Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཧི་མཱ་ལ་ཡ་རི་བོ་བརྒྱུད་བོད་དང་རྒྱ་གར་དབར་ལ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱ་ཐུབ་ངེས་རེད་ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཧི་མཱ་ལ་ཡ་རི་བོ་བརྒྱུད་བོད་དང་རྒྱ་གར། དེ་བཞིན་བལ་ཡུལ་བཅས་ཀྱི་ས་ཁུལ་ཁག་ཏུ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་དེ་འཕྲུལ་རིགས་ལག་རྩལ་དང་དཔལ་འབྱོར་གཉིས་ཀའི་ཆ་ནས་བསྒྲུབ་ཐུབ་པའི་ལས་གཞི་ཞིག་རེད་ཅེས་བརྗོད་འདུག དེའང་ཟླ་འདིའི་ཕྱི་ཚེས་ ༢ ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐབས་དྲུག་པའི་པེ་ཅིང་རྒྱལ་སྤྱིའི་བོད་རིགས་པའི་བགྲོ་གླེང་ཚོགས་འདུ་ཞེས་པ་ཞིག་འཚོགས་བཞིན་ཡོད་པ་དང། ཁ་སང་ཚོགས་འདུའི་ཐོག་པེ་ཅིང་འཕྲུལ་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་ཚན་རིག་དང་འཕྲུལ་རིགས་སྡེ་ཚན་གྱི་འགན་འཛིན་གཞོན་པ། Zong Gang ཡིས་ད་ལྟའི་ཆར་ཧི་མཱ་ལ་ཡ་རི་བོ་བརྒྱུད་བོད་དང་རྒྱ་གར། དེ་བཞིན་བལ་ཡུལ་བཅས་ཀྱི་ས་ཁུལ་ཁག་ཏུ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུ་དེ་འཕྲུལ་རིགས་ལག་རྩལ་དང་དཔལ་འབྱོར་གཉིས་ཀའི་ཆ་ནས་བསྒྲུབ་ཐུབ་པའི་ལས་གཞི་ཞིག་རེད་ཅེས་བརྗོད་པ་མ་ཟད། ལས་གཞི་དེ་བརྒྱུད་དཔལ་འབྱོར་དང་རིག་གཞུང་གི་བསྟི་གནས་ཡིན་པའི་བོད་ཀྱི་ས་ཁུལ་དེའང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་དང་མཐུད་མཚམས་སྦྱོར་རྒྱུ་ནི་རྒྱ་གཞུང་གི་དགོས་དམིགས་གཙོ་བོ་དེ་ཡིན་པ་བཤད་འདུག དེ་བཞིན་རྒྱ་གཞུང་གིས་ད་ལྟའི་ཆར་བོད་ཀྱི་གྲོང་ཁྱེར་གཞི་ཀ་རྩེ་ནས་སྐྱིད་གྲོང་བར་ལ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་ལས་འཆར་དེ་བལ་ཡུལ་ས་ཁུལ་ནང་བར་རྒྱ་བསྐྱེད་གཏོང་འགོ་བཙུགས་རྒྱུ་ཡིན་ཅེས་འགྲེལ་བརྗོད་བྱས་འདུག་པ་མ་ཟད། བལ་བོད་གཉིས་དབར་ལ་འགྲོ་བསྐྱོད་བྱ་རྒྱུའི་མེ་འཁོར་དེ་དུས་རྒྱུན་གྱི་མེ་འཁོར་ལྟར་མི་འདྲ་བ་མགྱོགས་ཚད་དལ་པོ་ཆགས་ཀྱི་ཡོད་འདུག ལྷག་པར་དུ་གཞི་ཀ་རྩེ་ནས་གྲོ་མོ་བར་ལ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་ལས་འཆར་དེས་བོད་ཀྱི་ས་ཁུལ་དེ་རྒྱ་གར་བྱང་ཤར་ས་ཁུལ་སྒང་ཏོག་ས་མཚམས་དང་ཐག་ཉེ་རུ་འགྲོ་རྒྱུ་་ཡིན་པ་མ་ཟད། མ་འོངས་པར་ལྕགས་ལམ་དེ་རྒྱ་གར་ས་ཁུལ་དུ་མཐུད་སྲིད་པ་རེད་ཅེས་བརྗོད་ཡོད་པ་རེད། གཞན་ཡང་རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་ཐོག་སྤེལ་བར་རྒྱ་གཞུང་གིས་བོད་དང་བལ་ཡུལ་བཅས་ཀྱི་ས་ཁུལ་དབར་བཟོ་སྐྲུན་བྱེད་འཆར་ཡོད་པའི་མེ་འཁོར་ལྕགས་ལམ་གྱི་འཆར་འགོད་ས་ཀྲར་བལྟ་ཚེ། ད་རེས་འཆར་འགོད་བྱེད་པའི་མེ་འཁོར་ལྕགས་ལམ་ལས་གཞི་འདི་བཞིན་བོད་ཀྱི་གྲོང་ཁྱེར་གཞི་ཀ་རྩེ་ནས་སྟོད་སྤུ་ཧྲང་དང། དེ་ནས་གྲོ་མོ་བརྒྱུད་རྒྱ་གར་གྱི་བྱང་ཤར་ས་ཁུལ་སྒང་ཏོག་དང་བྱང་ཕྱོགས་མངའ་སྡེ་ Uttarakhand བར་ཡིན་པ་འཁོད་འདུག་པ་དང། སྐྱིད་གྲོང་བརྒྱུད་ནས་བལ་ཡུལ་བར་ལྕགས་ལམ་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་སྒྲིག་ཡོད་པ་རེད་འདུག རྒྱ་གཞུང་གི་འཆར་བཀོད་ལ་གཞིགས་ན། བོད་ཀྱི་སྐྱིད་གྲོང་ནས་བལ་ཡུལ་བར་གྱི་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་ཀྱི་ལས་གཞི་དེ་འདི་ལོ་ནང་འགོ་བཙུགས་ཀྱིས་ ༢༠༢༠ ནང་མཇུག་སྒྲིལ་ཟིན་པ་བྱ་འཆར་ཡོད་པ་རེད། རྩ་བའི་འདི་ལོའི་འགོ་སྟོད་དུ་བལ་ཡུལ་གཞུང་གིས་རྒྱ་གཞུང་ལྷན་དུ་བོད་ཀྱི་གྲོང་ཁྱེར་གཞི་ཀ་རྩེ་ནས་བལ་ཡུལ་གྱི་ས་མཚམས་བར་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་བྱ་རྒྱུའི་ལས་གཞིའི་ཐོག་གྲོས་མཐུན་བྱུང་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། སྲིད་བློན་ K.P Sharma Oli ནི་རྒྱ་གཞུང་དང་ཆེས་བློ་ཉག་ཉེ་པོ་ཡོད་པ་ཞིག་ཡིན་པ་དང། གྲོས་མཐུན་དེས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་དབར་འབྲེལ་ཐག་རིང་དུ་བཏང་ཡོད་པ་འགྲེལ་བརྗོད་བྱས་པ་ཡོད་པ་ལྟར། དེའང་འདི་ལོའི་བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་སྲིད་བློན་ Oli འོག་ཤོར་སྟབས། རྒྱ་གར་གཞུང་དང་ཆེས་བློ་ཐག་ཉེ་བའི་སྐུ་ཞབས་ Prachanda