Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ད་ཆ་ནུས་མེད་ཆགས་པ་བརྗོད་འདུག

ཧོང་ཀོང་སྤྱི་ཁྱབ་ཀེ་རི་ལེམ་གྱིས་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གཏན་འབེབས་བྱེད་རྒྱུ་དེ་ད་ཆ་ནུས་མེད་ཆགས་ཡོད་པ་བརྗོད་འདུག་ཀྱང་། ཧོང་ཀོང་མང་ཚོགས་ནས་ཁྲིམས་འཆར་དེ་ཡོངས་སུ་ཕྱིར་འཐེན་བྱེད་མེད་པར་ཐུགས་འཚབ་གནང་བཞིན་འདུག  དེ་རིང་ཧོང་ཀོང་སྤྱི་ཁྱབ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་རྩོད་རྙོག་ཅན་གྱི་ཁྲིམས་འཆར་དེར་ད་ཆ་གྲོས་ཚོགས་ནང་བསྐྱར་དུ་དཔྱད་ཞིབ་བྱེད་རྒྱུ་འཆར་གཞི་མེད་པ་དང་འབྲེལ། ཁྲིམས་འཆར་དེ་ནུས་མེད་ཆགས་པ་མ་ཟད། འདས་པའི་བདུན་ཕྲག་ནང་ཁྲིམས་འཆར་དེའི་རྐྱེན་པས་ཧོང་ཀོང་ནང་རྙོག་གྲ་ལངས་པ་དེར་བློ་ཕམ་ཡོད་སྐོར་བརྗོད་འདུག ཁོང་གིས་དེ་རིང་གང་བཤད་པ་དེ་དེ་སྔ་བཤད་པ་དང་ཁྱད་གང་ཡང་མེད་པ་དང་མང་ཚོགས་ནས་གྲོས་ཚོགས་ནང་ཁྲིམས་འཆར་དེ་བསྐྱར་དུ་སླར་གསོ་གནང་མིན་ཐད་སེམས་འཚབ་གནང་མི་དགོས་སྟབས་ཁྲིམས་འཆར་དེ་ད་ཆ་ནུས་མེད་ཆགས་ཡོད་པ་བརྗོད་འདུག  ཧོང་ཀོང་སྤྱི་ཁྱབ་ནས་ཁྲིམས་འཆར་ཡོངས་རྫོགས་ཕྱིར་འཐེན་གནང་ཡོད་པ་བརྗོད་མེད་སྟབས། ཧོང་ཀོང་མང་ཚོགས་ནས་དེའི་ཐད་ཐུགས་འཚབ་གནང་བཞིན་ཡོད་པས་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་གི་གསར་འགོད་རིག་པའི་སློབ་སྟོན་པ་ཞིག་གིས་གཞུང་འབྲེལ་གྱི་ཁྲིམས་ཡིག་ནུས་མེད་ཆགས་ཡོད་ཅེས་བརྗོད་པ་དེ་ཆབ་སྲིད་དང་ཁྲིམས་ཀྱི་ཐ་སྙད་ཅིག་མིན་སྟབས་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ད་ཆ་ཡོངས་རྫོགས་ཕྱིར་འཐེན་གནང་དང་མི་གནང་གསལ་པོ་གང་ཡང་ཆགས་མེད་པ་དང་ང་ཚོས་ཁྲིམས་འཆར་དེ་ཡོངས་ནས་ཕྱིར་འཐེན་བྱེད་མེད་པར་ཚོད་དཔག་བྱེད་རྒྱུ་ཡིན་ཞེས་གསུངས་འདུག ཁག་གཅིག་གིས་སྤྱི་ཚོགས་དྲྭ་ལམ་ཐོག་གལ་ཏེ་ཁྲིམས་འཆར་དེ་ཡོངས་ནས་ནུས་མེད་གྱུར་ཡོད་ན། དེ་གཞུང་འབྲེལ་གྱི་ཐོག་ནས་ཅི་ཕྱིར་ཕྱིར་འཐེན་གནང་མེད་པ་དང་། ཁེ་རི་ལེམ་ནས་རྒྱ་ནག་གི་སྲིད་བྱུས་འཁྲབ་ཀྱི་ཡོད་སྐོར་དང་དེ་བཞིན་ཁྲིམས་འཆར་དེ་ད་ཆ་ནུས་མེད་དུ་འགྱུར་ན་ལོ་རྗེས་མའི་གྲོས་ཚོགས་ནང་བསྐྱར་གསོ་གནང་འཆར་ཡོད་པ་དང་སྦྲགས་མང་ཚོགས་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག  གཞི་རྩའི་ཧོང་ཀོང་མང་ཚོགས་ནས་ཁྲིམས་འཆར་དེར་ངོ་རྒོལ་གྱིས་ལོ་རྒྱུས་ཁྲོད་གཞི་རྒྱ་ཆེ་བའི་ལས་འགུལ་རབ་དང་རིམ་པ་སྤེལ་ཀྱང་། ཧོང་ཀོང་གཞུང་ནས་མི་མང་གི་དགོས་འདུན་ལ་བསམ་ཞིབ་བྱེད་ཀྱི་མེད་པའི་ཁར། མང་ཚོགས་འབུམ་གཉིས་ལྷག་ནས་ཉེ་ལམ་ཚེས་ ༧ ཉིན་ Tsim Sha Tsui ཞེས་རྒྱ་ནག་ཡུལ་སྐོར་སྤྲོ་འཆམ་པ་ཤུགས་ཆེ་ཡོང་སའི་ཁུལ་དང་། དེ་བཞིན་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོར་སྐྱོད་སའི་ Kowloon མེ་འཁོར་འབབ་ཚུགས་སུ་ཞི་རྒོལ་རྔམ་སྟོན་གནང་བ་དང་། སྐབས་དེར་མང་ཚོགས་ནས་གཙོ་བོ་ས་ཁུལ་དེའི་ཕྱོགས་སུ་ཡོད་པའི་རྒྱ་རིགས་སྤྲོ་འཆམ་པ་ཚོར་ཧོང་ཀོང་ནང་གི་གནད་དོན་དྲིལ་བསྒྲགས་གནང་རྒྱུ་དང་དེ་འབྲེལ་རྒྱབ་སྐྱོར་རག་ཐབས་སླད་ལས་འགུལ་སྤེལ་འདུག ཉིན་དེའི་མཚན་མོར་ཞི་རྒོལ་བ་ཁག་གཅིག་ནས་ Mong kok ཞེས་ཚོང་གི་བསྟི་གནས་ཁང་དུའང་ངོ་རྒོལ་གནང་སྐབས་ཉེན་རྟོག་པ་དང་ངོ་རྒོལ་གནང་མཁན་དབར་གདོང་ཐུག་གིས་མི་དྲུག་འཛིན་བཟུང་བྱས་པའི་གནད་དོན་བྱུང་འདུག ཧོང་ཀོང་མང་ཚོགས་ནས་ངོ་རྒོལ་ཁྲོད་ཁེ་རི་ལེམ་རང་གི་ལས་གནས་ནས་རྩ་དགོངས་ཞུས་དགོས་པ་དང་།  