Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་མཇུག་སྒྲིལ་གནང་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོ་སྒྲིག་འོག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཐད་འབྲེལ་ཡོད་ལས་ཀྱི་སྣེ་མོ་ཁག་ཅིག་དང། གཞོན་སྐྱེས་སློབ་གཉེར་བ་བཅས་མཁྱོན་མི་གྲངས་ ༣༥ ལྷག་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་གྱི་ལས་རིམ་ཚོགས་འདུག ཟླ་འདིའི་ཕྱི་ཚེས་ ༣ ནས་ ༥ བཅས་སུ་མེ་གྷན་ནོར་བུ་གསོལ་མགྲོན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པར་འཕྱར་གྲུ་མཉམ་འདེགས་ཞེས་པའི་སྦྱོང་བརྡར་གྱི་ཟབ་སྦྱོར་ཞིག་གོ་སྒྲིག་ཞུས་ཡོད་པ་རེད། ད་ལན་གྱི་ཟབ་སྦྱོང་དེ་ཚོགས་པའི་དགོས་དམིགས་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་སྲུང་སྐྱོབ་བྱེད་ཐབས་དང། རྒྱལ་སྤྱིའི་དང་རྒྱ་ནག་གི་ཁྲིམས་ཡིག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པའི་ཆེད་དུ་འཁོད་པའི་རང་དབང་དང་ཐོབ་ཐང་ཇི་ཡོད་སོགས་ཀྱི་ཐད་ཐད་གོ་རྟོགས་དང་སྦྱང་བཤད་བྱ་རྒྱུའི་དམིགས་བསལ་གྱི་ལས་རིམ་ཞིག་རེད་འདུག ལྷག་པར་དུ་ཉིན་གསུམ་གྱི་སྦྱོང་བརྡར་གྱི་ལས་རིམ་དེའི་ནང་འགྲོ་བ་མིའི་ཐོབ་མཁས་ལས་མི་སྣ་ཁག་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ནུས་པ་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་དགོངས་ཚུལ་སྤེལ་རེས་ཀྱི་ལས་རིམ་ཡང་འདུག དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ སྦྱོང་བརྡར་གྱི་ལས་རིམ་དེའི་ནང་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཚོར་རྒྱུན་ལྡན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་གཉེར་བའི་སྐབས་སུ་ལས་དོན་དེའི་ནུས་པ་ཇེ་ཆེ་གཏོང་ཐབས་དང། རང་ཉིད་སེམས་བག་ཚ་བའི་གནས་སྐབས་སུ་བག་ཡངས་ཇི་ལྟར་བཟོ་ཕྱོགས་ཀྱི་ཐབས་ལམ་ཡང་སློབ་ཁྲིད་གནང་ཡོད་པ་རེད་ཅེས་གསུངས་སོང།

༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ།