ལགས་བལ་ཡུལ་སྲིད་བློན་གསར་པར་འདེམས་ཐོན་གྱིས་བསྐོ་གཞག་བྱས་པར་བརྟེན། ད་ལྟའི་ཆར་རྒྱ་གཞུང་ནས་བལ་ཡུལ་གཞུང་འཛིན་གསར་པའི་ངོས་ནས་རྒྱ་གར་དང་བློ་ཐག་ཉེ་བས་ཁོང་གིས་རྒྱ་གར་དང་བློ་ཐག་གཟབ་ཏུ་གཏོང་སྲིད་པར་དངངས་འཚབ་བྱེད་བཞིན་ཡོད་པ་བརྗོད་འདུག དེ་བཞིན་དེ་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་གཞུང་ནས་སྤེལ་བའི་བོད་ནང་གི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་སྤྱི་དང། ལྷག་པར་དུ་ཧི་མཱ་ལ་ཡ་བརྒྱུད་རྒྱ་གར་དང་བལ་ཡུལ་དབར་ལྕགས་ལམ་གསར་རྒྱག་ལས་གཞིས་བོད་ཀྱི་རང་བྱུང་ཁོར་ཡུག རྒྱལ་བལ་འབྲུག་གསུམ་གཙོས་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ས་བབས་གནས་སྟངས་དང་རྒྱུག་ཆུའི་མཐུན་ཁུངས་སོགས་ལ་དོག་ཕོག་ཆེན་པོ་ཐེབས་ངེས་རེད་ཅེས་ལས་གཞི་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

རྒྱ་གཞུང་གིས་རྒྱ་རིགས་ཁྲིམས་རྩོད་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པར་ཁྲིམས་ཐག་བཅད་པ་དེ་ཁྲིམས་ཞིབ་ལས་དོན་ལ་འཕྱ་སྨོད་བྱས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་འདས་པའི་ཉིན་ཤས་ནང་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད། དེ་བཞིན་ཞི་བའི་ལས་འགུལ་བ་རྣམས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། དེ་དག་ལས་ལ་ལར་བཙན་སྐུལ་གྱིས་ནག་ཉེས་ཁས་ལེན་བྱེད་བཅུག་པ་དེ་ནི་ཁྲིམས་ཞིབ་ལས་དོན་ལ་འཕྱ་སྨོད་བྱས་པ་ཞིག་རེད་ཅེས་སྐྱོནབརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་ནས་ཉེ་ཆར་གཟའ་འཁོར་འདིའི་རེས་གཟའ་ཟླ་བ་ནས་འགོ་འཛུགས་ཀྱིས་ཁ་སང་བར་རྒྱལ་ས་པེ་ཅིང་གི་ཉེ་འདབས་སུ་ཡོད་པའི་ཐན་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་རྒྱ་ནག་གཞུང་གིས་སྔར་ལོ་འཛིན་བཟུང་བཙན་ཁྲིད་བྱས་པའི་རྒྱ་ནག་གི་ Fengrui Law Firm ཞེས་པའི་ཁྲིམས་ལུགས་ལྷན་ཚོགས་ཀྱི་ངེས་སྟོན་པ་ Zhou Shifeng ལགས་དང་ཁོང་གི་ལས་རོགས་ཁྲིམས་རྩོད་པ་ Zhai Yaumin ལགས། ཁྲིམས་རྩོད་པ་དང་རྒྱ་ནག་ཡི་ཤུའི་མཆོད་ཁང་གི་འགོ་ཁྲིད་ Hu Shigen ལགས་བཅས་ལ་རྒྱ་ནག་གི་སྲིད་དབང་མགོ་སྟེང་སློག་ཐབས་བྱེད་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བ་སོགས་ཀྱི་ནག་ཉེས་ གཡོགས་ཏེ་ལོ་ངོ་བཞི་ནས་བདུན་དང་ཕྱེད་ཀའི་བར་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁྲིམས་ཐག་ནར་འགྱངས་བྱས་པ། ཁྲིམས་རྩོད་པ་ Wang Yu ལགས་ལ་བཙན་སྐུལ་གྱིས་ནག་ཉེས་ཁས་ལེན་བྱེད་བཅུག་པས་ Bail འམ་ཁག་ཐེག་ཐོག་གློད་གྲོལ་བཏང་ཡོད་པ་རེད། ཁ་སང་རྒྱ་གཞུང་གི་ཐག་གཅོད་དེ་དག་དང་འབྲེལ་ CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་པའི་བརྒྱུད། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ནི་ཁྲིམས་ཞིབ་ལས་དོན་ལ་འཕྱ་སྨོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་དང་སྦྲགས། རྒྱ་གཞུང་གི་དམ་དྲག་འོག་ཡོད་པའི་ཁྲིམས་རྩོད་པ་རྣམ་པའི་ནང་མི་བུ་ཕྲུག་རྣམས་ལ་བསུན་གཙེར་རིགས་བཟོ་རྒྱུ་མཚམས་འཇོག་བྱེད་དགོས་པ་གསུངས་འདུག སྐུ་ཞབས་Chris Smith ལགས་ནས་རྒྱ་རིགས་ཁྲིམས་རྩོད་པ་དེ་དག་ནས་རྒྱལ་ཁབ་ལ་གནོད་པའི་ལས་ཀ་གང་ཡང་བྱེད་མེད་ཀྱང་རྒྱ་གཞུང་ནས་ཁོང་རྣམས་བཙོན་འཇུག་ཁྲིམས་ཐག་བཅད་པ་དེས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་མཐོང་ལ་གནོད་པ་མ་ཟད། ལྷག་པར་དུ་སྲིད་འཛིན་ཞི་ཅིང་ཕིང་གིས་བཤད་པའི་རྒྱ་ནག་ཁྲིམས་མཐུན་ལམ་ལུགས་ཀྱི་སྲིད་བྱུས་དེ་ལ་གདེང་སྤོབས་དང་ཡིད་ཆེས་གནང་མཁན་ཉུང་དུ་འགྲོ་ངེས་རེད་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་ཁོང་གིས་རིང་མིན་ཟླ་བ་རྗེས་མ་རྒྱ་ནག་ནང་ལ་ G20 ཞེས་རྒྱལ་སྤྱིའི་རྒྱལ་ཁབ་ཉི་ཤུ་ཐམ་པའི་འགོ་ཁྲིད་དང་གནད་ཡོད་མི་སྣའི་ཚོགས་དུས་སྐབས་ཨ་མི་རི་ཀའི་སྲིད་གཞུང་གི་སྐུ་ཚབ་རྣམ་པས་རྐང་སྣེ་ཁྲིད་འོག་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམས་ནས་རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་ཀྱི་རང་དབང་། ལྷག་པར་དུ་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལས་དོན་ཐད་ལ་ངེས་པར་དུ་འདྲི་བརྩད་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་ཚོགས་པ་དེའི་ཚོགས་གཞོན་སྐུ་ཞབས་ Marco Rubio ལགས་ནས་ཀྱང་རྒྱ་གཞུང་གི་ཁྲིམས་ཞིབ་ལས་དོན་དང་འབྲེལ། རྒྱ་ནག་གཞུང་ནས་ཁྲིམས་རྩོད་པ་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ལ་བདེན་དཔང་གང་ཡང་མེད་པར་ཁྲིམས་ཐག་བཅད་པ་མ་ཟད། ཁོང་ཚོའི་ནང་མི་སྤུན་མཆེད་རྣམས་ལ་མུ་མཐུད་དམ་དྲག་དང་ཚོད་འཛིན་བྱེད་བཞིན་པ་དེ་དག་ནི་བཟོད་དཀའ་བའི་བྱེད་སྟངས་ཤིག་ཡིན་པར་འགྲེལ་བརྗོད་དང་། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ཐོབ་བཞིན་པའི་ཆབ་སྲིད་དང་ཚོང་དོན་སོགས་ཀྱི་རང་དབང་དང་ཁེ་ཕན་རྣམས་བླངས་རྒྱུའི་ཐོབ་ཐང་མེད་པ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག རྩ་བའི་རྒྱ་ནག་གཞུང་གིས་ཁྲིམས་ཐོག་ནས་ཉེས་ཆད་བཏང་པའི་ཁྲིམས་རྩོད་པ་དེ་དག་སྔ་ལོའི་ཕྱི་ཟླ་ལྔ་པའི་རྗེས་སུ་རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་ལ་ཁ་གཡར་ཏེ། རྒྱ་རིགས་ཁྲིམས་རྩོད་པ་གཙོས་ཞི་རྒོལ་བ་དང་མང་གཙོ་དོན་གཉེར་བ་བཅས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བྱས་པ་ཆགས་ཀྱི་ཡོད་པ་མ་ཟད། ཁྲིམས་ཞིབ་ཀྱི་ལས་དོན་དེའི་ཐོག་ད་བར་CECC གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་རྒྱལ་སྤྱིའི་ཚོགས་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་གང་ཟག་སྒེར་སོགས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ཆེས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་ཆབ་སྲིད་དམ་དྲག་འོག་ཧོང་ཀོང་ནང་གི་གསར་འགོད་པའི་རང་དབང་ཉམས་རྒུད་འགྲོ་བཞིན་པ་བརྗོད་འདུག

ཧོང་ཀོང་གསར་འགོད་པ་མཐུན་ཚོགས་འམ་ Hong Kong Journalist Association ནས་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་འོག ཆབ་སྲིད་ཀྱི་དམ་དྲག་དང་བསམ་བློའི་སློབ་གསོ་སོགས་སྤེལ་ཏེ་རྒྱ་ནག་ནང་ཙམ་མ་ཟད། ཧོང་ཀོང་ནང་གི་གསར་འགོད་པའི་རང་དབང་ཉམས་རྒུད་གཏོང་བཞིན་ཡོད་སྐོར་བརྗོད་འདུག དེ་ཡང་ཉེ་ཆར་འདས་པའི་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གསར་འགོད་པ་མཐུན་ཚོགས་ནས་ཧོང་ཀོང་ནང་གི་གསར་འགོད་པའི་རང་དབང་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་པ་དེའི་མིང་བྱང་ལ་ཚོགས་པས་ཟུར་ཟ་དང་བཅས་ཏེ་རྒྱལ་ཁབ་གཅིག་ལ་རྨི་ངན་གཉིས་སམ་ One Country, Two Nightmares ཞེས་བཀོད་འདུག སྙན་ཐོ་དེའི་ནང་ཚོགས་པ་དེའི་ངོས་ནས་འདས་པའི་ལོ་ངོ་གཅིག་ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་བཞིན་པའི་སྲིད་བྱུས་འོག ཆབ་སྲིད་ཀྱི་དམ་དྲག་དང་བསམ་བློའི་སློབ་གསོ་མི་ཉུང་བ་ཞིག་སྤེལ་བཞིན་པ་དེས་ཧོང་ཀོང་ནང་གསར་འགོད་པའི་རང་དབང་སྔར་ལྷག་ཉམས་རྒྱུད་དུ་བཏང་ཡོད་སྐོར་གསུངས་པ་འདུག་ལ། ད་ལྟ་རྒྱ་གཞུང་གིས་ཧོང་ཀོང་ཐོག་འཛིན་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་དེ་ཇི་ཙམ་འོས་འཚམས་ཡོད་མེད་ལ་བློ་དོག་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཚོགས་པ་དེའི་ཚོགས་གཙོ་ལྕམ་ Shum Yee lan ལགས་ཀྱིས་དེ་སྔ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱ་ནག་དང་འབྲེལ་བའི་ལོ་རྒྱུས་དང་གསར་འགྱུར། འཚར་གཏམ་སོགས་ཀྱི་དཔེ་དེབ་པར་བསྐྲུན་དང་འགྲེམས་སྤེལ་གནང་མཁན་གྱི་ལས་བྱེད་ལྔ་ལྷག་འཛིན་བཟུང་ བྱས་སྐབས་དེ་འབྲེལ་ཧོང་ཀོང་སྲིད་གཞུང་ནས་གནད་དོན་དེར་དོ་སྣང་དེ་ཙམ་བྱས་མེད་སྐོར་འགྲེལ་བརྗོད་དང་སྦྲགས། ཧོང་ཀོང་ནང་གསར་འགོད་པའི་རང་དབང་སྲུང་སྐྱོབ་གནང་ཐབས་སུ་ཧོང་ཀོང་སྲིད་གཞུང་གི་ལས་བྱེད་རྣམས་ནས་ཐུགས་འགན་ཆེ་ཙམ་བཞེས་དགོས་པ་མ་ཟད། ཁྱད་པར་དུ་འབྲེལ་ཡོད་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་ཀྱང་ཧོང་ཀོང་མི་སེར་རྣམས་ལ་གཞུང་གི་ཡིག་ཆ་དང་གནས་ཚུལ་རྣམས་མཁོ་བསྒྲུབ་ཐུབ་པར་གསར་འགྱུར་བརྒྱུད་ལམ་ཞིག་ཆེད་བསྐྲུན་བྱེད་དགོས་པ་མ་ཟད། ལྷག་དོན་ཧོང་ཀོང་ནང་ཡོད་པའི་གསར་འགོད་པར་ཆབ་སྲིད་ཀྱི་ཟིང་འཁྲུག་སོགས་ཀྱི་གནས་ཚུལ་གང་ཡིན་ལ་ལྟོས་མེད་གནོན་ཤུགས་གང་ཡང་མེད་པར་གསར་འགྱུར་འགོད་ཆོག་པའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་དགོས་པ་འབོད་སྐུལ་ཞུས་འདུག ལོ་འཁོར་སྙ་ཐོ་ཕྱོགས་སྒྲིག་གནང་མཁན་ Mak Yin Ting