ཉེན་རྟོག་པས་ངོ་རྒོལ་དེའི་ཁྲོད་བྱ་སྤྱོད་དྲག་པོ་སྤེལ་བར་དཔྱད་ཞིབ་བྱེད་དགོས་པ། དེ་བཞིན་སློབ་ཕྲུག་ཚོགས་པ་དང་སྤྱི་ཁྱབ་གཉིས་ནས་ཁྲིམས་འཆར་དེའི་ཐད་གྲོས་མོལ་དགོས་པའི་དགོས་འདུན་སྟོན་ཀྱང་། ཀེ་རི་ལེམ་ནས་སློབ་ཕྲུག་དང་དེ་འབྲེལ་གྲོས་མོལ་གནང་རྒྱུ་ཁས་ལེན་བྱས་ཀྱང་། གཞན་དགོས་འདུན་གཉིས་ལ་ངོས་ལེན་བྱས་མེད་པ་རེད།   གཞན་ཡང་ཁ་སང་རེས་གཟའ་ཟླ་བའི་ཉིན་ཇི་ནི་ཝ་ནང་ཚོགས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཧོང་ཀོང་གི་ལས་འགུལ་བ་དང་གཞས་མ་ Denise Ho ཡིས་ཧོང་ཀོང་ནི་རྒྱ་ནག་གི་གྲོང་ཁྱེར་གཞན་ཞིག་ལྟར་ཆགས་པའི་ཉེན་འཚབ་དང་། གནས་སྟངས་དེའི་འོག་ཧོང་ཀོང་མི་མང་གི་གཞི་རྩའི་སྨྲ་བརྗོད་རང་དབང་ལ་དོ་ཕོག་གཏོང་ངེས་ཡིན་སྟབས་སྒོས་སུ་མང་ཚོགས་ཀྱི་ཚེ་སྲོག་ཆེས་ཉེན་འཚབ་འོག་ལྷུང་ལ་ཉེ་སྟབས། རྒྱལ་ཚོགས་ནས་དེ་འབྲེལ་ཐུགས་འཚབ་གནང་ཐོག་ཚོགས་དུས་ཤིག་ཚོགས་དགོས་པ་མ་ཟད།  རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འབུད་གཏང་དགོས་པ་གསུངས་འདུག་ཀྱང་། ཁོང་གིས་སྐར་མ་གསུམ་ཙམ་གྱི་གཏམ་བཤད་ཀྱི་དུས་ཡུན་རིང་རྒྱ་ནག་གི་སྐུ་ཚབ་ནས་ཐེངས་གཉིས་ཙམ་འགོག་རྐྱེན་བཟོས་ཡོད་པ་རེད།

རྒྱལ་ཚོགས་ཐོག་ཚོགས་མིའི་རྒྱལ་ཁབ་ཁག་གིས་བོད་དོན་གླེང་བ།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ནས་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་དང་བསྟུན། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཚོགས་དུས་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ ༨ དང་། ཡོ་རོབ་མཐུན་ཚོགས། གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབས་ཆེན་པོ་ཡོད་པའི་རྣམ་པ་ཆེད་བཏོན་དང་འབྲེལ། རྒྱ་གཞུང་གིས་མང་ཚོགས་ཀྱི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་དང་དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་དོན་འཁྱོལ་ལག་བསྟར་དགོས་པར་ནན་སྐུལ་གནང་ཡོད་པ་རེད། ཁ་སང་འཛམ་གླིང་ནང་གི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་པ་ཞེས་པའི་ཚོགས་དུས་སྐབས་ཕ་རན་སི། ཅེཀ་སྤྱི་རྒྱལ་ཁབ། ཧྥིན་ལན་ཌི། ཨིན་ཡུལ། དེ་བཞིན་སུའི་ཌན་བཅས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ལྔ་དང་། ཡོ་རོབ་མཐུན་ཚོགས་བཅས་ནས་ཆེས་ཞན་པའི་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་བོད་དང་ཤར་ཏུ་ཀི་སི་ཐན་ནང་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། སྒོས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ས་གནས་མང་ཚོགས་ཀྱི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོའི་གནས་བབས་བཅས་ལ་སེམས་འཚབས་ཆེན་པོ་གནང་བ་དང་འབྲེལ་ཏེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་པའི་ནན་སྐུལ་གནང་ཡོད་པ་རེད། ལྷག་པར་དུ་སྐབས་དེར་ཅེ་སྤྱི་འཐུས་རྒྱལ་ཁབ་ནས་རྒྱ་ནག་གཞུང་གིས་ཁུལ་དེའི་ནང་གི་འགྲོ་བའི་མིའི་ཐོབ་ཐང་གི་རྩོད་ལེན་པ་དང་ཁྲིམས་རྩོད་པ་ཐོག་དམ་དྲག་དང་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཁག་རྒྱལ་ཚོགས་ཐོག་གསལ་སྟོན་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་འཕྲལ་མར་གློད་བཀྲོལ་དགོས་པའི་རེ་འདུན་ཆེད་བཏོན་གནང་བ་མ་ཚད། བོད་དང་ཤར་ཏུར་ཀི་སི་ཐན་ཐོག་རྒྱ་ནག་དང་རྒྱལ་ཚོགས་རྒྱལ་ཁབ་ཁག་ནས་མཉམ་འབྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་དོན་འཁྱོལ་ལག་བསྟར་གནང་བའི་རེ་བ་ཡོད་ཅེས་དང་། དེ་བཞིན་ Sweden ནས་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་བོད་མི་དང་ཡུ་གུར་མང་ཚོགས་གྱི་ཐོབ་ཐང་དང་རང་དབང་ཁག་ངེས་པར་དུ་འགན་ལེན་དང་སྲུང་སྐྱོབ་བྱེད་དགོས་པའི་ནན་སྐུལ་ཡང་གནང་འདུག ཚོགས་དུས་དེའི་སྐབས་སུ་སྦེལ་འཇམ་དང་། འཇར་མ་ནི་གཉིས་ནས་བོད་ཅེས་པའི་འབུར་དུ་མིང་སྟོན་མ་གནང་ཡང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་བཙོན་འཇུག་དང་དམ་དྲག་བྱེད་བཞིན་པར་སེམས་འཚབ་ཡོད་པ་དང་། དེ་དག་གི་རང་དབང་སྲུང་སྐྱོབ་དགོས་པ། དེ་བཞིན་ཁོང་རྣམས་ངེས་པར་དུ་གློད་བཀྲོལ་བཏང་ནས་ནག་ཉེས་གཡོག་རྒྱུ་མཚམས་འཇོག་དགོས་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་ཁས་ལེན་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ཁག་དོན་འཁྱོལ་ལག་བསྟར་བྱས་ནས་ས་ཁུལ་ཁག་ཏུ་རང་དབང་ཐོག་འགྲོ་སྐྱོད་བྱེད་འཇུག་དགོས་ཞེས་རེ་སྐུལ་གནང་ཡོད།རྒྱལ་ཁབ་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྒྱལ་ཚོགས་ནས་ཐུགས་སྣང་དགོས་པ་ཞེས་ཚོགས་དུས་སྐབས་ཚོགས་མི་རྒྱལ་ཁབ་ ༦༤ ནས་སྐར་མ་གཉིས་ཀྱི་གཏམ་བཤད་ལས་རིམ་གྲུབ་པའི་རྗེས་སུ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ནས་མུ་མཐུད་གཏམ་བཤད་གནང་སྐབས་ཡོ་རོབ་རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Vincent Matten ལགས་ཀྱིས་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ Helsinki Foundation མཚན་ཐོག་ནས་ད་ཆ་རྒྱ་གཞུང་ཕྱོགས་ཡོངས་ནས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་ཆབ་སྲིད་རང་དབང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ནས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་བར་བོད་ནང་བོད་མི་ ༡༥༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་གནང་བའི་གནས་སྟངས་བྱུང་ཡོད་པ་གསལ་འདོན་གནང་བ་དང་འབྲེལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་རྒྱལ་ཚོགས་ནས་ཐུགས་སྣང་དང་རྒྱལ་ཚོགས་ལྷན་ཚོགས་ཐོག་གླེང་དགོས་གལ་ཡིན་པ་གསུངས་འདུག དེ་བཞིན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་བོད་ནང་བོད་མིའི་ཆོས་དད་དང་རིག་གཞུང་རྒྱུན་འཛིན་གྱི་རང་དབང་ལ་གུས་བརྩི་ཞུ་དགོས་པ་དང་། རྒྱ་ནག་གཙོ་གྱུར་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱལ་ཚོགས་ཀྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་མི་སྣ་རང་དབང་ཐོག་ཆེད་སྐྱོད་གནང་དགོས་པ་དང་། བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་འཕྲལ་མར་གློད་བཀྲོལ་དགོས་པ། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གནོད་པའི་ཆུ་རགས་དང་གཏེར་ཁ་སྔོག་འདོན་གྱི་ལས་འཆར་ཁག་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུགགཞན་ཡང་སུད་སི་དོན་ཁང་གི་འབྲེལ་ཡོད་ལས་བྱེད་དཀོན་མཆོག་གཡག་ལྷ་ལགས་ཀྱིས་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་དུ་རྒྱལ་སྤྱིའི་ཚོགས་པ་ Society  for Threaten People