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཀླུ་མཁར་བྱམས་ལགས་ནས་འཆར་སྒོ་གཉིས་དང་ངོ་རྒོལ་གཉིས་ཀྱི་ཐོག་ནས་ ༢༠༡༥ དང་ ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་པ།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་སོང།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ལོ་ ༢༠༡༦ ལོའོ་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསར་འགོད་གསལ་སྒྲགས་ཤིག་སྤེལ་གནང་སོང། དེ་རིང་ཟླ་བ་ ༨ ཚེས་ ༣ ཕྱི་དྲོ་ཚོུད་ ༣།༠༠ ཐོག་འདི་ག་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་དུ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྐུ་སྒེར་གྱི་ཐོག་ནས། བཙན་བྱོལ་ནང་གི་བོད་སྐད་ཀྱི་རླུང་འཕྲིན་གསུམ་སྐོང་ཚོགས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བ་ཡོད་པ་དང། ཁོང་གིས་སྐབས་དེར་བོད་ཀྱི་རྩ་དོན་ཆེད་དུ་མ་འོངས་ལས་དོན་བྱེད་ཕྱོགས་དང་འབྲེལ། ཆོལ་ཁ་གསུམ་ཆིག་སྒྲིལ་གྱི་ནུས་པ་ཤུགས་ཆེ་རུ་གཏང་རྒྱུ་དང། བཙན་འབྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་སླད་མང་གཙོའི་ཀ་བ་གསུམ་གྱི་ཐུན་མོང་གི་ནུས་པ་མཉམ་སྤུངས་ཐུབ་པ་བྱ་རྒྱུ་གཉིས་ལས་དོན་གལ་ཆེ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་གསུངས་པ་དང་སྦྲགས། ད་དུང་ཁོང་གིས་མ་འོངས་པར་སུ་ཐོབ་དང་མ་ཐོབ་ལ་མ་ལྟོས་པར། སོ་སོའི་ངོས་ནས་གྲ་སྒྲིག་གི་ཚུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་དང་བཀའ་བློན་སུ་བཀོད་དགོས་མེད་སོགས་ཀྱི་ཐོག་ལའང་དགོངས་པ་བཞེས་ཟིན་སྐོར་གསུངས་ཡོད་པ་རེད། རྩ་བའི་ད་སྐབས་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ ༢༠༡༦ སྲིད་སྐྱོང་འོས་མིར་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཀྱི་མཚན་བཏོན་གནང་ཡོད་པ་དང། དེ་བཞིན་ཉེ་ཆར་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མང་མོས་ཀྱིས་སྲིད་སྐྱོང་འོས་མིར་བཏོན་ཡོད་པ་ལྟར། ཚོགས་པ་དེ་གཉིས་ནས་ལངས་ཕྱོགས་དང་ཆོལ་ཁ་དབྱེ་མེད་ཐོག་རྒྱབ་སྐྱོར་གནང་བར་ཁོང་གིས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། མང་ཚོགས་ནས་ཀྱང་ཆོལ་ཁ་ཆོས་ལུགས་དབྱེ་བ་མེད་པའི་ཐོག་ནས་སོ་སོའི་བསམ་བློའི་རྣམ་དཔྱོད་ཀྱི་ཐོག་ནས་ཁོང་ལ་འོས་ཤོག་བླུགས་དགོས་པའི་འབོད་སྐུལ་ཀྱང་ཞུས་གནང་བ་མ་ཟད། གསར་འགོད་ལྷན་ཚོགས་རྗེས་ཀྱི་དྲི་བ་དྲི་ལན་སྐབས་སུ་ཁོང་གིས་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བའི་དབང་དུ་བཏང་ནའང། ལོ་ལྔའི་དུས་ཡུན་ནང་བོད་རྒྱའི་གནད་དོན་སེལ་ཐུབ་ཀྱི་རེད་ཅེས་ཁས་ལེན་ཞུ་ཐུབ་ཀྱི་མེད་ནའང། ཕྱོགས་ཚང་མ་ནས་ཐབས་ཤེས་མཉམ་སྤུང་ཀྱིས་འབད་བརྩོན་གང་ཐུབ་ཞུས་ནས་སླེབས་ས་གཅིག་ལ་སླེབས་ཐུབ་པ་བྱ་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་བ་དང་འབྲེལ། ཁོང་སྐུ་སྒེར་གྱི་ངོས་ནས་སྲིད་སྐྱོང་གི་དྲིལ་བསྒྲགས་སྐབས་ཁོང་རང་ཉིད་ཀྱི་འདས་པའི་ཉམས་མྱོང་དང་འབྱུང་འགྱུར་གྱི་ལས་དོན་ཇི་བྱས་ལ་གཞི་བཞག་པ་མ་གཏོགས་anti campaign འམ་གཞན་ལ་དམའ་འབེབ་དང་ལྡོག་ཕྱོགས་ཀྱི་སྐྱོན་བརྗོད་བརྒྱུད་རང་ཉིད་དྲིལ་བསྒྲགས་གནང་རྒྱུ་མིན་པའི་འགྲེལ་བརྗོད་སོགས་གནང་སོང། http://www.youtube.com/watch?v=fsdV0JMUhgQ&feature=youtu.be

འཕྲོད་བསྟེན་ལས་ཁུངས་ནས་སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་ཀྱིས་གསུང་པའི་བཀའ་མོལ་དེ་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག

སྲིད་སྐྱོང་འོས་མི་བཀྲིས་དབང་འདུས་ལགས་ཀྱིས་ཟླ་ ༧ ཚེས་ ༢༢ ཉིན་བཞུགས་སྒར་མེ་གྷན་ Club House ཚོགས་ཁང་དུ་ཁོང་སྲིད་འོས་མིར་བཞེངས་དོན་ཅི་ཡིན་སྐོར་གསུང་བཤད་གནང་བའི་སྐབས་སུ་བོད་མིའི་འཕྲོད་བསྟེན་གནད་དོན་དང་འབྲེལ། གཞིས་ཆགས་ཁག་གཅིག་ནང་སྨན་ཁང་ཡོད་ན་ཨེམ་ཆི་ཡོད་མ་རེེད། ཨེམ་ཆི་ཡོད་ན་སྨན་ཞབས་ཡོད་མ་རེད། སྨན་ཞབས་ཡོད་ན་སྨན་རྫུན་མ་སྤྲོད་ཀྱི་ཡོད་རེད་ཅེས་གསུངས་ཡོད་པ་རེད། ཁ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་བཀྲིས་དབང་འདུས་ལགས་ཀྱིས་གསུང་པའི་བཀའ་མོལ་དེ་དོན་ཚན་གསུམ་གྱིས་ཐོག་ནས་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག ཟླ་འདིའི་ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༢ ལོར་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང་ཁག་ནང་སྨན་པ་གྲངས་ ༧ ཙམ་ཡོད། ད་ལྟའི་འཆར་ལྡབ་འཕར་བྱས་ཏེ་སྨན་པ་གྲངས་ ༡༦ ཙམ་ཡོད་པ་དང། འདི་གའི་ཁྱབ་ཁོངས་སྨན་ཁང་ཁག་ནང་སྨན་ཞབས་སམ་འཕྲོད་ལས་པ་གྲངས་བརྒྱ་ལྷག་ཡོད། སྨན་ཞབས་མེད་པའི་དཀའ་ངལ་མེད་པ་མ་ཟད། དེ་བཞིན་སྨན་ཞབས་ཡོད་ན་སྨན་རྫུན་མ་སྤྲོད་ཀྱི་ཡོད་རེད་གསུངས་པ་དེ་ཁུངས་ལྡན་རྩ་བ་ནས་མིན།ཁུངས་ལྡན་མིན་པའི་བཀའ་མོལ་འདི་རིགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་སུ་ཡོད་པའི་ལྷག་བསམ་ཅན་གྱི་ལས་བྱེད