ་གཞུང་གི་ངོས་ནས་རྒྱ་ནག་གཅིག་གི་ལངས་ཕྱོགས་འཛིན་བཞིན་ཡོད་སྐོར་སོགས་བརྗོད་ཡོད་པ་རེད། Prague Daily Monitor གསར་ཤོག་ཐོག་ཚེས་ ༣༠ ཉིན་ STAN ཆབ་སྲིད་ཚོགས་པའི་ངོས་ནས་ Czech གཞུང་གི་དབུ་ཁྲིད་ཚོའི་གནང་སྟངས་ལ་སྐྱོན་བརྗོད་དང་སྦྲགས། ཅེཀ་གཞུང་གི་གནང་སྟངས་དེས་ཅེཀ་རྒྱལ་ཁབ་དེ་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་བའི་རྣམ་པ་ཞིག་མངོན་གསལ་ཆགས་ཡོད་སྟབས། རྒྱ་ནག་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཐོག་མཚན་རྟགས་བཀོད་མཁན་ཅེཀ་སྲིད་འཛིན་ Milos Zeman དབུས་པའི་གཞུང་འཛིན་པ་དཔོན་རིགས་ཚོས་རྒྱ་ནག་དང་ལྷན་དུ་ཡིག་ངག་གཉིས་ཀྱི་ཐོག་ནས་གན་རྒྱ་གང་དང་གང་འཇོག་མིན་ཡོངས་རྫོགས་གསལ་བཤད་དགོས་པའི་དགོས་འདུན་བཏོན་འདུག དེ་བཞིན་ཚོགས་པ་དེའི་ངོས་ནས་ Prague གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jana Plaminkova ལགས་ཀྱིས་༸གོང་ས་མཆོག་ལ་ Prague གྲོང་ཁྱེར་གྱི་ཆེ་བསྟོད་མི་སྣའི་མཚན་གནས་ཕུལ་དགོས་པའི་དགོས་འདུན་ལ་ རྒྱབ་སྐྱོར་ཡོད་སྐོར་གསུངས་པ་དང་སྦྲགས། ཉེ་ཆར་རྒྱལ་སྤྱིའི་ཆབ་སྲིད་ར་བའི་ནང་ཅེཀ་གཞུང་འཛིན་པ་རྣམས་ནས་ནོར་འཁྲུལ་ཤོར་བ་དེ་ཕྲན་བུ་དག་སེལ་ཡོང་བར་ཕན་ཐོགས་ཡོད་སྐོར་གསུངས་འདུག  

༸གོང་ས་མཆོག་གིས་སྨན་བླའི་རྗེས་གནང་སྩལ་བ་དང་སྦྲགས་གོ་ལ་གཅིག་གྱུར་གྱི་འགན་ཁུར་བཞེས་དགོས་གལ་ཡིན་པ་ལམ་སྟོན་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་ཝི་ཏི་ནམ་གྱི་ཚོང་པ་དད་ལྡན་པ་ཁག་ཅིག་ལ་སངས་རྒྱས་སྨན་བླའི་རྗེས་གནང་བསྩལ་འདུག དེ་ཡང་ཁ་ཉིན་ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་ཆེད་བཅར་ཞུས་པའི་ཝི་ཏི་ནམ་གྱི་ཚོང་པ་དད་ལྡན་པ་ ༨༠ སྐོར་ཞིག་དང་དྲ་ཐོག་བརྒྱུད་ཝི་ཏི་ནམ་གྱི་རྒྱལ་ས་ Hanoi དང་ Ho Chi Minh, Saigon དང་ Da Nang བཅས་གྲོང་ཁྱེར་ཆེ་ཁག་ནང་དུ་བཞུགས་པའི་དད་ལྡན་པ་ ༣༠༠ ནས་ ༥༠༠ བར་མཉམ་ཞུགས་གནང་པའི་ཁོངས་སུ་ནང་པ་དང་གཞོན་སྐྱེས་ཁག་ཅིག་ལ་སངས་རྒྱས་སྨན་བླའི་རྗེས་གནང་བཀྲིན་བསྩལ་འདུག སྐབས་དེར་ཝི་ཏི་ནམ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་༸གང་ཉིད་མཆོག་གིས་ཤེས་རབ་སྙིང་པོའི་རྩ་བར་འགྲེལ་བརྗོད་མཛད་དེ་སྟོན་པས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་ཁོང་ལྟ་བུ་ང་ཚོས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུའི་ལམ་དེ་མངོན་གསལ་མཛད་ཡོད་པ་དྲན་བསྐུལ་གནང་པ་དང་ཆབས་ཅིག ཁོང་རྣམས་ལ་བྱང་སེམས་ཀྱི་སྡོམ་པ་དང་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་བཟུང་སྟེ་བྱང་སྡོམ་སྔོན་དུ་སོང་བའི་སྒོ་ནས་སྨན་བླའི་རྗེས་གནང་བསྩལ་འདུག ༸གོང་ས་མཆོག་གིས་༸གང་ཉིད་མཆོག་གིས་དུས་རྟག་ཏུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་གཅིག་མཚུངས་ཡིན་པར་བཀའ་ནན་བསྩལ་བཞིན་ཡོད་པ་གསུངས་པ་དང་འབྲེལ། ང་ཚོ་འགྲོ་ཀུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འཚོ་གནས་བྱེད་ཡོད་སྟབས། གནམ་གཤིས་འགྱུར་ལྡོག་དང་གོ་ལའི་ཚ་གྲོད། རང་འབྱུང་ཁོར་ཡུག་གྱི་འཇིག་པའི་དབང་གིས་ས་འགུལ་སོགས་བྱུང་གི་ཡོད་པས་ང་ཚོས་ཚོགས་པ་གཅིག་གི་འདུ་ཤེས་འཛིན་ཏེ་བྱ་སྤྱོད་སྤེལ་དགོས་གལ་ཡིན་པ་བཀའ་སྩལ་བ་མ་ཟད། ལྷག་དོན་ཝི་ཏི་ནམ་མི་མང་ཚོས་ད་བར་ཝི་ཏི་ནམ་རང་གི་དོན་དུ་དཀའ་སྤྱད་དང་འབད་སྤུངས་ཆེན་པོ་གནང་ཡོད། ད་ཆ་ཁྱེད་རང་ཚོ་ཝི་ཏི་ནམ་རང་ལ་འགན་ཁུར་ཡོད་པ་ཁོ་ན་ཙམ་མིན་པར་གོ་ལ་གཅིག་གྱུར་གྱི་སེམས་ཁུར་བླངས་དགོས་པ་ལམ་སྟོན་མཛད་འདུག ཁྱད་པར་དུ་༸གོང་ས་མཆོག་གིས་ང་ཚོའི་ངོས་ནས་ནམ་ཞིག་བདེ་སྐྱིད་སྐོར་ལ་བཀའ་མོལ་གནང་ཚེ་ངེས་པར་དུ་སེམས་ཀྱི་ཞི་བདེ་ཐོག་དགོངས་པ་བཞེས་གལ་ཆེ་བ་དང་དེ་ནི་བདེ་སྐྱིད་ཀྱི་གཞི་མ་རེད་ཅེས་བཀའ་བསྩལ་ཡོད་པ་དང་། ༸གང་ཉིད་མཆོག་གིས་ཆོས་ལུགས་ཚང་མའི་ནང་ལ་བྱམས་པ་དང་བརྩེ་བའི་སྐོར་བསླབ་བྱ་གཅིག་མཚུངས་གནང་ཡོད་པ་ལུང་འདྲེན་གྱིས་ང་ཚོས་དུས་རབས་ཉེར་གཅིག་པ་འདིའི་ནང་སྔར་གྱི་ནོར་འཁྲུལ་རིགས་མི་ཡོང་བར་འབད་བརྩོན་གནང་གལ་ཡིན་པར་ལམ་སྟོན་བཀྲིན་ཆེ་བ་སོགས་བསྩལ་འདུག

༸གོང་ས་མཆོག་ཨ་རུ་ནཱ་ཅལ་དུ་ཆིབས་སྒྱུར་དང་འབྲེལ་རྒྱ་གཞུང་གིས་རྒྱ་གར་ལ་ཉེན་བརྡ་བཏང་འདུག

ཉེ་སྔོན་རྒྱ་གར་དབུས་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེར་ཆིབས་སྒྱུར་བསྐྱང་ཆོག་པའི་ཆོག་མཆན་ཕུལ་ཡོད་པ་དང་འབྲེལ། རྒྱ་གཞུང་གིས་རྒྱ་གར་གཞུང་གི་གནང་སྟངས་དེས་རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་སྲིད་པའི་ཉེན་བརྡ་ཞིག་བཏང་འདུག དེ་ཡང་ཁ་སང་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་སང་ཚེས་ ༢༨ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ LuKang ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པར་རྒྱ་ནག་གཞུང་གི་ངོས་ནས་ད་བར་རྒྱལ་ཁབ་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་ཁ་གསལ་དང་བརྟན་པོ་འཛིན་བཞིན་ཡོད་པ་དང་། ཏཱ་ལའི་རུ་ཚོགས་ནས་དུས་རྟག་ཏུ་རྒྱ་ནག་དང་ཁ་བྲལ་གྱི་ལས་གཞི་སྤེལ་ཡོད་སྐོར་བརྗོད་པ་དང་འབྲེལ། རྒྱ་གར་གཞུང་གིས་རྒྱ་ནག་དང་ཏཱ་ལའི་བླ་མའི་དབར་གྱི་གནད་དོན་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་གནད་དོན་དེ་གཉིས་ཚབས་ཆེན་པོ་ཇི་ཙམ་ཡིན་མིན་གསལ་པོ་ཤེས་མུས་ཐོག་རྒྱལ་ཁབ་གཉིས་དབར་རྩོད་རྙོག་ཡོད་པའི་ས་ཁུལ་ནང་དུ་ཏཱ་ལའི་བླ་མ་གདན་འདྲེན་ཞུས་པའི་བྱ་སྤྱོད་དེས་ད་ལྟ་ས་མཚམས་ས་ཁུལ་དུ་ཞི་བདེ་ལྷིང་འཇགས་ཡོད་པ་དེ་དང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལའང་དོ་ཕོག་འགྲོ་སྲིད་ཀྱི་རེད་ཅེས་ཉེན་བརྡ་ཞིག་བཏང་ཡོད་པ་བཀོད་འདུག རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་གནད་དོན་ཐོག་ལ་རྒྱ་གར་དབུས་གཞུང་གིས་དགོངས་བཞེས་གནང་རེ་དང་། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ཐད་ཐག་གཅོད་བྱུང་དོན་ལྟར་བརྩི་སྲུང་ཞུས་པ་མ་ཟད། ཏཱ་བླ་མར་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་གླེང་སྟེགས་ཤིག་སྤྲོད་རྒྱུ་མེད་སྐོར་བརྗོད་པ་དང་ཆབས་ཅིག རྒྱ་གར་དབུས་གཞུང་གིས་དེ་ལྟར་གནང་ཚེ་རྒྱལ་ཁབ་གཉིས་དབར་ལ་འབྲེལ་ལམ་བཟང་པོ་ཞིག་བསྐྲུན་ཐུབ་ངེས་ཡིན་པ་བཤད་འདུག