ཞེས་པའི་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མིན་པའི་མཚན་ཐོག་ནས་ད་ཆ་རྒྱ་གཞུང་གིས་ཐབས་བྱུས་གཏིང་ཟབ་ཐོག་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག་བྱེད་བཞིན་པའི་སྲིད་བྱུས་ལ་རྒྱལ་ཚོགས་ནས་རྟོག་ཞིབ་གནང་བའི་རེ་འདུན་སྟོན་པ་དང་། དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རང་དབང་ཁང་པ་བཅས་ནས་བོད་དེ་འཛམ་གླིང་ནང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཞན་ཤོས་ཨང་གཉིས་པར་གསལ་འདོན་གནང་ཡོད་པ་རྒྱལ་ཚོགས་སུ་སྙན་སྒྲོན་ཞུ་སྐབས་སྔ་རྗེས་སུ་རྒྱ་ནག་གི་སྐུ་ཚབ་ནས་ཁོང་གི་གཏམ་བཤད་ལ་རྒྱལ་ཚོགས་ཀྱི་འགྲོ་ལུགས་ལྟར་ཚིག་སྤྱོད་ཕྱོགས་མཐུན་གྱི་མེད་ལུགས་ཀྱི་ལས་རིམ་རྣམ་གཞག་སྟོན་ནས་དགག་པ་བྱས་པའི་གནས་ཚུལ་བྱུང་སོང་། དེ་རྗེས་རྒྱལ་ཚོགས་ཀྱི་ཚོགས་གཞོན་ནས་གཞེན་སྐུལ་དང་སྦྲགས་ཏེ་མུ་མཐུད་ནས་བོད་དོན་སྙན་སེང་ཐོག་རྒྱ་གཞུང་གིས་ཡུ་གུར་དང་བོད་མི་གང་ཡིན་ཀྱང་ཁྱད་མེད་པར་མང་ཚོགས་ཀྱི་ཆོས་དད་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན་པར་འགྲེལ་བརྗོད་གནང་བ་དང་། འདི་ལོའི་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་སྒེར་ལངས་གནང་ནས་ལོ་ངོ་ ༦༠ འཁོར་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ནང་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་ལུང་འདྲེན་དང་འབྲེལ། ལྷན་ཚོགས་ཀྱི་ངོས་ནས་བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་རེ་འདུན་སྟོན་ཡོད་པ་དེ་ལྟར་ཡང་། ཁོང་གི་གཏམ་བཤད་མ་རྫོགས་གོང་དུ་རྒྱ་གཞུང་གིས་བོད་ནང་དྲག་གནོན་མེད་ལུགས་དང་། ཚོགས་གཞོན་ནས་གཏམ་བཤད་ཀྱི་དུས་ཚོད་ལ་བཏང་འཛིན་གནང་དགོས་པའི་ནན་སྐུལ་བྱས་སྟབས་མཐར་ཁོང་ལ་སྐར་མ་གཅིག་དང་སྐར་ཆ་སུམ་ཅུའི་གཏམ་བཤད་གནང་རྒྱུའི་དུས་ཚོད་རྫོགས་ནས་མུ་མཐུད་བོད་དོན་སྙན་སེང་ཞུ་ཐུབ་མེད་པའི་གནས་ཚུལ་ཡང་བྱུང་སོང་། རྩ་བའི་དུས་རྒྱུན་རྒྱལ་ཚོགས་ཀྱི་ལྷན་ཚོགས་གཙོ་གྱུར་ཟུར་ཚོགས་བཅས་ཚོགས་སྐབས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གནད་དོན་ཐེར་འདོན་གནང་ཚེ་རྒྱ་གཞུང་གི་སྐུ་ཚབ་ནས་རྒྱལ་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་མིང་ཐོག་ནས་རྒྱུ་མཚན་འདྲ་མིན་ལ་ཁག་དཀྲི་ནས་གཏམ་བཤད་གནང་མཁན་ལ་དགག་བྱ་དང་གཏམ་བཤད་ཀྱི་ལས་རིམ་ལ་བར་ཆད་བྱས་པའི་གནས་ཚུལ་རིམ་པ་འཐོན་བཞིན་ཡོད་པ་རེད།

རྒྱལ་ཚོགས་ནང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་ཟུར་ཚོགས།

སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༡ པ་དང་བསྟུན། ཁ་སང་ཕྱི་ཚེས་ ༢ ཉིན་རྒྱལ་ཚོགས་ཀྱི་ཚོགས་ཁང་ནང་ད་བར་མི་ལོ་ ༢༤ རིང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་ཐོག་ཟུར་ཚོགས་ཤིག་གནང་ཡོད་པ་རེད།ཟུར་ཚོགས་ཐོག་བཀྲིས་ལྷུན་པོ་དགོན་གྱི་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གི་ཚོགས་གཙོ་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་ད་བར་མི་ལོ་ ༢༤ རིང་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་རྒྱ་གཞུང་གིས་བཙོན་འཇུག་གིས་འགྲོ་བ་མིའི་སྤྱི་ཚོགས་ཧྲིལ་པོ་དང་འབྲེལ་ལམ་ཡོངས་སུ་བཀག་སྡོམ་བྱས་པ་དེ་ནི་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་ཞིག་རྩ་བ་ནས་མིན་པར་མི་གཅིག་གི་མི་ཚེའི་ནང་བསུབ་ཐབས་མེད་པའི་གྱོང་གུད་ཆེན་པོ་ཞིག་དང་། དད་ལྡན་ས་ཡ་མང་པོའི་སེམས་ནང་ལ་ཕོག་ཐུག་བཏང་བ། དེ་བཞིན་བོད་མིའི་ཆོས་ཕྱོགས་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐོབ་ཐང་འཕྲོག་པ་སོགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཙམ་མ་ཟད། རྒྱ་ནག་གཞུང་གིས་གྲངས་ཉུངས་མི་རིགས་ཐོག་བཞག་པའི་ཁྲིམས་སྒྲིག་ཁག་རྡོག་རོལ་བཏང་བའི་ནག་ཉེས་བསགས་ཡོད་ཅེས་རྒྱ་གཞུང་གི་ནག་ཉེས་ཁག་གླེང་སྟེགས་ཐོག་ཐེར་འདོན་གནང་འདུགསྤྱིར་ཁ་སང་༸པཎ་ཆེན་རིན་པོ་ཆེ་མཆོག་དང་འབྲེལ་བའི་ཟུར་ཚོགས་དེ་ནི་རྒྱལ་ཁབ་གཞན་གྱི་དབང་སྒྱུར་འོག་ལྷུང་བའི་གྲངས་ཉུང་མི་རིགས་རྣམས་ཀྱི་སྲུང་སྐྱོབ་སླད་རྒྱལ་སྤྱིའི་ཚོགས་པ་ Society  for Threaten people ཞེས་པས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། སྐབས་དེར་ཚོུད་གཅིག་གི་རིང་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་གཞུང་གི་དམ་དྲག་ཞེས་པའི་གླེང་བརྗོད་ཐོག་ཟུར་ཚོགས་ལས་རིམ་གནང་ཐོག་གཙོ་བོ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་གླེང་སློང་གནང་ཡོད་པ་དང་། སྐབས་དེར་ཟུར་ཚོགས་དངུས་སུ་མ་ཚོགས་གོང་ལ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་གྱུར་སྐོར་བཟོ་སྐྲུན་ཞུས་པའི་དངོས་བྱུང་གློག་བརྙན་ The Stolen Child ཞེས་པ་སྐར་མ་གཉིས་ཅན་ཡོད་པ་ཞིག་ཚོགས་བཅར་བ་ཚོར་ངོ་སྤྲོད་ཞུ་སླད་གཟིགས་འབུལ་ཞུས་ འདུག་པ་དང་ཆབས་ཅིག གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་༸རྒྱལ་བ་ཡབ་སྲིད་རྣམས་ཀྱི་འབྲེལ་བའི་སྐོར་དང་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས། དེ་བཞིན་༸པཎ་ཆེན་སྐུ་གོང་མ་དགོངས་པ་རྫོགས་སྐབས་ཀྱི་གནས་ཚུལ། ཡང་སྲིད་འཚོལ་ཞིབ། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག་སོགས་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ད་བར་རྒྱལ་སྤྱིའི་ཐོག་ཞུ་འབོད་རིམ་པ་གནང་བ་བཅས་གནས་ཚུལ་སྙིང་བསྡུས་ཐོག་ནས་ངོ་སྤྲོད་ཀྱང་གནང་འདུག ལྷག་པར་དུ་བློ་བཟང་རྡོ་རྗེ་ལགས་ཀྱིས་ཟུར་ཚོགས་ཐོག་ད་བར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་བོད་ནང་གི་བོདམིའི་ ༦༠ ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་གསལ་བཏོན་གནང་བ་དང་སྦྲགས། ད་ཆ་བོད་ནང་རྒྱ་ནག་གཞུང་གིས་ཆེས་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་བོད་མི་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པ་དང་རྒྱ་སྐད་མི་ཤེས་མཁན་བོད་མི་ཚོའི་འཚོ་རྟེན་མེད་པ་བཟོས་པ་དང་། བོད་མི་ཚོས་མི་རིགས་ཀྱི་གོམས་སྲོལ་དང་ཐོབ་ཐང་སྲུང་བ། ༸པཎ་ཆེན་ཡབ་སྲས་གཉིས་ལ་དད་མུས་ཞུས་ནས་ཁ་བྲལ་བ་དང་ཁྲིམས་འགལ་ཆགས་པར་ངོས་འཛིན་བྱེད་བཞིན་ཡོད་སོགས་གནད་དོན་དེ་དག་ལས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཆེས་མུན་ནག་དང་། ཆེས་འཇིགས་སྣང་ཅན། དེ་བཞིན་ཆེས་སྡུག་རྩུབ་ཅན་ཤ་སྟག་ཡིན་པ་གསལ་པོ་རེད་ཅེས་གསུངས་འདུགཟུར་ཚོགས་གླེང་སྟེགས་བརྒྱུད་ནས་གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་ད་དུང་རྒྱལ་ཚོགས་དང་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མིར་འགྲོ་སྡོད་སྤྱོད་གསུམ་དང་ཆོས་དད་དང་སྨྲ་བརྗོད་རང་དབང་། དེ་བཞིན་གཞི་རྩའི་འགྲོ་བ་མིའིཐོབ་ཐང་བཅས་སྤྲོད་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་འབྲེལ་ཡོད