་རྣམ་པར་ཤིན་ཏུ་བློ་ཕམ་ཡོང་རྒྱུ་ལས་མ་འདས་པར་སོང་མང་ཚོགས་ཀྱི་མཁྱེན་རྟོགས་སླད་དངོས་ཡོད་གནས་སྟངས་གསལ་བཤད་བཅས་དོན་ཚན་གསུམ་གྱིས་ཐོག་ནས་ཁུངས་ལྡན་མིན་པའི་སྐྱོན་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་གནད་དོན་དེའི་ཐོག་བཀའ་འདྲི་ཞུས་ཀྱང་བཀའ་བློན་མཆོག་མཛད་འཕྲིན་གྱི་རྐྱེན་པས་བཀའ་ལན་གང་ཡང་བྱུང་མ་སོང། འོན་ཀྱང་བཀྲིས་དབང་འདུས་ལགས་སུ་འབྲེལ་བ་ཞུས་སྐབས་ཁོང་གིས་དེ་སྔའི་བཀའ་མོལ་བསྐྱར་ནན་གནང་བ་དང་འབྲེལ་བཙན་བྱོལ་བོད་མིའི་གཞིས་ཆགས་ལྔ་བཅུ་ང་གྲངས་ནང་འཕྲོད་སྟེན་ཡན་ལག་སྨན་ཁང་ ༨༠ ལྷག་ཡོད་པ་དང། དེ་དག་གི་ནང་སྨན་ཞབས་པ་ ༡༠༠ ལྷག་དང་ ཨེམ་ཆི་ ༡༦ ཙམ་ཡོད་ཅེས་གསུངས་པ་དེ་རང་གིས་ལན་འདེབས་གསལ་པོ་ཞིག་ཆགས་ཡོད་སྐོར་གསུངས་ཀྱི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་མཇུག་སྒྲིལ།

ཁ་སང་ཟླ་ ༧ ཕྱི་ཚེས་ ༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་མཇུག་སྒྲིལ་དང་བསྟུན། གཞོན་ནུ་ལྷན་ཚོགས་ཀྱི་དཀའ་ངལ་ཡོད་པའི་ས་གནས་ཁག་དགུ་དང་མཉམ་དུ་ནང་ཁུལ་འགྲིག་ཐབས་སོགས་ཀྱི་གྲོས་ཆོད་ཁག་ ༡༡ འཇོག་འདུག ཟླ་འདིའི་ཕྱི་ཚེས་ ༢༤ ནས། ༢༩ བཅས་ཉིན་གྲངས་དྲུག་གི་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགོ་སྒྲིག་འོག་རྒྱ་གར་གི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་ཁང་དུ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པ་དེའི་ཐོག་ས་གནས་ཁག་ ༣༥ ནས་གཞོན་ནུའི་འཐུས་མི་ ༡༣༠ ལྷག་མཉམ་ཞུགས་གནང་འདུག ཚོགས་འདུའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་གལ་གནད་ཆེ་བ་ཁག་ལས་གཙོ་བོ་གཅིག་ནི། ཉེ་ལམ་ནས་གཞོན་ནུའི་སྒྲིག་འཛུགས་ཁོངས་གཏོགས་རྒྱ་གར་ལྷོ་ཕྱོགས་གཙོས་པའི་ས་གནས་བརྒྱད་དང། ཨ་རི་ནེའི་ཡོག ནེའུ་ཇར་སིའི་ས་གནས་ཡན་ལག་ཁག་དང་དབུས་གཞོན་ནུའི་དབར་འཕྲད་བཞིན་པའི་དཀའ་ངལ་དེ་སེལ་ཐབས་སུ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གྲོས་གཞི་དོན་ཚན་ ༡༠ པའི་དགོངས་དོན་ལྟར་ས་གནས་དེ་དག་ཏུ་ངོ་བཅར་གྱིས་གཞོན་ནུའི་ཚོགས་མི་དང་ས་གནས་མི་མང་བཅས་པར་གནད་དོན་གསལ་བཤད་ཀྱི་ཐོག་ནས་ནང་འགྲིག་བྱ་རྒྱུའི་གྲོས་ཆོད་བཞག་འདུག