རྒྱ་གར་དབུས་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Vikas Swarup ལགས་ཀྱིས་༸གོང་ས་མཆོག་ནི་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་སྟབས། ༸གང་ཉིད་མཆོག་ལ་རྒྱ་གར་གྱི་ས་ཁུལ་གང་དུ་ཕེབས་ན་རང་དབང་ཡོད་སྐོར་གསུངས་པ་དང་འབྲེལ་༸གོང་ས་མཆོག་ནི་མང་ཚོགས་ཀྱི་དད་གུས་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཞིག་ཀྱང་ཡིན་པས་ཨ་རུ་ནཱ་ཅལ་མངའ་ཁུལ་དུ་མགོན་པོ་མཆོག་ལ་དད་གུས་བྱེད་མཁན་མང་ཚོགས་ཕོན་ཆེ་ཞིག་ཡོད་སྟབས། ༸གོང་ས་མཆོག་དེ་སྔོན་ཡང་ཁུལ་དེར་ཆིབས་བསྒྱུར་བསྐྱངས་དོན་ལྟར་སླར་ཆིབས་སྒྱུར་མཛད་པར་ཡ་མཚན་རྒྱུ་གང་ཡང་མེད་སྐོར་གསུངས་འདུག རྩ་བའི་ཨ་རུ་ནཱ་ཅལ་ས་ཁུལ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་ཆགས་ཀྱི་ཡོད་པ་དང་། རྒྱལ་ཁབ་ཕྱོགས་གཉིས་དབར་ཕྱི་ལོ་ ༡༩༦༢ ལོར་དམག་འཁྲུག་ཆེན་པོ་བྱུང་བ་ནས་བཟུང་ཡུན་རིང་བར་རྩོད་རྙོག་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་སྟབས། རྒྱ་ནག་གིས་༸གོང་ས་མཆོག་ཆིབས་སྒྱུར་གཙོས་པའི་ཁུལ་དེར་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སྣ་སུ་འདྲ་ཞིག་ཕེབས་ཀྱང་དེར་དགག་བྱ་བྱེད་བཞིན་པའི་ཁྲོད་ཉེ་སྔོན་ཚེས་ ༢༡ ཉིན་ཨ་རུ་ནཱ་ཅལ་གྱི་རྟ་དབང་ས་ཁུལ་དུ་རྟ་དབང་དུས་སྟོན་ཐོག་རྒྱ་གར་ནང་གི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ RichardVerma མཆོག་ཆེད་ཕེབས་གནང་སྐབས་རྒྱ་གཞུང་གིས་རྒྱ་གར་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད། ཨ་རིའི་གཞུང་ལའང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ནང་ཐེས་བྱུས་བྱེད་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

ཅེཀ་རིག་གཞུང་བློན་ཆེན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་རྐྱེན་ཅེཀ་གཞུང་ནས་གཟེངས་རྟགས་ཕྱིར་འཐེན།

ཅེཀ་རིག་གཞུང་བློན་ཆེན་གྱིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་པའི་རྐྱེན་གྱིས་ཅེཀ་གཞུང་ནས་ཁོང་གི་ཨ་ཁུ་ལགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཞིག་འབུལ་འཆར་ཡོད་པ་ཕྱིར་འཐེན་གནང་སྟབས། ཡུལ་དེའི་མང་ཚོགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་དེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད་འདུག དེའང་ཟླ་ ༡༠ ཚེས་ ༡༨ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གཞུང་བློན་ཆེན་ Daniel Herman མཆོག་གིས་རྒྱལ་ས་ Prague ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་ཞུས་རྐྱེན་ཁོང་གི་ཨ་ཁུ་སྐུ་ཞབས་ George Brady ལགས་སུ་ཅེཀ་སྲིད་འཛིན་ Milos Zeman མཆོག་གྱི་ཕྱག་ནས་ཆེ་བསྟོད་གཟེངས་རྟགས་ཤིག་གནང་གཏན་འཁེལ་ཡོད་པ་དེ་ཕྱིར་འཐེན་གནང་སྟབས། ཡུལ་དེའི་མང་ཚོགས་ནས་སྲིད་འཛིན་མཆོག་གིས་ཐག་གཅོད་གནང་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་པ་མ་ཟད། གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ངོ་རྒོལ་གྱི་རྣམ་པ་མཚོན་ཕྱིར་དེ་རིང་གཟེངས་རྟགས་དེ་དང་འབྲེལ་བའི་མཛད་སྒོར་བཅར་རྒྱུ་མིན་ཅེས་གསལ་བསྒྲགས་ཤིག་གནང་འདུག