ལགས་ནས་ད་ལྟའི་ཆར་ཧོང་ཀོང་ནང་གསར་ཁང་ཆེ་གྲས་ཉི་ཤུ་རྩ་དྲུག་ཡོད་ཀྱང་གསར་ཁང་དྲུག་ཙམ་རྒྱ་ནག་གཞུང་དང་ཐད་འབྲེལ་ཆེ་བའི་ཚོང་པ་སོགས་ཀྱི་སྟངས་འཛིན་འོག་ལས་ཀ་བྱེད་བཞིན་ཡོད་སྟབས། ད་ལྟ་ནས་ཧོང་ཀོང་ནང་གསར་འགོད་པའི་རང་དབང་སྲུང་སྐྱོབ་མ་གནང་ཚེ་རྒྱ་གཞུང་གིས་ཧོང་ཀོང་ཆ་ཚང་དབང་སྒྱུར་བྱ་རྒྱུའི་སྲིད་བྱུས་དེ་དག་ལམ་ལྷོང་ཡོང་སྲིད་པའི་ཉེན་བརྡ་ཞིག་ཀྱང་བཏང་ཡོད། གཞི་རྩའི་ཧོང་ཀོང་གསར་འགོད་པ་མཐུན་ཚོགས་དེ་ཧོང་ཀོང་ནང་གི་གསར་འགོད་པའི་རང་དབང་སྲུང་སྐྱོབ་དང་གསར་འགྱུར་བརྒྱུད་ལམ་རྒྱ་སྐྱེད་གཏོང་ཐབས་སུ་ལོ་ལྟར་སྙན་ཐོ་དེ་ལྟར་འདོན་སྤེལ་གནང་བཞིན་ཡོད་པ་དང་། ད་རེས་ཀྱི་སྙན་ཐོ་དེའི་ནང་རྒྱ་གཞུང་གིས་བསམ་བློའི་སློབ་གསོས་གསར་འགོད་པར་དོ་ཕོག་བཏང་བཞིན་པ་དང་། བརྒྱུད་ལམ་ཁག་ལ་ཚོད་འཛིན་བྱེད་བཞིན་པ། གསར་འགོད་པའི་རང་དབང་རྡོག་རོལ་གཏོང་བཞིན་པ། མི་མང་ཁྲོད་གཞུང་འབྲེལ་གྱི་གནད་དོན་བཀག་སྡོམ་བྱེད་བཞིན་པ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་ཆེས་དམ་དྲག་དང་གསར་འགོད་པར་འཇིགས་སྐུལ་བྱེད་པ་སོགས་ཁྱོན་སྡེ་ཚན་མི་འདྲ་བ་དྲུག་ཐོག་འགྲེལ་བརྗོད་གནང་འདུག སྙན་ཐོའི་དྲ་གནས་གཤམ་དུ་གཟིགས་རོགས།  

རྒྱ་གཞུང་གིས་བོད་མིའི་འོས་བསྡུ་དེ་ནི་དགོད་བྲོ་བའི་ཟློས་གར་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ཡིས་བོད་མིའི་འོས་བསྡུ་ཆེན་མོ་དེ་ནི་དགོད་བྲོ་བའི་ཟློས་གར་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ཡང་པེ་ཅིང་ནས་ཉིན་ལྟར་རྒྱ་ནག་གཞུང་འབྲེལ་གསར་འགོད་ལྷན་ཚོགས་བསྐོང་ཚོགས་བྱེད་ཀྱི་ཡོད་པ་ལྟར། ཁ་སང་ཚེས་ ༣ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Hong Lei ལ་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ནང་དུ་འཚམས་གཟིགས་སུ་ཕེབས་པའི་སྐོར་དང་། དེ་བཞིན་བོད་ནས་རྙེད་སོན་བྱུང་བའི་ཨ་རིའི་རི་འཛེགས་པ་གཉིས་ཀྱི་ཕུང་པོ་སོགས་ཀྱི་སྐོར་ལ་དྲི་བ་བཏང་འདུག་པ་མ་ཟད། ལྷག་དོན་གསར་འགོད་པ་ཞིག་གིས་ཉེ་ཆར་བཙན་བྱོལ་བོད་གཞུང་གི་འོས་བསྡུའི་ལས་རིམ་ཐོག་མཐོང་ཚུལ་ཇི་ཡོད་དྲིས་འདུག   སྐབས་དེར་ Hong Lei ཡིས་བོད་མིའི་འོས་བསྡུའི་སྐོར་གྱི་དྲི་བའི་ལན་དུ་བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་ཁྲིམས་མཐུན་ཞིག་མིན་པ་མ་ཟད། དེ་ལ་འཛམ་གླིང་རྒྱལ་ཁབ་སུ་གཅིག་གིས་ངོས་འཛིན་མེད་སྐོར་བཤད་འདུག་པ་དང། ད་དུང་ཉེ་ཆར་གྱི་འོས་བསྡུ་དེ་ནི་དགོད་བྲོ་བའི་ཟློས་གར་ལྟ་བུ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉིན་ཤས་གོང་། བོད་མིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་མ་ཐག ཕྱི་ནང་གི་གསར་འགོད་པ་རྣམས་ལ་ཐེངས་འདིའི་འོས་བསྡུའི་ལས་རིམ་ནང་བཙན་བྱོལ་བོད་མི་ཚོས་སྔར་ལས་ཐུགས་སྣང་དང་འགན་འཁུར་ཆེ་བ་བླངས་ཏེ། ༸གོང་ས་མཆོག་གིས་དགོངས་གཞི་ལྟར་མང་གཙོ་ཚགས་ཚུད་པ་དང་བརྟན་དུ་འགྲོ་གྱི་ཡོད་པ་མངོན་ཐུབ་རྒྱུ་ཙམ་མ་ཟད། དོན་གྱི་བདག་པོ་བོད་ནང་གི་བོད་རྣམས་ནས་ཀྱང་བོད་མིའི་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་དང་རེ་བ་གནང་ས་ཞིག་ཏུ་གྱུར་ཡོད་པ་གསུངས་ཡོད་པ་རེད། ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་འོས་བསྡུ་བརྒྱུད་རྒྱ་ནག་གཞུང་ལའང་ང་ཚོས་རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་མང་གཙོ་ལག་བསྟར་གནང་གི་ཡོད་པ་བརྡ་ལན་གསལ་པོ་ཞིག་སྤྲོད་ཐུབ་སྐོར་གསུངས་ཡོད་པ་རེད།  

རྒྱ་ནག་རྒྱལ་ཁབ་དེ་ཆོས་དད་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པར་མིང་བཏོན་བྱས་འདུག

  ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་འདས་ལོའི་ནང་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཚོའི་ཐོག་མུ་མཐུད་ནས་དྲག་གནོན་སྲིད་བྱུས་ལག་བསྟར་གྱིས་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་འཚབས་ཆེ་བཏང་ཡོད་པ་མ་ཟད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་སྲུང་སྐྱོབ་བྱེད་མཁན་ཁག་འཛིན་བཟུང་བཀག་ཉར་དང་བཙོན་བཅུག དེ་བཞིན་སྡུག་སྦྱོང་མནར་གཅོད་བཏང་བ་བཅས་ཐེར་བཏོན་བྱས་ཏེ་རྒྱ་ནག་དེ་ཆོས་རང་དབང་ཐོག་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་ཁོངས་སུ་མིང་བཏོན་བྱས་ཡོད་པ་རེད། དེ་ཡང་ཨ་མི་རི་ཀའི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་སམ་ United States Commission on International Religious Freedom ཡིས་སྔ་ལོ་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༢ ནས་འགོ་བཙུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ བར་ལོ་འཁོར་མོ་གཅིག་ནང་འཛམ་གླིང་རྒྱལ་ཁབ་སུམ་ཅུ་ལྷག་གི་ཆོས་དད་དབང་གི་གནས་སྟངས་ལ་ཞིབ་འཇུག་གྱིས་ལོ་འཁོར་སྙན་ཐོག་ཞིག་འདོན་སྤེལ་གནང་འདུག སྔ་ལོའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གམ་ International Religious Freedom Act འོག་འཛམ་གླིིང་ནང་ཆོས་དད་རང་དབང་ལ་རྡོལ་རོལ་འཚབས་ཆེ་བཏང་མཁན་དང་། དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུ་མིང་འདོན་བྱས་འདུག་པའི་ཁོངས་སུ་རྒྱ་ནག་རྒྱལ་ཁབ་དེ་བཞིན་ཨང་གཉིས་པའི་ཁོངས་སུ་མིང་བཏོན་བྱས་འདུག ཨ་རི་གཞུང་ནས་ཆོས་དད་རང་དབང་ཐོག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་རྒྱལ་ཁབ་བཅུའི་མིང་གསལ་བཏོན་གྱིས་ཕྱོགས་བསྡོམས་སྙན་ཐོ་ལས། རྒྱ་ནག་གི་སྡེ་ཚན་ཁོངས་སུ། ཡུ་གུར་དང་བོད། རྒྱ་ནག་ནང་གི་ཡི་ཤུའི་རྣམ་དག་ཆོས་ལུགས་སོགས་ཀྱི་ཆོས་དད་རང་དབང་གི་གནས་སྟངས་འགྲེལ་བརྗོད་གནང་འདུག་པ་དང་། དེའི་ནང་ནས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་གི་གནས་སྟངས་ལ་གཞིགས་ན། ༢༠༡༥ ལོར་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གི་བྱེད་སྒོ་ཁག་ལ་དམ་དྲག་དང། དྲག་གནོན། དེ་བཞིན་དགོན་སྡེ་ཁག་ཏུ་དགེ་འདུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སློབ་གཉེར་ཐོག་ཐེ་བྱུས་དང་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་སྐོར་གསལ་བཏོན་བྱས་པ་མ་ཟད། རྒྱ་གཞུང་གིས་བོད་མིའི་དགོན་སྡེ་ཁག་ལའང་སྔོག་གཤེར་དང་དམར་ཤོག་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད་པ་བཅས་འགྲེལ་བརྗོད་གནང་པ་དང་འབྲེལ། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱིས་ཕྱི་ལོ་ ༢༠༠༩ ལོར་ནས་ད་བར་བོད་ནང་གི་བོད་མི་ ༡༤༣ ནས་རང་ལུས་མེར་བསྲེགས་གནང་ཡོད་ཅེས་འགྲེལ་བརྗོད་ཤུགས་ཆེ་གནང་འདུག བོད་ནང་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་རྒྱ་ནག་གི་ཁ་བྲལ་དང་འཇིགས་སྐུལ་བའི་ཉེས་མིང་འོག་ལོ་ ༢༠ རིང་བཙོན་བཅུག་བྱས་པ་མ་ཟད། ལྷག་དོན་སྔ་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༧ ནང་བཙོན་ཁང་དུ་སྐུ་བཀྲོངས་ཡོད་པ་དང་། རྒྱ་གཞུང་གིས་དམ་པ་ཁོང་གི་འབྲེལ་ཡོད་ནང་མི་ཚོར་ཆོས་ཕྱོགས་དང་འབྲེལ་བའི་འདས་ཆོས་ཞུ་མ་བཅུག་པ་དང་། དེ་ལྟར་བྱ་རྒྱུའི་ཞུ་འབོད་གནང་མཁན་གྱི་འབྲེལ་ཡོད་གཅེན་མོ་དང་ཚ་བོ་བཅས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འཁོད་འདུག བོད་མི་ཚོའི་ཆོས་དད་རང་དབང་དང་འབྲེལ་བའི་སྙན་ཐོའི་ནང་འཁོད་དོན། སྔ་ལོའི་ནང་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་། རྒྱ་ནག་གཞུང་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བ། དེ་བཞིན་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉིན་མོ་མཆོག་དགུང་གྲངས་ ༢༦ ཕེབས་པ་བཅས་གལ་འགངས་ཆེ་བའི་དུས་ཚིགས་གསུམ་འགྲེལ་བརྗོད་བྱས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་དགུང་གྲངས་ ༦ ནས་བཙན་ཁྲིད་ཀྱིས་ད་བར་ལོ་ ༢༠ ལྷག་གསང་བའི་ཐོག་བཀག་ཉར་བྱས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་ཐད་ཐེ་བྱུས་བྱེད་པ་དང་འབྲེལ། བདག་དབང་འདི་བཞིན་རྒྱ་ནག་གཞུང་ལ་ཡོད་ཅེས་བཤད་པ་ལས་རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་མངོན་གསལ་བྱས་འདུག རྒྱ་ནག་གཞུང་གིས་དེ་སྔ་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཁ་གཡར་ཏེ་བོད་མི་དང་ཡུ་གུར་གི་རང་དབང་འཐབ་རྩོད་ལ་གདོང་ལེན་ཆེད་འཇིགས་སྐུལ་རིང་ལུགས་ལ་གདོང་ལེན་བྱ་རྒྱུའི་ཁྲིམས་ཡིག་ཞེས་གཏན་འབེབས་ཀྱིས་ལག་བསྟར་བྱེད་འགོ་བཙུགས་པ་དེས་མང་ཚོགས་ནས་ཆོས་དད་རང་དབང་གི་རྩོད་ལེན་ཇི་འདྲ་གནང་རུང། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་བ། དེ་བཞིན་ཆོས་ཕྱོགས་ལྟ་གྲུབ་མཁྲེགས་པོ་འཛིན་བཅས་ལ་ངོས་འཛིན་གྱིས་འགྲོ་བ་མིའི་ཐོབ་སྲུང་སྐྱོབ་བྱེད་མཁན་གྱི་ཁྲིམས་རྩོད་པ་ ༣༠༠ ལྷག་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་ཡང་ཐེར་བཏོན་གནང་འདུག ལྷན་ཚོགས་དེས་ཨ་རི་གཞུང་ལ་འབོད་སྐུལ་གནང་དོན། ཨ་རི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བཅས་ལ་རྒྱབ་སྐྱོར་དང་དེ་དག་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་ཤུགས་སྣོན་བསྐྱོན་དགོས་གལ་ཡིན་པའི་འབོད་སྐུལ་གནང་དགོས་པ་སོགས་འཁོད་འདུག