དེ་བས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་ཕྱྭའི་འགན་འཁུར་ཞུ་ཕྱོགས་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ལ་༸སྐུ་ཕྱྭའི་ཐོག་འགན་འཁུར་ལྷོད་མེད་བཞེས་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། སླད་མར་དུས་དབང་སོགས་འདུ་མང་ཆེ་སར་༸རྒྱལ་བའི་༸སྐུ་ཕྱྭའི་ཐོག་དམིགས་བསལ་གྱི་འགན་འཁུར་ཆེ་བཞེས་གནང་གལ་ཆེ་བ་མ་ཟད། དོལ་རྒྱལ་ཚོགས་པའི་རྗེས་འབྲང་པ་ཉུང་ཤས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་གཞི་མེད་ཀྱིས་མཚན་སྨད་ཞུ་བར་གདོང་ལེན་སྔར་ལྷག་གནང་དགོས་པ་དང་། དེ་བཞིན་ཆབ་སྲིད་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་ཐད་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་ཡོད་གྲོས་ཆོད་ ༡༡ བཞག་འདུག

བོད་གཞུང་སྨན་རྩིས་ཁང་ནས་ལྡི་ལིར་འཇམ་དཔྱད་ཁང་གསར་རྒྱག་གྱི་དབུ་འབྱེད་གནང་བ།

ཁ་སང་ཟླ་ ༧ ཕྱི་ཚེས་ ༢༩ ཉིན་རྒྱ་གར་གི་རྒྱལ་ས་ལྡི་ལི་ Lajpat Nagar ཁང་ལས་ ༢༡ ནང་བོད་གཞུང་སྨན་རྩིས་ཁང་ནས་འཇམདཔྱད་ཁང་ཞིག་གསར་རྒྱག་ལེགས་གྲུབ་དང་དབུ་འབྱེད་ཀྱང་གནང་འདུག འཇམདཔྱད་ཁང་གསར་རྒྱག་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གཙོས་པའི་དོན་གཅོད་ཁང་གི་དྲུང་ཆེ་དང། ས་གནས་འགོ་འཛིན། སྨན་རྩིས་ཁང་གི་འགན་འཛིན་དང། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་བཅས་མཛད་བཅར་ཞུས་འདུག སྐབས་དེར་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ཉེ་ལམ་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་ཡོད་པའི་འཇམ་དཔྱད་ཀྱི་རྣམ་གཞག་ཡོད་པ་དེ་དག་དངོས་ཡོད་ཀྱི་ལག་བསྟར་ཐོག་བསྐྱར་གསོ་ཡོང་ཐབས་སུ་ཆེས་ཐོག་མར་བཞུགས་སྒར་དྷ་སར་འཇམ་དཔྱད་ཁང་གི་སྡེ་ཚན་ཞིག་གསར་རྒྱག་དང་། ཨཧྨ་དཱབཱད་ལ་འཇམ་དཔྱད་ཁང་གི་སྡེ་ཚན་གཉིས་པ་གསར་རྒྱག་དང། ད་ལན་ལྡི་ལིར་འཇམ་དཔྱད་ཁང་གི་སྡེ་ཚན་གསུམ་པ་ཞིག་གསར་རྒྱག་གནང་ཐུབ་ཡོད་པ་ཙམ་དུ་མ་ཟད། སྡེ་ཚན་དེའི་ཁོངས་སུ་འཇམ་དཔྱད་དང་འབྲེལ་བའི་ཐུགས་སྣང་ཡོད་རིགས་ཀྱིས་སྨན་པ་བསྟན་གཏུག་ཀྱང་ཞུ་ཆོག་པ་སོགས་ཀྱི་མཐུན་འགྱུར་ཡོད་པ་གསུངས་འདུགསྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དེའི་ཐོག་ལ་ད་ལན་བོད་གཞུང་སྨན་རྩིས་ཁང་གི་ངོས་ནས་ བོད་ཀྱི་གསོ་རིག་གཞུང་ལུགས་ཁོངས་གཏོགས་དེང་དུས་དང་མཐུན་པའི་སྡེ་ཚན་གསར་པ་ཞིག་དབུ་འབྱེད་གནང་རྒྱུ་བྱུང་བར་ཡི་རངས་བསྔགས་བརྗོད་དང་སྦྲགས། བོད་ཀྱི་གསོ་རིག་ནང་སྨན་བཅོས་ཀྱི་ཕྱག་ལེན་གནང་ཕྱོགས་ཚད་ལྡན་ཡོད་པ་དེ་དག་དངོས་སུ་ལག་བསྟར་གནང་མཁན་གྱི་འབྲེལ་ཡོད་ལས་བྱེད་ཚོས་ཐུགས་སྣང་གནང་གལ་ཆེ་བ་གསུངས་འདུག

ལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་མེད་ན་གཞོན་ནུའི་སྒྲིག་འཛུགས་ནང་མ་བཞུགས་ན་ཡག་གི་རེད་ཅེས་གསུངས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་ལངས་ཕྱོགས་ལ་ཡིད་ཆེས་མེད་པ་ཡིན་ན། སྒྲིག་འཛུགས་ནང་བཞུགས་པ་ལས་མ་བཞུགས་ན་ཡག་གི་རེད་ཅེས་གསུངས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་སྒར་བསམ་ཡས་གླིང་དུ་དེ་རིང་ཕྱི་ཚེས་༢༤ནས་ཉིན་དྲུག་རིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པ་དེ་དབུ་འཛུགས་གནང་ཡོད་པ་དང། ཚོགས་འདུ་དེེའི་ཐོག་ས་གནས་ཁག་༣༠་ནས་གཞོན་ནུའི་རྒྱུན་ལས་མི་གྲངས་༡༢༠ལྷག་ཙམ་མཉམ་ཞུགས་གནང་ཞིང་གཙོ་བོ་གྲོས་གཞི་དོན་ཚན་༡༡ཐོག་བཀའ་བསྡུར་གནང་གི་འདུག ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཉེ་ཆར་ཨ་མི་རི་ཀའི་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་གཞོན་ནུས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གལ་ཏེ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ཚེ། ཁོང་རྣམས་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐུབ་ཐབས་མེད་སྐོར་གྱི་ཡི་གེ་འབྱོར་ཡོད་པ་ལུང་འདྲེན་དང་འབྲེལ། བསྟན་འཛིན་འཇིགས་མེད་ལགས་ཀྱིས་གསུངས་དོན། ད་ལྟའང་ཡིན་པ་ཡིན། ང་ཚོའི་ས་གནས་ཁག་གཅིག་སྒྲིག་འཛུགས་ནས་མར་བཏོན་བཞིན་པ་དེ། བློ་ཕམ་རང་རེད། གཞོན་ནུའི་སྒྲིག་གཞི་ཞེས་པ་དེ་ཧ་ཅང་གི་རྩ་ཆེན་པོ་རེད། རང་གི་འདོད་པ་ལྟར་འདེམས་སྒྲུག་རྒྱབ་ན་འགྲིག་གི་མ་རེད་ཅེས་སོགས་གསུངས་འདུག དེ་རིང་ཚོགས་འདུ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གདན་འདྲེན་ཞུས་ཡོད་པ་དང། ཁོང་གིས་སྐབས་དེར་ གཞོན་ནུའི་ཚོགས་མི་ཁག་གཅིག་ནས་རང་བཙན་ཁ་ལ་ཁྱེར་ནས་སྤྱི་ཚོགས་ནང་འཐེན་འཁྱེར་དང་ཉེས་མེད་ཉེས་འཛུགས་བྱེད་ཀྱི་ཡོད་པ་དེས། གཞོན་ནུའི་སྒྲིག་འཛུགས་ལ་སྐྱོན་བྱེད་ཀྱི་ཡོད་སྐོར་གསུང་པ་དང་འབྲེལ། རྒྱུན་དུ་ནས་མི་མང་དང་འབྲེལ་བ་དམ་ཟབ་དགོས་པ་དང་མི་མང་གི་བསམ་ཚུལ་ཤེས་ཐབས་དགོས་པ་མ་ཟད། རྒྱ་མིའི་གཞུང་ཚབ་སོགས་ཀྱི་མདུན་དུ་ལས་འགུལ་སྤེལ་སྐབས་སུའང་། དོན་དམ་པའི་ཕན་ཐོགས་གང་ཡོང་གི་ཡོད་མེད་བསམ་ཞིབ་ནན་ཏན་གནང་དགོས་ཀྱི་ཡོད་པ་སོགས་གསུངས་བཤད་གནང་འདུག