རྩ་བའི་སྐུ་ George Brady ལགས་ནི་ Czechoslovakia ནང་དུ་སྐུ་ཁྲུངས་ཞིང་སྐབས་དེར་འཇར་མ་ནིའི་དབང་ཆ་གཅིག་བསྡུས་པ་ཧིཊ་ལར་གྱི་སྣེ་ཁྲིད་པའི་ Nazi དམག་མིས་ Jew མི་རིགས་རྩ་གཏོར་གྱི་སྡུག་སྦྱོང་མྱངས་རྗེས་ཁོང་ཁེ་ན་ཌར་གནས་སྤོས་གནང་སྟེ། ཡུལ་དེར་ཆུ་ལམ་བཟོ་སྒྲིག་གི་བཟོ་ལས་ཁང་བཙུགས་པ་དང་སྦྲགས། རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ལོ་རྒྱུས་ནང་དུ་ Holocaust འམ་ jew མི་རིགས་རྩ་མེད་བཟོས་པའི་མུན་ནག་གི་དུས་ཚོད་དེ་དྲན་གསོ་དང་འབྲེལ་བའི་ལས་གཞི་རླབས་ཆེན་སྣ་མང་ཞིག་སྤེལ་ཡོད་པ་ལྟར། ཉེ་སྔོན་ཅེཀ་གཞུང་གི་ངོས་ནས་དེ་རིང་ཚེས་ ༢༨ སྟེ་ཅེཀ་རྒྱལ་ཡོངས་སུ་ཉིན་མོ་དེ་རྗེས་དྲན་ཞུས་པ་དང་འབྲེལ་བྱས་རྗེས་ཅན་གྱི་མི་སྣ་ཁག་ཅིག་དང་ལྷན་ཁོང་ལ་གཞུང་འབྲེལ་གསོལ་སྟོན་ཞིག་གི་ཐོག་ཅེཀ་སྲིད་འཛིན་མཆོག་གྱི་ཕྱག་ནས་ཆེ་བསྟོད་གཟེངས་རྟགས་དེ་འབུལ་བཞེས་གནང་གཏན་ཁེལ་ཡོད་པ་རེད་འདུག འོན་ཀྱང་ Brady ལགས་ཀྱི་ཚ་བོ་ཅེཀ་རིག་གཞུང་བློན་ཆེན་ Daniel Herman ལགས་ཀྱིས་ཉེ་ཆར་ཡུལ་དེའི་གཟུགས་མཐོང་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་གསུངས་པར་གཞིགས་ན། དེ་སྔོན་༸གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་སྐབས་ཅེཀ་སྲིད་འཛིན་ Milos Zeman ལགས་ཀྱིས་སྐུ་ Daniel ཁོང་ནས་༸གོང་ས་མཆོག་དང་ལྷན་མཇལཞུས་ཚེ་ཁོང་གི་ཨ་ཁུ་ལགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་རྒྱུ་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་གནོན་ཤུགས་སྤྲོད་ཡོད་པ་དང་། རྗེས་སུ་ཁོང་གི་ཨ་ཁུས་༸གོང་ས་མཆོག་དང་དངོས་སུ་མཇལ་འཕྲད་ཞུས་པར་བརྟེན་ Cezch གཞུང་གིས་གཟེངས་རྟགས་དེ་ཕྱིར་འཐེན་གནང་པའི་བརྡ་ལན་ཞིག་འབྱོར་ཡོད་པ་གསུངས་འདུག ཅེཀ་སྤྱི་མཐུན་རྒྱུལ་ཁབ་ཀྱི་དཔལ་འབྱོར་བློན་ཆེན་ Andrej Babis ལགས་ཀྱི་གསུངས་པར་སྲིད་འཛིན་ Zeman ལགས་ཀྱིས་རིག་གཞུང་བློན་ཆེན་མཆོག་ལ་༸གོང་ས་མཆོག་དང་ལྷན་དུ་མཇལ་འཕྲད་གནང་རྒྱུ་མེད་སྐོར་གསུངས་པ་དང། ཕྱིས་སུ་ཁོང་གི་ཨ་ཁུ་ George Brady ལགས་ལ་གཟེངས་རྟགས་འབུལ་ཆར་ཡོད་པ་ཕྱིར་འཐེན་བྱེད་པའི་གནས་ཚུལ་གཉིས་ཀ་བདེན་པ་ཡིན་ཀྱང་། གནད་དོན་དེ་གཉིས་དབར་བ་འབྲེལ་བ་གང་ཡང་མེད་པ་རེད་ཅེས་གསུངས་འདུག འོན་ཀྱང་སྐུ་ཞབས་ Brady མཆོག་ལ་གཟེངས་རྟགས་ཕུལ་མེད་སྟབས་ཡུལ་དེའི་མང་ཚོགས་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ཅིག་དེར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་བཞིན་ཡོད་པ་མ་ཟད། དེའི་ཚབ་ཏུ་ཆེ་བསྟོད་ཀྱི་བྱ་དགའ་གཞན་མང་དག་ཞིག་འབུལ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང། སྐུ་ཞབས་ Brady མཆོག་རང་ཉིད་ནས་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོ་མང་གྲགས་སྟབས་ཁོང་ནས་དེ་དག་ཚང་མར་བཅར་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་པ་གསུངས་འདུག ཅེཀ་གཞུང་གི་ཐག་གཅོད་གནང་པ་དེར་རྐྱོན་བརྗོད་བྱེད་མཁན་ཁོངས་སུ་ཅེཀ་རྒྱལ་ས་ Prague གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Adriana Krnacova ལགས་ཀྱིས་སྐུ་ཞབས་ Brady ལགས་ཀྱི་གཟེངས་རྟགས་དང་འབྲེལ་བའི་གནད་དོན་ཐད་ཁོང་རང་ཉིད་ངོ་ཚ་པོ་ཞེ་དྲགས་བྱུང་སྟབས། ཁོང་གིས་ཁོང་རང་ཉིད་ལ་ཡོད་པའི་དབང་ཆ་ལོངས་སུ་སྤྱོད་པའི་ཐོག་ནས་སྐུ་ཞབས་ Brady ལགས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ Prague གྲོང་ཁྱེར་གྱི་ལྡེ་མིག་གཅིག་དབུལ་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་ Cezch གཞུང་གི་བློན་ཆེན་བཞི་ནས་དེ་རིང་ཚེས་ ༢༨ ཉིན་གཞུང་འབྲེལ་གསོལ་སྟོན་ཐོག་བཅར་རྒྱུ་མིན་པ་མ་ཟད། དེའི་ཚབ་ཏུ་ཅེཀ་གཞུང་གི་ཐག་གཅོད་ལ་ངོ་རྒོལ་ཆེད་ལོགས་སུ་ལྷན་འཛོམས་གནང་རྒྱུ་ཡིན་སྐོར་གསུངས་འདུག རྩ་བའི་སྲིད་འཛིན་ Zeman མཆོག་གིས་སྐུ་ཞབས་ George Brady ལགས་སུ་བསྩལ་རྒྱུའི་ཆེ་བསྟོད་གཟེངས་རྟགས་ཕྱིར་འཐེན་གྱི་གནས་ཚུལ་ཐོན་རྗེས་མང་ཚོགས་ཁྲོད་ནས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་བཏོན་མཁན་བྱུང་ཡོད་པ་མ་ཟད། སྐུ་ཞབས་ Brady ལགས་ནས་ Cezch གཞུང་གིས་ཁོང་ལ་དབུལ་རྒྱུའི་གཟེངས་རྟགས་དེ་ཕྱིར་འཐེན་གནང་ཟིན་ཀྱང་སླར་དེ་ལྟར་དབུལ་ཡང་ཁོང་གིས་བཞེས་རྒྱུ་མིན་པ་ཐུགས་ཐག་བཅད་ཟིན་ཡོད་པ་རེད་འདུག

༸གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་ལྔའི་ནང་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་རྒྱལ་ཁབ་ལྔའི་ནང་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། དེ་རིང་ཟླ་ ༡༠ ཚེས་ ༢༤ ཉིན་སྔ་དྲོ་ཚོུད་ ༡༠།༣༠ ཐོག་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བཞུགས་སྒར་ཉེ་འདབས་སུ་ཡོད་པའི་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་གཙོས་གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་ཁག་གི་གནད་ཡོད་མི་སྣ་སོགས་ཆེད་བཅར་གྱིས་ཕེབས་བསུ་ཞུས་སོང་བ་དང་། བཞུགས་སྒར་དུ་ཆིབས་སྒྱུར་སྐབས་ཕེབས་ལམ་གྱི་གཡས་གཡོན་དུ་སྲི་ཞུ་ལས་བྱེད་རྣམ་པ་དབུས་ས་གནས་བོད་མི་ཚོས་ལག་ཏུ་དཀར་གཙང་གི་མཇལ་དར་དང་དྲི་ཞིམ་གྱི་དུག་སྤོས། ཞུགས་ཏོག་བཅས་བསྣམས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་མགོན་པོ་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ལ་ཏི་ཝི་ཡ་དང་སུད་སི། སུ་ལོ་ཝ་ཀི་ཡ། ཅེག་སྤྱི་མཐུན་རྒྱལ་ཁབ། དེ་བཞིན་ཨི་ཊ་ལི་བཅས་རྒྱལ་ཁབ་ཁག་ལྔའི་ནང་འཛད་འཕྲིན་རྒྱ་ཆེ་བསྐྱང་ཕྱིར་ཟླ་ ༡༠ ཚེས་ ༨ ཉིན་བཞུགས་སྒར་ནས་ཕེབས་ཐོན་མཛད་དེ་ཆེས་ཐོག་མར་ཡོ་རོབ་རྒྱལ་ཁབ་ Latvia ཡི་རྒྱལ་ས་ Riga ནང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད། ༸གང་ཉིད་མཆོག་གིས་ཚེས་ ༩ ཉིན་རྒྱལ་ས་ལྡི་ལིར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་བློན་ཆེན་གཞོན་པ་ Chbowna Mein མཆོག དེ་བཞིན་མངའ་སྡེ་གྲོས་ཚོགས་ཀྱི་ཚོགས་གཙོ་ T.N Thongdok