རྒྱ་ནག་འཛམ་གླིང་ནང་གསར་འགོད་པར་དམ་དྲག་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་འཐེར་བཏོན་བྱས་འདུག

ཧྥ་རན་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པ་ཚོགས་པས་ ༢༠༡༦ ལོའི་འཛམ་གླིང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་པའི་ནང་བྱང་ཀོ་རི་ཡ་དང། Etirea སོགས་ཀྱི་ལྷན་དུ་རྒྱ་ནག་དེ་འཛམ་གླིང་ནང་གསར་འགོད་པར་དམ་དྲག་ཤུགས་ཆེ་བྱེད་མཁན་གྱི་རྒྱལ་ཁབ་གྲས་སུ་འཐེར་བཏོན་བྱས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༠ ཉིན་ཚོགས་པ་དེས་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་དུ་འདས་ལོའི་ནང་གསར་འགོད་པར་རང་དབང་ཇི་ཙམ་སྤྲད་ཀྱི་ཡོད་མེད་དང་འབྲེལ་བའི་དཔྱད་ཞིབ་གནང་པའི་དཀར་ཆག་སྙན་ཐོ་དེ་འདོན་སྤེལ་གནང་པའི་ནང་རྒྱ་ནག་དེ་གསར་འགོད་པའི་རང་དབང་གི་གནས་འབབ་ཐོག་གཤམ་འོག་ནས་རྩིས་པའི་ཨང་རིམ་ ༡༧༦ བཞག་འདུག རྩ་བའི་རྒྱལ་མཚམས་མེད་པའི་གསར་འགོད་པ་ཚོགས་པས་ཕྱི་ལོ་ ༢༠༠༢ ལོ་ནས་དབུ་འཛུགས་ཀྱིས་ལོ་ལྟར་འཛམ་གླིང་ནང་གསར་འགོད་པའི་རང་དབང་དང་འབྲེལ་བའི་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་དང། དེའང་འཛམ་གླིང་རྒྱལ་ཁབ་དང་སྲིད་གཞུང་ཚང་མས་ཆ་འཇོག་བྱ་འོས་པའི་སྙན་ཐོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད།   སྙན་ཐོ་དེའི་རྒྱ་ནག་དང་འབྲེལ་བའི་སྡེ་ཚན་ནང། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་འདས་ལོའི་ནང་གསར་འགོད་པར་ཚད་ལས་བརྒལ་བའི་དམ་དྲག་བྱས་པའི་ཁར། གསར་འགོད་པ་བཙན་བཟུང་བྱས་པ་དང་བཙན་དབང་གིས་རང་སྐྱོན་ངོས་ལེན་བྱེད་བཅུག་པ། དེ་བཞིན་གསར་འགོད་པ་དེ་དག་གི་ནང་མིར་རྡིག་ར་སྐུལ་བ་སོགས་ཀྱི་བྱ་སྤྱོད་ཀྱང་སྤེལ་ཡོད་སྐོར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།  

བོད་སྐད་རྒྱག་ན་སྒོར་༥༠༠ཉེས་ཆད་བཏང་རྒྱུའི་སྒྲིག་གཞི་བཟོས་འདུག

བོད་མདོ་སྨད་རྨ་ལྷོ་ཁུལ་རེབ་གོང་རྫོང་ནང་དུ་ཡོད་པའི་རྒྱ་མིའི་མགྲོན་ཁང་མིང་ལ་ཞང་ཡུལ་ཞེས་པའི་ནང་དུ་བོད་སྐད་རྒྱབ་པ་ཡིན་ན་སྒོར་མོ་༥༠༠ འི་ཉེས་ཆད་བཏང་རྒྱུ་སོགས་ཀྱི་སྒྲིག་གཞི་བཟོས་འདུག   རེབ་གོང་ནས་ཡིན་པ་བཞུགས་སྒར་དུ་བཅའ་བཞུགས་རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་ཡག་ལ། ཞང་ཡུལ་ཞེས་པའི་མགྲོན་ཁང་དེ་ནས། ལས་བྱེད་པ་རྣམས་ལ་དོན་ཚན་ལྔ་ཅན་གྱི་སྒྲིག་གཞི་ཡིག་ཆ་ཞིག་འགྲེམས་སྤེལ་བྱེད་པ་མ་ཟད། སྒྲིག་གཞི་དེ་དག་ལ་བརྩི་སྲུང་མ་བྱེད་པ་ཡིན་ན། ལས་ཀ་ནས་ཕྱིར་ཕུད་གཏང་རྒྱུ་ཡིན་སྐོར་འཁོད་ཡོད་པ་རེད་འདུག   དེ་ཡང་སྒྲིག་གཞི་དོན་ཚན་དང་པོ་དེར་མགྲོན་ཁང་ནང་ལས་བྱེད་པ་སུ་ཞིག་གིས་བོད་སྐད་རྒྱབ་མི་ཆོག་པ་དང། གལ་ཏེ་དེ་ལྟར་བྱུང་ཚེ་སྒོར་ ༥༠༠ ཉེས་ཆད་བཏང་རྒྱུ་ཡིན་པ་གསལ་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་རང་སྐྱོང་ས་ཁུལ་དུ་རང་གི་སྐད་དང་ཡི་གེ་ལ་གཅེས་འཛིན་དང་བཀོལ་སྤྱོད་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ཁ་གསལ་ཡོད་རུང། ད་རེས་རེབ་གོང་ཞང་ཡུལ་ཞེས་པའི་མགྲོན་ཁང་ནང་གི་གནས་ཚུལ་འདི་ནི་གཞུང་གི་ཁྲིམས་དང་འགལ་བ་ཞིག་ཆགས་ཡོད་སྟབས། གནད་དོན་འདིའི་རྐྱེན་པས་བོད་ཀྱི་ས་ཁུལ་གཞན་དུ་གླེང་སློང་ཤུགས་ཆེ་བྱུང་འདུག་པ་མ་ཟད། ད་ཆ་ས་གནས་སྲིད་གཞུང་ནས་ཟ་ཁང་དེ་སྒོ་རྒྱག་བཅུག་འདུག གནད་དོན་དེ་དང་འབྲེལ། བློ་བཟང་ཆོས་འབྱོར་ལགས་རང་ཉིད་ཀྱི་ངོས་ནས་ཀྱང་དེ་རིང་དྲ་རྒྱའི་བརྒྱུད་ལམ་ཐོག དོན་ཚན་གསུམ་ཅན་གྱི་འབོད་སྐུལ་ཞིག་དང་འབྲེལ། མགྲོན་ཁང་དེའི་སྦྱིན་བདག་དེ་བོད་པ་མིན་པ་གསལ་པོ་ཡིན་སྟབས། ཁོ་པར་དུས་ཡུན་ངེས་ཅན་ཞིག་གི་རིང་ལ་གྲངས་ཉུང་མི་རིགས་ཀྱི་ས་ཐོག་ཚོང་གཉེར་བྱེད་མི་ཆོག་པ་དང། ས་གནས་འགོ་ཁྲིད་ཚོའི་གནད་དོན་འདི་རིགས་མ་འོངས་པར་མི་ཡོང་བའི་འབད་བརྩོན་དགོས་པ་མ་ཟད། ལྷག་པར་དུ་ཕྱིན་ཆད་གནས་ཚུལ་འདིའི་རིགས་སྤེལ་མཁན་གྱི་ཟ་ཁང་དང་མགྲོན་ཁང་ནང་ནམ་ཡང་འགྲོ་རྒྱུ་མེད་པའི་འབོད་སྐུལ་ཡང་བྱེད་འདུག