བཀྲིས་དབང་འདུས་ལགས་ནས་བཀའ་ཤག་གི་འགྲིག་གི་མེད་ན་མང་ཚོགས་ནས་འོས་བླུགས་ནས་བསྒྱུར་བཅོས་གཏོང་དགོས་གསུངས་སོང།

ཁ་སང་ཕྱི་ཚེས་ ༢༢ ཕྱི་དྲོ་འདི་ག་བཞུགས་སྒར་ McLeod club house ཚོགས་ཁང་དུ་ཕྱི་ལོ་ ༢༠༡༥ དང་ ༡༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བཞེངས་གནང་མཁན་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་སྤྱི་ཁྱབ་འགན་འཛིན་བཀྲིས་དབང་འདུས་ལགས་ནས་མང་ཚོགས་རྣམས་ལ་ཁོང་སྲིད་སྐྱོང་དུ་བཞེངས་དོན་གང་ཡིན་སྐོར་གསུང་བཤད་གནང་པའི་ཁྲོད། གལ་ཏེ་ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་འགྲིག་གི་མེད་ན། སྲང་ལམ་ནང་བཀའ་མོལ་གནང་ནས་བཞུགས་པས་ཕན་ཐོགས་གང་ཡང་མེད་ཅིང། དེ་ལས་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་འོས་བླུགས་ནས་མི་གསར་པ་གཅིག་དང་རིག་པ་གསར་པ་སླེབས་ཐུབ་སླད་འོས་འཕེན་དགོས་སྐོར་གསུངས་སོང་། ཁོང་གིས་སྐབས་དེར་ཐོག་མར་མང་ཚོགས་རྣམས་ལ་ཁོང་་སྲིད་སྐྱོང་དུ་བཞེངས་དོན་གཙོ་བོ་ནི། ༸གོང་ས་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་༸གང་ཉིད་ཀྱི་བཀའ་དགོངས་ལྟར་ལས་དོན་འགྲུབ་ཐུབ་པ་ཡིན་ན་སྐལ་བ་བཟང་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང། དེ་བས་ཀྱང་ཁོང་ནི་གཞུང་ནང་ཞབས་ལོ་ ༢༠ རིང་ཕྱག་ལས་གནང་པའི་ཉམས་མྱོང་ཡོད་པའི་གདེང་སྤོབས་ཡོད་པ་མ་ཟད།ལྷག་པར་དུ་བོད་དོན་བདེན་མཐའ་སེལ་བར་གཟིགས་ཐུབ་དགོས་པའི་དོན་ཚན་བཞི་སྟེ རྒྱུན་གནས་དང། དཔལ་འབྱོར། ཤེས་ཡོན། གྲོས་མོལ་བཅས་ཀྱི་ཐོག་ལ་འབད་ཆེན་པོས་ཤུགས་སྣོན་སྐྱོན་རྒྱུ་ཡིན་པ་གསུངས་སོང། ད་དུང་ཁོང་གིས་མུ་མཐུད་གསུང་དོན་ལ། ཁོང་སྲིད་སྐྱོང་དུ་བཞེང་པའི་ཐོག་ནས་རྒྱལ་བའི་༸སྐུ་ཕྱཱ་དང་མཛད་འཆར་ཐོག་དོ་འཁུར་དང་། ནང་སྲིད་ཀྱི་ཐོག་ནས་གཞིས་ཆགས་བརྟན་ལྷིང་སོགས་དང་འཕྲོད་བསྟེན་ཡར་རྒྱས། ཤེས་ཡོན་དང་དཔལ་འབྱོར་གྱི་ཐོག་ནས་དམིགས་བསལ་ཤུགས་སྣོན་སྐྱོན་རྒྱུ་སོགས་ལས་འཆར་མང་དག་ཅིག་བང་སྒྲིག་ཡོད་སྐོར་གསུངས་སོང། ཁྱད་པར་དུ་ཁོང་གིས་ད་ལྟའི་བོད་མིའི་