མཆོག་བཅས་ཀྱིས་གཙོས་པའི་ཨ་རུ་ནཱ་ཅལ་མངའ་སྡེའི་གནད་ཡོད་མི་སྣ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༸གང་ཉིད་ཀྱི་བཞུགས་གནས་མགྲོན་ཁང་དུ་ཁོང་རྣམས་དང་མཇལ་འཕྲད་གནང་པ་མ་ཟད། སྐབས་དེར་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནས་ཨ་རུ་ནཱ་ཅལ་མང་ཚོགས་ཀྱི་ཚབ་ཞུས་ཏེཨ་རུ་ནཱ་ཅལ་མངའ་ཁུལ་གྱི་མང་ཚོགས་རྣམས་ནས་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་མཛད་རྒྱུར་ངང་སྒུག་ཆེན་པོ་གནང་བཞིན་ཡོད་པ་ལྟར། ༸གང་ཉིད་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པར་མགོན་པོ་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་དོན་བཞིན་རིང་མིན་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༣ པའི་ནང་བདུན་ཕྲག་གཉིས་པའི་ནང་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་འདིའི་ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་ཡོ་རོབ་རྒྱལ་ཁབ་ Latvia ཡི་རྒྱལ་ས་ Riga དང་དེ་རྗེས་ Swiss གྱི་རྒྱལ་ས་ Bern དང་། Zurich གྲོང་ཁྱེར། Slovakia ཡི་རྒྱལ་ས་ Bratislavia དེ་བཞིན་ Cezch སྤྱི་མཐུན་རྒྱལ་ཁབ་གྱི་རྒྱལ་ས་ Prague དང་ Italy གྲོང་ཁྱེར་ Milan བཅས་ཀྱི་ནང་དུ་ཆིབས་སྒྱུར་གྱིས་དད་ལྡན་མང་ཚོགས་རྣམས་ལ་ཆོས་འབྲེལ་གྱི་བཀའ་ཆོས་དང་བླང་དོར་གྱི་བཀའ་སློབ་སོགས་ཀྱི་མཛད་འཆར་ཇི་སྙེད་ཅིག་བསྐྱངས་གནང་ཡོད་པ་རེད། རྩའི་བའི་༸གོང་ས་མཆོག་གིས་ཡོ་རོབ་རྒྱལ་ཁབ་ལྔའི་ནང་མཛད་འཕྲིན་རྒྱ་ཆེ་བསྐྱངས་པའི་ཁྲོད་རྒྱལ་ཁབ་དེ་དག་སོ་སོའི་ནང་བཞུགས་པའི་ས་གནས་བོད་མི་རྣམས་ལ་བཀའ་ཆོས་དང་བཀའ་སློབ་བཀྲིན་ཆེ་བ་བསྩལ་གནང་མཛད་ཡོད་པ་མ་ཟད། ལྷག་དོན་བོད་མི་མི་རེ་ངོ་རེས་རང་ཉིད་བོད་མི་གཅིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་དང་དེ་མཚུངས་བོད་ཀྱི་ཆོས་རིག་དག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་སོགས་ཀྱི་སྐོར་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད།

༸གོང་ས་མཆོག་གིས་བོད་མི་ཚོས་བོད་ཀྱི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་རྒྱུ་གལ་ཆེ་ཡིན་པ་བཀའ་བསྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲི ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་བོད་ཀྱི་སྐད་ཡིག་ཉར་ཚགས་ཐུབ་པ་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཕ་མ་ཚོའི་ངོས་ནས་རྒྱུན་དུ་རང་ཉིད་ཀྱི་ཁྱིམ་དུ་བུ་ཕྲུག་ཚོ་དང་བོད་སྐད་བསྐྱོན་རྒྱུ་གལ་ཆེ་ཡིན་པར་ལམ་སྟོན་མཛད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་ ༢༠ ནས་ ༢༢ བར་ཨི་ཊ་ལི་ནང་༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པ་སོགས་ཀྱི་ཆོས་འབྲེལ་ཁག་ཅིག་གཙོ་བོར་གྱུར་པའི་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་པའི་ཁྲོད། ཕྱི་ཚེས་ ༢༡ ཉིན་མགོན་པོ་༸གང་ཉིད་མཆོག་གིས་ཨི་ཊ་ལི་གཙོས་པའི་ཉེ་འཁོར་ཡོ་རོབ་ས་གནས་ཁག་ནས་ཆེད་བཅར་ཞུས་པའི་བོད་རིགས་རྣམས་ལ་དམིགས་བསལ་གྱི་བཀའ་སློབ་བཀྲིན་ཆེ་བ་བསྐྱངས་གནང་ཡོད་པ་རེད། སྐབས་དེར་༸གང་ཉིད་མཆོག་གིས་ད་བར་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ལོ་ངོ་ ༥༧ ལྷག་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་དྲག་གནོན་ཇི་བྱས་ལ་མ་ལྟོས་པར་བོད་ནང་ལོག་ལ་ཡོད་པའི་བོད་མི་རྣམས་གཙོ་བོར་གྱུར་པའི་བོད་རིགས་རྒྱ་ཆེ་མང་ཚོགས་ཀྱི་ཞུམ་པ་མེད་པའི་ལྷག་བསམ་དང་སྙིང་སྟོབས་བཅས་རྒྱུན་གནས་ཐུབ་ཡོད་སྐོར་གསུངས་པ་དང་ཆབས་ཅིག བོད་མི་ཚོས་མུ་མཐུད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཉར་ཚགས་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལམ་སྟོན་བསྩལ་འདུག     ད་དུང་མགོན་པོ་མཆོག་གིས་ད་བར་རྒྱ་ནག་ནང་ལོག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། ལྷག་པར་དུ་དེང་སྐབས་རྒྱ་རིགས་མི་ཉུང་བ་ཞིག་བོད་ཀྱི་ས་ཁུལ་ཁག་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རང་དབང་ལུང་པའི་ནང་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་སོགས་ཀྱི་ཆེད་དུ་བསྐྱོད་མཁན་ལོ་རེ་བཞིན་ཇི་མང་དུ་འགྲོ་བཞིན་ཡོད་སྟབས། བོད་དང་རྒྱ་ནག་གི་དངོས་ཡོད་གནས་ཚུལ་ཐོག་ལ་ཤེས་རྟོགས་ཡོད་མཁན་མང་དུ་འགྲོ་མུས་ཡིན་པ་བཀའ་སྩལ་དང་འབྲེལ། འགྱུར་བ་ལ་བཀག་ཐབས་མེད་པས་རྒྱ་ནག་ཕྱོགས་ནས་བོད་ཀྱི་གནད་དོན་ལ་ཤ་ཚ་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་རང་ཉིད་ཀྱི་ཆེ་མཐོང་དང་མ་འོངས་མདུན་ལམ་སླད་དུ་འགྱུར་བ་ཞིག་གཏན་གཏན་འགྲོ་ངེས་ཡིན་པ་ཡང་བཀའ་བསྩལ་མཛད་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ནང་པའི་གཞུང་ལུགས་ནང་ཡོད་པའི་ཚད་མ་རིག་པའི་རྣམ་གཞག་དེ་དག་བོད་ཀྱི་སྐད་ཐོག་ལ་མ་གཏོགས་སྐད་ཡིག་གཞན་གྱི་ཐོག་ལ་ད་ལྟའི་ཆར་གསལ་པོ་མཇལ་རྒྱུ་མེད་སྐོར་བཀའ་སྩལ་དང་འབྲེལ་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་བཀའ་བསྟན་དེ་དག་ལ་སློབ་དེབ་ལྟ་བུར་འདུ་ཤེས་འཛིན་ནས་སློབ་གཉེར་གནང་གལ་ཡིན་པ་མ་ཟད། ལྷག་དོན་སངས་རྒྱས་པའི་བསྟན་པ་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་བོད་པ་ཞེས་བྱེ་བྲག་པ་གཅིག་ཁོ་ནའི་འོས་འགན་ཙམ་མིན་པར་མང་ཚོགས་ཚོས་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་བཀའ་བསྩལ་འདུག མཐར་༸གོང་ས་མཆོག་གིས་མང་ཚོགས་རྣམས་ནས་ནང་ཆོས་ལ་དད་པ་ཁོ་ནའི་རྗེས་སུ་མ་འབྲངས་པར་དེར་བསླབ་པ་སློབ་གཉེར་གནང་སྟེ་ཞིབ་འཇུག་དང་དཔྱད་པ་ཡང་དག་ཞིག་གནང་གལ་ཆེ་བ་ཡིན་པ་བཀའ་བསྩལ་ནན་པོ་མཛད་འདུག

༸གོང་ས་མཆོག་གིས་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་འདུག

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་མཆོག་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་ཚང་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་པའི་བཀའ་ཡིག་བསྩལ་འདུག ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་ནུ་མཆོག་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་ཚང་གི་ཡོད་པར་བརྟེན་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་མཛད་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཁོང་རང་ཉིད་༸གོང་ས་མཆོག་གིས་དགའ་ལྡན་ཁྲི་པར་བསྐོ་གཞག་མཛད་པ་དེས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་ལན་བསྩལ་སོང་བ་དང་། དེ་བཞིན་དགའ་ལྡན་ཁྲི་པའི་མཛད་འགན་གཙོ་བོ་ནི་རི་བོ་དགེ་ལུགས་པ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བྱ་བ་མཐའ་དག་དང་བསླབ་པ་སློབ་གཉེར་ཡར་རྒྱས་གཏང་རྒྱུར་ཐུགས་འགན་གཙོ་བཞེས་གནང་དགོས་ཀྱི་ཡོད་པ་སོགས་བཀའ་ལན་བསྩལ་སོང་། ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་བཀའ་ཡིག་ཕེབས་དོན་ལྟར་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་མཇལ་མོལ་གྱིས་སྙན་སེང་ཞུས་གནང་འདུག འདི་ལོ་བོད་ཟླ་ ༩ ཚེས་ ༦ དང་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་དགའ་ལྡན་ཁྲི་པའི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་ཚོགས་ཐུགས་གཏན་ཁེལ་ཡོད་པ་རེད། དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི་རྒྱ་གཞུང་གིས་དབྱེ་བའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁམས་ཡ་ར་ཞེས་པར་སྐུ་འཁྲུངས་པ་དང་། ཆུང་དུས་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་ཞིང་། དགུང་ལོ་ ༡༦ ཐོག་དབུས་ཕྱོགས་སུ་ཕེབས་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་དག་ལ་བསླབ་པ་སློབ་གཉེར་གནང་འདུག ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་སྐབས་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་མུ་མཐུད་སློབ་གཉེར་གནང་པ་དང་། དེ་རྗེས་མོན་གྷོ་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་དང་པོ་ནང་དུ་གང་ཙམ་བཞུགས་རྗེས་༸གོང་ས་མཆོག་གིས་བཀའ་འབྲེལ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་སློབ་གཉེར་གནང་པ་མ་ཟད། སྔ་ཕྱིར་གྲྭ་ཚང་གི་ཕྱག་མཛོད་དང་གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས་སོགས་ལས་གནས་མང་དག་གི་ཐུགས་འགན་བཞེས་མྱོང་ཡོད་པ་རེད། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གནང་སྟེ་རྒྱུད་སྟོད་ཚང་དུ་ལོ་གཅིག་རིང་སྔགས་ཀྱི་སློབ་གཉེར་གནང་རྗེས་སྔགས་རམས་པའི་མཚན་རྟགས་བཞེས་གནང་འདུག་པ་མ་ཟད། སླར་འབྲས་སྤུངས་ལ་ཕེབས་ནས་སློབ་བུ་མང་པོར་དཔེ་ཁྲིད་གནང་ནས་བཞུགས་འདུག  དེ་རྗེས་༸གོང་ས་མཆོག་གིས་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་དོན་ལྟར་བླ་མ་དབུ་མཛད་ལོ་གསུམ་དང་མཁན་པོ་ལོ་གསུམ་བཅས་གནང་ཡོད་པ་རེད་འདུག གཞན་ཡང་རིན་པོ་ཆེ་མཆོག་ཨོ་སི་ཊོ་ལི་ཡ་དང་ཧྥ་རན་སི། སུད་སི་སོགས་ཕྱིའི་ཡུལ་གྲུ་ཁ་ཤས་ལ་གདན་ཞུ་ཕུལ་བ་བཞིན་ཕེབས་ནས་ནང་ཆོས་འཆད་ཁྲིད་གནང་འདུག ཕྱི་ལོ་ ༢༠༠༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་འདུག་པ་དང་། དུས་དེ་ནས་བཟུང་ཉེ་ཆར་དགའ་ལྡན་ཁྲི་པའི་ཕྱག་རྟགས་མ་བསྩལ་བར་ལོ་ངོ་ ༡༤ རིང་ཤར་པ་ཆོས་རྗེའི་མཚན་གནས་བཞེས་གནང་ཡོད་པ་རེད། རྩ་བའི་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་བོད་ལུགས་ལྟར་ན་ད་ལོ་དགུང་ལོ་ ༨༠ པར་ཕེབས་ཀྱི་ཡོད་པ་རེད་འདུག    

Latest news