་མི་སྣ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་ནང་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་སྐུ་འཁོར་ནང་མི་རྣམས་སྐུ་གཟུགས་གསལ་ཐང་ཡིན་པའི་ཁུངས་སྐྱེལ་ར་འཕྲོད་གཟིགས་ཞིབ་གནང་བར་གཏོང་དགོས། ༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་རྣམ་གཉིས་མ་ཉེས་ཁག་གཡོག་བྱས་པ་ལྟར་དེ་འབྲེལ་ཉེས་མེད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་བཅས་དོན་ཚན་བཞི་ཅན་གྱི་འབོད་སྐུལ་ཞུས་འདུག ཟུར་ཚོགས་ཐོག་གཏམ་བཤད་གནང་མཁན་ཁོངས་སུ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སྲིད་བྱུས་ཚན་པའི་འགན་འཛིན་སྐུ་ཞབས་ Vicent Metten ལགས་ཡིན་ཞིང་། ཁོང་གིས་བོད་ནང་གི་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་བ་དང་འབྲེལ། རྒྱ་ནག་གཞུང་གིས་རྩ་ཁྲིམས་གཞིར་བཞག་ཐོག་གཞུང་གིས་ཐེ་བྱུས་གང་ཡང་མེད་པར་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་བཅུག་དགོས་པ་དང་དེའི་ཐོག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་སྟོན་ཡོད་པ་རེད།ཟུར་ཚོགས་དེའི་ཐོག་ཇི་ནི་ཝར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྐུ་ཚབ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིན་འཛིན་ལགས། ས་གནས་བོད་མི་བཅས་ནས་མཉམ་ཞུགས་གནང་འདུགརྩ་བའི་ཕྱི་ལོ་ ༢༠༡༩ ལོ་འདི་ནི་རྒྱ་ནག་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ནས་མི་ལོ་ ༢༤ འཁོར་བ་དང་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་ཁྲིམས་ཡིག་གཏན་འབེབས་གནང་སྟེ་མི་ལོ་ ༣༠ འཁོར་བའི་དུས་ཚིགས་ཁེལ་གྱི་ཡོད་པ་རེད།གྲྭ་བློ་བཟང་རྡོ་རྗེ་ལགས་ཀྱིས་རྒྱལ་ཚོགས་འཚོགས་བཞིན་པ་དང་བསྟུན་ད་བར་བཀྲིས་ལྷུན་པོ་དགོན་གྱི་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལྟེ་གནས་ཁང་གིས་ལོ་ཤས་ནང་འཛམ་གླིང་ས་ཕྱོགས་གང་སར་མང་ཚོགས་ཁྲོད་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་བའི་མཚན་རྟགས་བསྡུ་རུབ་གནང་བའི་དེབ་གྲང་གཉིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Michelle Bachelet མཆོག་གི་མཚན་ཐོག་ཏུ་ཕུལ་བ་དང་ཆབས་ཅིག་ཏུ་དོན་ཚན་བཞི་ཅན་ཡོད་པའི་འབོད་སྐུལ་ཞུ་སྙན་ཞིག་ཀྱང་ཕུལ་ཡོད་པ་རེད།

རྒྱ་ནག་གིས་ཡུལ་སྐོར་བའི་ཁ་པར་དུ་གསང་མྱུལ་གྱི་མཉེན་ཆས་ལྡུག་བཞིན་པ།

རྒྱ་ནག་གིས་ཤིན་ཅང་གི་ནུབ་རྒྱུད་ཁག་གི་ས་མཚམས་སུ་ཡུལ་སྐོར་སྤྲོ་འཆམ་པ་དག་གི་ཁ་པར་དུ་གསང་བའི་མྱུལ་ཞིབ་ཀྱི་མཉེན་ཆས་ཤིག་བཙན་གྱིས་ཕབ་ལེན་བྱེད་དུ་འཇུག་བཞིན་པ་དང་། ཁ་པར་གྱི་མཉེན་ཆས་དེས་མི་སྒེར་གྱི་ཡིག་ངག་གཉིས་ཀྱི་འབྲེལ་བ་དང་ཁ་ཆེ་མི་རིགས་དང་འབྲེལ་བའི་ཡིག་ཆ་དང་གཞས་སོགས་ཡོད་ཚད་སྲིད་གཞུང་གིས་ཞིབ་བཤེར་བྱེད་སླ་ཕྱིར་དམ་དྲག་རང་བཞིན་གྱི་གསང་མྱུལ་བྱེད་བཞིན་འདུག དེ་རིང་  The Guardian གསར་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་ནག་སྲིད་གཞུང་གིས་ཁ་ཆེ་མི་རིགས་འདུས་སྡོད་ཀྱི་ཤིན་ཅང་ས་ཁུལ་དུ་དམ་དྲག་བྱེད་ཤུགས་ཆེར་བཏང་སྟེ་ཕྱི་ནང་གི་ས་མཚམས་བརྒལ་མཁན་དག་གི་ཁ་པར་དུ་ 蜂采 ཧྥན་ཚཱེ་ཞེས་པའི་གསང་མྱུལ་གྱི་མཉེན་ཆས་ཕབ་ལེན་བྱེད་དུ་འཇུག་བཞིན་པ་མ་ཟད། ས་ཁུལ་དེའི་གཞུང་ལམ་དང་ལྷ་ཁང་སོགས་སུ་མི་སྒེར་གྱི་གདོང་རིས་ངོས་འཛིན་ཐུབ་པའི་གསང་མིག་གི་པར་ཆས་སོགས་འཛུགས་བཞིན་ཡོད་པ་མངོན་གསལ་གནང་འདུགGuardian