མི་འབོར་ཉུང་བའི་དཀའ་ངལ་སེལ་ཆེད་དུ་མི་ཚང་གཅིག་གི་ཕྲུ་གུ་གསུམ་པ་དེ་ལ་ཧིན་སྒོར་འབུམ་གཅིག་ལེགས་སྐྱེས་ཀྱི་ཚུལ་དུ་གནང་རྒྱུའི་ཐབས་ལམ་སྐོར་ཡང་གསུངས་པ་མ་ཟད། ཁོང་གིས་ལས་རིམ་དེའི་སྐབས་ད་ལྟའི་སྲིད་སྐྱོང་མཆོག་ལ་མི་འགྲིག་པ་ཡོད་པ་སོང་ཙང་རང་ཉིད་སྲིད་སྐྱོང་དུ་བཞེང་པཡིན་ཞེས་གསུངས་པ་དང་སྦྲགས། རྒྱ་ཆེ་མང་ཚོགས་ནས་ཛ་དྲག་གི་གནས་སྟངས་འདིར་མི་གསར་པ་གཅིག་དང་རིག་པ་གསར་པ་གཅིག་ལ་གོ་སྐབས་གནང་དགོས་གལ་ཆེ་བ་གསུངས་འདུག།

སྲིད་སྐྱོང་མཆོག་གིས་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་དང་ཉེ་འབྲེལ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་གདུང་ཟླ་བ་འདིའི་ཚེས་༡༦གི་སྔ་དྲོ། ཁྲང་ཏུང་བཙོན་ཁང་ཉེ་འཁྲིས་ཀྱི་བཙོན་ཁང་ཁུག་ཀྱོག་གཅིག་ཏུ་བཙན་དབང་འོག་ཞུགས་འབུལ་བྱེད་རྗེས། ཉིན་དེའི་དགོང་མོ་དར་རྩེ་མདོའི་ཉེ་འགྲམ། ལྕགས་ཟམ་ཁ་ས་གནས་ནས་རིན་པོ་ཆེ་མཆོག་གི་གདུང་ཐལ་འཕྲོག་པ་དང། དེ་བཞིན་ཕྱི་ཉིན་ཏེ་ཚེས་༡༧གྱི་སྔ་དྲོ། ལི་ཐང་ཉེན་རྟོག་པས་ཞུགས་འབུལ་ཆེད་ཕེབས་པའི་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་ཚ་མོ་ཉི་མ་གཉིས་ཁྲུན་འདུ་ནས་འཛིན་བཟུང་གིས་ད་བར་གར་ཡོད་ཤེས་རྟོགས་མེད་པ་གྱུར་ཡོད་རེད། རྒྱ་གཞུང་གིས་ཨོ་ཐོག་དགོན་སོགས་སུ་དགོངས་རྫོགས་ཀྱི་བྱེད་སྒོར་དམ་དྲག་བྱེད་མུས་ཡིན་པ་དང། དེ་བཞིན་རིན་པོ་ཆེའི་སྲིང་མོ་དང་ཚ་མོ་རྣམ་གཉིས་གར་སོང་ཆ་མེད་དུ་གྱུར་ནས་ཉིན་ལྔ་སོང་མཚམས་འདིར། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རིན་པོ་ཆེའི་དགོངས་རྫོགས་ཀྱི་གནད་དོན་དང་ནང་མི་འབྲེལ་གྱི་གནས་སྟངས་ལ་ཐུགས་འཚབ་དང་བཅས། རྒྱ་ནག་གཞུང་ནས་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ནང་མི་ཉེ་འབྲེལ་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུང་གནང་སོང་བ་དང། ད་དུང་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ནག་ཉེས་བཙུགས་པ་ཁག་ལ་བོད་མིའི་སྒྲིག་འཛུགས་ཙམ་དུ་མ་ཟད། ད་ཆ་རྒྱལ་སྤྱིིའི་གཞུང་མང་ནས་ཀྱང་དེ་ལ་གཞི་མེད་ཅིག་ཏུ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ལྷག་པར་དུ་རིན་པོ་ཆེ་དགོངས་པ་རྫོགས་སྟངས་སྐོར་ལའང་ཐུགས་ཕམ་གྱི་གསལ་བསྒྲགས་སྤེལ་སྐོར་སོགས་གསུངས་གནང་སོང།

Latest news