རྒྱ་ནག་གཞུང་གིས་ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་གཏན་འབེབས་བྱས་འདུག

རྒྱ་གཞུང་གིས་རྒྱ་ནག་རྒྱལ་རབས་ནང་བྱུང་མྱོང་མེད་པའི་ཆེས་ཐོག་མའི་འཇིིགས་སྐུལ་རིང་ལུགས་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་འདུག དེ་ཡང་ཁ་སང་ཚེས་ ༢༧ ཉིན་མཇུག་སྒྲིལ་ཟིན་པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་བསྟུན། སྐབས་དེར་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བདེ་འཇགས་སོགས་དང་འབྲེལ། ཆེས་ཐོག་མའི་འཇིགས་སྐུལ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུའི་ཁྲིམས་གཞི་གསར་པ་ཞིག་གཏན་འབེབས་བྱས་པ་མ་ཟད། རྒྱ་ནག་སྤྱི་ཚོགས་བདེ་འཇགས་ཀྱི་ལས་བྱེད་An Weixing ཡིས་འཇིགས་སྐུལ་བའི་བྱ་སྤྱོད་འོག་ད་བར་རྒྱ་ནག་མི་དམངས་ཀྱི་ཚེ་སྲོག་གཙོས་པའི་དཔལ་འབྱོར་དང་འཛུགས་བསྐྲུན་གྱི་ལས་གཞི། དེ་བཞིན་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ལ་གྱོང་རྒུད་ཆེན་པོ་ཕོག་སྐོར་བརྗོད་འདུག ད་ལན་གཏན་འབེབས་ཟིན་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེས་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཙམ་མིན་པར་རྒྱལ་སྤྱིའི་བདེ་ཐོག་འཇིགས་སྐུལ་རིང་ལུགས་འགོག་ཐབས་སུ་དགེ་མཚན་ཆེན་པོ་ཡོང་ངེས་རེད་ཅེས་བརྗོད་འདུག གཞི་རྩའི་ཁ་སང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོལ་གྱི་ཁྲིམས་གཞི་དེའི་ནང་། འཇིགས་སྐུལ་རིང་ལུགས་ཞེས་པ་དེ་ནི། ཆབ་སྲིད་དང་ལྟ་བ་སོགས་ཀྱི་དགོས་དམིགས་འོག་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་གཅིག་སྒྲིལ་ལ་དོ་ཕོིག དེ་བཞིན་གཞུང་ལ་ངོ་རྒོལ་བྱེད་པ་དང་མི་དམངས་དབར་འཁོན་འཛིན་བཟོ་གཞི་འགྱུར་བ་སོགས་ཀྱི་བྱ་སྤྱོད་གང་འདྲ་ཞིག་ཡིན་རུང་། འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན་སྐོར་གསལ་འདུག་པ་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་ཁྲིམས་ལུགས་དེའི་ནང་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཐོག་ལ་འཛིན་བཞིན་པའི་སྲིད་བྱུས་ཁག་གཙོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཁག་དང་མཐུན་པའི་ཚད་ལྡན་གྱི་ཁྲིམས་ལུགས་ཤིག་ཡིན་པར་འགྲེལ་བརྗོད་བྱས་འདུག Zhang Dejiang ནས་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ལས་དོན་ཐད་ལ་སྟངས་འཛིན་བྱེད་རྒྱུར་དགེ་མཚན་ཆེན་པོར་ཡོང་ངེས་ཡིན་པ་དང་། མ་འོངས་པར་འཇིགས་སྐུལ་བ་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་གཏོང་རྒྱུ་དང་གནས་ཚུལ་མཁོ་བསྒྲུབ་བྱེད་རྒྱུ་སོགས་ལ་དགེ་མཚན་ཆེན་པོ་ཡོད་སྐོར་བརྗོད་པ་མ་ཟད། ཁྲིམས་ལུགས་དེའི་ནང་རྒྱལ་སྤྱིའི་གཞུང་དང་ཚོགས་པ་ཁག་ནས་སེམས་འཚབ་བྱེད་བཞིན་ཡོད་པ་དྲ་རྒྱའི་གནད་དོན་དང་གསང་བའི་སྙན་ཐོ་རྐུ་འཁྱེར་བྱེད་རྒྱུ་སོགས་ཀྱི་ཐོག་ལའང་དམ་དྲག་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་བྱས་འདུག རྩ་བའི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་འཇིགས་སྐུལ་རིང་ལུགས་འགོག་རྒོག་གི་ཁྲིམས་གཞི་དེ་གཏན་འབེབས་མ་ཟིན་པའོ་གོང་ལ།  ཨ་རིའི་ཕྱི་སྲིད་ལས་ཁུངས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་ཅིག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། ཁྲིམས་ལུགས་དེས་འཇིགས་སྐུལ་བ་ལ་འགོག་རྒོལ་བྱ་རྒྱུ་ལས་ལྡོག་ཏེ། རྒྱ་ནག་མི་དམངས་གཙོས་པའི་ བོད་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་སྨྲ་བརྗོད་ཀྱི་རང་དབང་དང་འདུ་འཛོམས་ཀྱི་རང་དབང་། དེ་བཞིན་ཆོས་དད་ཀྱི་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་དམ་དྲག་ཤུགས་ཆེར་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་སྐོར་གསུངས་པ་མ་ཟད། ཁྲིམས་གཞི་དེས་རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཨ་རིའི་བཟོ་གྲྭ་ཁག་གཙོས་པའི་རྒྱལ་སྤྱིའི་དངུལ་ཁང་དང་བཟོ་ལས་ཁང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱི་ལས་དོན་ཐད་ལ་སྟངས་འཛིན་དང་ཐེས་བྱུས་རིགས་བྱ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྐོར་ཡང་གསུངས་ཡོད་པ་རེད།

རྒྱ་ནག་ནི་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་རང་འཇགས་ཡིན་པ་གསལ་བཏོན་གནང་འདུག

Committee to protect journalist འམ་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཁ་སང་འདོན་སྤེལ་གནང་པའི་དམིགས་བསལ་སྙན་ཐོ་ཞིག་གི་ནང་། རྒྱ་ནག་ནི་གསར་འགོད་པ་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ཨང་དང་པོ་རང་འཇགས་ཡིན་པ་གསལ་བཏོན་གནང་པའི་སྙན་ཐོ་སྙན་སྒྲོན་ཞུས་འདུག     དེ་ཡང་CPJ འི་དམིགས་བསལ་སྙན་ཐོ་དེ་ནི་ CPJ གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་ Elana Beiser ལགས་ཀྱིས་སྤེལ་གནང་འདུག་པ་དང་། ཁོང་གིས་སྙན་ཐོ་འདིའི་ནང་རྐང་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་གིས་བཙོན་འཇུག་བྱེད་པ་ཚོའི་གནས་སྟངས་ལ་ཡར་རྒྱས་སོང་མིན་དང་། ལྷག་པར་དུ་འཛིན་བཟུང་བཙོན་འཇུག་མང་ཤོས་བྱེད་མཁན་གྱི་རྒྱལ་ཁབ་གང་ཡིན་བཙལ་རྩོད་གནང་འདུག་པ་དེ་ལྟར་ཡང། ཁོང་གིས་སྙན་ཐོ་དེའི་ནང་སྤྱི་ཡོངས་ཀྱི་ཆ་ནས་འདས་པའི་ལོ་གསུམ་དང་ཁྱད་པར་དུ་ལོ་འདིའི་ནང་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཉུང་དུ་སོང་ཡོད་ཀྱང་། Turkey དང་ Egypt དེ་བཞིན་རྒྱ་ནག་སོགས་རྒྱལ་ཁབ་རེ་ཟུང་ནང་། འདི་ལོ་གཞུང་ནས་སྐྱོན་བརྗོད་རིགས་འབུར་འཛོམས་གཏང་ཆེད་གསར་འགོད་པ་འཛིན་བཟུང་བཙོན་འཇུག་སྔར་ལས་མང་དུ་སོང་ཡོད་པ་གསལ་བཏོན་གནང་འདུག གསར་འགོད་པ་སྲུང་སྐྱོབ་ཚོགས་པར་ར་སྤྲོད་གསལ་པོ་བྱུང་བར་ལོ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་བཙོན་འཇུག་བྱེད་པ་གྲངས་ ༡༩༩ བྱུང་འདུག་པ་དང་། དེའི་ཁྲོད་རྒྱལ་ཁབ་ཆེས་སྡུག་ཤོས་གསུམ་པར་ Turkey ནང་གསར་འགོད་བཙོན་འཇུག་གི་གྲངས་ཀ ༡༤ ཡིན་པ་དེ་སྔ་ལོ་ལས་ཉིས་ལྡབས་ཆགས་ཡོད་པ་དང། གཉིས་པ་ Egyptནང་ ༡༢ ནས་ ༢༣ ནས་ལ་འཕར་བ་དང། ལྷག་པར་དུ་གསར་འགོད་པ་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་ནི་རྒྱ་ནག་རང་འཇགས་ཡིན་པ་དེ་ཡང་བཙོན་འཇུག་གི་གྲངས་ཀ་དེ་ ༤༩ ཡིན་གསལ་བཏོན་གནང་འདུག   རྒྱ་ནག་ནང་གི་གསར་འགོད་པའི་གནས་སྟངས་དེའི་སྐོར་དང་འབྲེལ་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་རྩོམ་སྒྲིག་འགན་འཛིན་ལྕམ་ Elana Beiser ལགས་ཀྱིས་སྙན་ཐོ་ནང། སྲིད་འཛིན་ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུང་ལ་གདོང་ལེན་དང་ངོ་རྒོལ་གྱི་བྱེད་སྒོ་སྤེལ་བཞིན་པ་དང། རྒྱ་ནག་གི་ཚོང་དང་དཔལ་འབྱོར་གྱི་གནས་བབ་སྲ་བརྟན་མེད་པར་ཉམ་རྒུད་དུ་འགྲོ་བཞིན་པའི་ཁྲོད། གཞུང་ནས་དཔལ་འབྱོར་གྱི་གནས་ཚུལ་ལ་ཚོར་བ་རྣོ་བར་ངོས་འཛིན་གྱིས་གསར་འགོད་པ་རྣམས་ནས་རྒྱ་ནག་གི་དཔལ་འབྱོར་གནས་བབ་སྐོར་ལ་གནས་ཚུལ་སྤེལ་རྒྱུར་དམ་དྲག་བཟོས་ཡོད་པ་དེ་ལྟར་ཡང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་ནས་པེ་ཅིང་གི་ཚའི་ཅིང་དུས་དེབ་ཀྱི་གསར་འགོད་པ་ Wang Xiaolu ནས་མ་འོངས་རྒྱ་ནག་གི་ཚོང་འབྲེལ་དང་དེའི་ཉེན་སྲུང་སྐོར་གནས་ཚུལ་ལོག་པ་སྤེལ་ཡོད་པ་བརྗོད་ནས་གསར་འགོད་པ་རང་ཉིད་འཛིན་བཟུང་བྱེད་ཡོད་པའི་གནས་ཚུལ་ཞིག་ཀྱང་ལུང་འདྲེན་ཞུས་འདུག ད་ལན་གྱི་རྒྱལ་སྤྱིའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པའི་དམིགས་བསལ་སྙན་ཐོ་འདིའི་ཐོག་ནས་རྒྱ་ནག་དེ་བཞིན་འཛམ་གླིང་ནང་གསར་འགོད་པ་འཛིན་བཟུང་བཙོན་བྱེད་མཁན་རྒྱལ་ཁབ་ཆེས་སྡུག་ཤོས་དང་དེ་རྗེས་ Egypt དང་ Turkey སོགས་རྒྱལ་ཁབ་ ༢༨ ཡོད་སྐོར་གནས་ཚུལ་སྤེལ་ཡོད་པ་རེད།  དེ་དང་ཕྱོགས་མཚུངས་སུ་ Vietnam ནང་ལ་གཞིགས་ན། གསར་འགོད་པ་བཙོན་འཇུག་གི་གྲངས་ཁ་ཉུང་དུ་སོང་ཡོད་ནའང། བཙོན་གྲོལ་ཐོབ་མཁན་རྣམས་ལ་སུན་བཙེར་སྣ་ཚོགས་འོག རང་གི་རྒྱལ་ཁབ་ནང་སྡོད་ཐུབ་པར་ཕྱི་རྒྱལ་དུ་སྐྱབས་བཅོལ་མི་འགྲོ་དཀའ་མེད་ཀྱི་གནས་སྟངས་ཆགས་ཡོད་པའི་སྐོར་བཅས་གསུངས་ཡོད་འདུག

Latest news