གསར་ཁང་དང་རྒྱལ་སྤྱིའི་ཚོགས་ཁག་རྣམས་ཀྱིས་མཉམ་འབྲེལ་གྱིས་ཞིབ་འཇུག་བྱས་པ་ལྟར་ན། ཤིན་ཅང་དང་ཐག་ཉེ་བའི་ཀཱ་ཛ་ཀིའི་མི་མང་རྒྱལ་མཚམས་བརྒལ་ནས་ཤིན་ཅང་གི་ས་ཁུལ་དུ་ཆེད་སྐྱོད་བྱས་ཚེ་རྒྱ་ནག་སྲིད་གཞུང་གིས་གསང་བའི་སྒོ་ནས་འགྲུལ་སྐྱོད་པ་དེ་དག་གི་ཁ་པར་ནང་དུ་མྱུལ་ཞིབ་ཀྱི་མཉེན་ཆས་ཤིག་ཡར་འཇུག་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་བཞིན། མཉེན་ཆས་དེ་དག་གིས་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་གྱི་བྱ་སྤྱོད་དག་སྲིད་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ར་འཕྲོད་བྱུང་འདུག དེ་བཞིན་འཇར་མན་གྱི་གསར་ཁང་ཞིག་དང་ཨ་རིའི་དུས་བབ་གསར་ཁང་གཉིས་ཀྱིས་ཀྱང་གནས་ཚུལ་དེར་ཞིབ་འཇུག་བྱས་པའི་གྲུབ་དོན་དུ་ཤིན་ཅང་གི་ནུབ་རྒྱུད་ཀྱི་ས་མཚམས་ Irkeshtam  བརྒྱུད་ནས་རྒྱལ་ནང་བསླེབ་མཁན་ཚོར་རྒྱ་ནག་སྲིད་གཞིག་གི་ཉེན་སྲུང་བས་ཉིན་རྟག་ཁ་པར་ལ་ཞིབ་བཤེར་ནན་མོ་བྱེད་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་བཞིན་གྷ་ཌཎ་དང་དྲྭ་རྒྱའི་བདེ་འཇགས་ཆེད་མཁས་པས་ཞིབ་དཔྱད་གནང་བར་རྒྱ་ནག་འཕྲུལ་ལས་བཟོ་གྲྭས་གསར་བཟོ་བྱས་པའི་གསང་བའི་མྱུལ་ཞིབ་ཀྱི་མ་ལག་དེའི་ནང་སྲིད་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་ར་འཕྲོད་བྱུང་བའི་ཁྲོད་ཁ་ཆེའི་དྲག་སྤྱོད་དང་འབྲེལ་བའི་རིགས། ཁ་ཆེའི་སྨྱུང་གནས་དུས་སྟོན། ལྷག་དོན་༸གོང་ས་མཆོག་གི་ཕྱག་དེབ་ཁག་ཀྱང་བཀག་སྡོམ་བྱས་ཡོད་པ་བརྗོད་འདུག གྷ་ཌཎ་གསར་ཁང་གིས་ཤིན་ཅང་ས་ཁུལ་དུ་འགྲོ་སྐྱོད་བྱེད་མྱོང་ཡོད་པའི་མི་མང་པོ་ཞིག་ལ་བཅར་འདྲི་བྱས་པར་མང་ཆེ་བས་ཤིན་ཅང་ས་ཁུལ་དུ་ཞིབ་བཤེར་གྱི་འགག་སྒོ་མང་པོ་བརྒྱུད་དགོས་པ་མ་ཟད། མི་སྒེར་གྱི་ཁ་པར་ཡང་ཉེན་སྲུང་བར་སྤྲོད་དགོས་པའི་དྲིས་ལན་གཅིག་གྱུར་བྱུང་ཡོད་པ་ལྟར་མི་ལ་ལས་ཤིན་ཅང་གི་ས་ཁུལ་དུ་ཞིབ་བཤེར་བྱེད་སྟངས་དེ་ནི་ཁྲིམས་དང་མི་མཐུན་པ་མ་ཟད། ས་གནས་དེར་དར་ཁྱབ་ཆེ་བའི་རྩུབ་སྤྱོད་རང་བཞིན་ལྡན་པ་ཞིག་རེད་ཅེས་བཤད་འདུགདེ་བཞིན་འགྲོ་བ་མིའི་ལྟ་ཞིབ་ཁང་གི་རྒྱ་ནག་གི་ཞིབ་འཇུག་པ་རྒན་པ་མཱ་ཡཱ་ཝང་གིས་གསར་ཁང་ལ་རྒྱ་ནག་ནང་གི་དེང་རབས་ཀྱི་མཉེན་ཆས་དེ་དག་གིས་མི་སྒེར་གྱི་ཁ་པར་ནང་གི་གནས་ཚུལ་ཡོད་ཚོད་འཚོལ་བསྡུ་བྱེད་ཐུབ་པ་མ་ཟད། སྔོན་ཆད་ཁ་པར་ནས་ནག་བསུབ་ཟིན་པའི་ཡིག་ཆ་དང་བརྙན་པར་སོགས་ཀྱང་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་ཀྱིས་དམིགས་བསལ་གྱི་ཤིན་ཅང་ཁུལ་གྱི་ཏུར་ཀིའི་ས་ཁུལ་གྱི་མི་མང་ནི་རྒྱ་ནག་གི་གསང་མྱུལ་ཞིབ་བཤེར་གྱི་དམིགས་འབེན་གཙོ་བོར་ཁེལ་ཡོད་པའི་ས་ཁུལ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག རྩ་བའི་ཤིན་ཅང་ས་ཁུལ་དུ་ལོ་རེར་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་བརྒྱ་ཙམ་ཡོང་གི་ཡོད་པ་ལྟར། མང་ཆེ་བ་ཤིན་ཅང་གི་ནུབ་རྒྱུད་ཀྱི་ས་ཚིགས་དེ་བརྒྱུད་ནས་ཡོང་གི་ཡོད་པ་རེད། ད་ཆ་རྒྱ་ནག་གིས་ཤིན་ཅང་ས་ཁུལ་ནང་མྱུལ་ཞིབ་ཀྱི་བརྙན་མིག་གི་པར་ཆས་མང་དུ་གསར་འཛུགས་བྱས་ཡོད་པ་མ་ཟད། མི་སྒེར་གྱི་ཁ་པར་དུའང་ཡིག་ངག་གཉིས་ཀྱི་གསང་བ་ཞིབ་བཤེར་བྱེད་ཐུབ་པའི་མཉེན་ཆས་ཤིག་ཁ་པར་དུ་ཕབ་ལེན་བྱེད་དུ་འཇུག་བཞིན་པ་ལྟར་འདི་ལོ་ནས་བོད་ནང་རྒྱ་ནག་གིས་ནག་སེལ་གཤེད་བཅོམ་ཟེར་བའི་སྲིད་བྱུས་ལག་བསྟར་གྱིས་བོད་དུ་སྐད་འཕྲིན་གྱི་ཚོགས་པ་སོ་སོའི་ཚོགས་གཙོ་ལ་ཉེན་བརྡ་བཏང་སྟེ། རྒྱ་ཁབ་ཀྱི་བདེ་འཇགས་ལ་གནོན་པའི་བྱེད་ལས་ཡོངས་རྫོགས་མཚམས་འཇོག་དགོས་པའི་བཀའ་ཆད་བཏང་ཡོད་པ་རེད། དེ་བཞིན་དེ་རིང་རཱོ་ཊར་གསར་ཁང་གིས་ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་གི་ཐོག་ཨིན་ཡུལ་དང་འཇར་མ་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གིས་ཡུ་གུར་མི་མང་ས་ཡ་གཅིག་ཙམ་བཀག་སྐྱིལ་ཁང་དུ་བཙོན་འཇུག་བྱས་ཡོད་པར་སྐྱོན་བརྗོད་གནང་སྟེ་རྒྱ་ནག་གིས་ཁ་ཆེའི་མི་མང་གི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་མངོན་གསལ་གནང་ཡོད་ཀྱང་། རྒྱ་ནག་གིས་དེ་ནི་རྒྱ་ནག་རང་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པར་བརྟེན་ཨིན་ཡུལ་དང་འཇར་མན་རྒྱལ་ཁབ་ཀྱིས་གནས་ཚུལ་དེར་ཐེ་གཏོགས་བྱེད་པའི་ཐོབ་ཐང་མེད་ལུགས་ཀྱི་བརྡ་ལན་སྤྲད་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ཉེན་རྟོག་པའི་སྣུམ་འཁོར་འགྲེམས་འཇོག་གིས་དམ་དྲག་སྔར་ལྷག་བྱེད་བཞིན་པ།

བོད་ཀྱི་རྒྱལ་ས་ལྷ་སའི་བཞི་མདོ་ཁག་ཏུ་ལྟ་སྲུང་བྱེད་མཁན་ཉེན་རྟོག་པའི་འདུག་སྡོད་རེར་སྣུམ་འཁོར་རེར་འགྲེམས་འཇོག་གིས་དམ་དྲག་སྔར་ལྷག་བྱེད་བཞིན་པ་རེད་འདུག ཉེ་ལམ་ཉི་ཧོང་གི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ཁྲན་ཏུ་གྲོང་ཁྱེར་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་དགོང་མོ་ཚོུད་ ༧ པ་ཡོལ་ཙམ་ལ་རྒྱ་ནག་གི་དམག་མི་གནམ་གྲུ་མང་པོ་ཞིག་འཕུར་བ་མཐོང་ཡོད་སྐོར་སྤྱི་ཚོགས་དྲྭ་ལམ་ནང་བཀོད་པ་དང་སྦྲགས། ཁོང་གིས་ད་ཆ་ཧོང་ཀོང་ནང་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་རྐྱེན་པས་ངོ་རྒོལ་ཤུགས་ཆེ་བྱུང་བའི་ཁྲོད་དེའི་ཤུགས་རྐྱེན་བོད་ནང་དུ་བྱུང་སྲིད་པ་དང་རྒྱ་གཞུང་གིས་དེ་འབྲེལ་དམ་དྲག་བྱེད་སྲིད་པར་ཚོད་དཔག་གནང་འདུག རླུང་འཕྲིན་ཁང་གི་རྒྱ་ཡིག་ཚན་པའི་ལས་བྱེད་ཟུར་པ་བསྟན་འཛིན་ཕན་ཐོགས་ལགས་སུ་བོད་ནས་དེ་འབྲེལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ཚེ་ད་ཆ་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་བཞི་མདོ་ཁག་ཏུ་ཡོད་པའི་ཉེན་རྟོག་པ་འདུག་སྡོད་རེར་སྣུན་འཁོར་རེར་འགྲེམས་འཇོག་དང་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་པ་གསུངས་ཡོད་པ་དང་། དེ་བཞིན་གནས་ཚུལ་མཁོ་སྤྲོད་པས་ཁོང་ལ་ཉེ་ལམ་རྒྱ་གཞུང་གིས་བོད་ནང་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་རྒྱ་གཞུང་གིས་ས་ཁུལ་སོ་སོར་མི་འཛིན་བཟུང་བྱེད་དགོས་པའི་བརྒྱ་ཆ་གཏན་འབེབས་ཀྱིས་འདས་པའི་ཟླ་བ་བཞི་ཙམ་ནང་ལྷ་ས་དང་ལྷོ་ཁ་ཁུལ་ནས་ཁབ་གཙགས་བརྒྱབ་མཁན་གཙོས་བོད་མི་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་ངོ་སྤྲོད་གནང་འདུག  གཞི་རྩའི་ཧོང་ཀོང་ནས་རྒྱ་ནག་སྐམ་ས་ཆེན་པོ་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་བཞག་རྒྱུའི་ཐད་ཧོང་ཀོང་མང་ཚོགས་ནས་ངོ་རྒོལ་གནང་མུས་དང་ཟླ་བ་ ༧ ཚེས་ ༡ ཉིན་ཨིན་ཇིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་འཁོར་དུས་དྲན་ཐེངས་ ༢༢ པ་འཁེལ་བ་དང་བསྟུན། ཧོང་ཀོང་མང་ཚོགས་སྟོང་ཕྲག་བརྒལ་བ་ནས་ཁྲིམས་འཆར་དེར་ངོ་རྒོལ་དང་།  ཡང་ཁག་གཅིག་ནས་དེ་གའི་གྲོས་ཚོགས་ལ་བཙན་རྒོལ་དང་། དེ་བཞིན་དེ་སྔོན་ཧོང་ཀོང་ཨིན་ཇིའི་མངའ་ཁུལ་དུ་ཡོད་སྐབས་ཀྱི་དར་ཆ་འཕྱར་བ་སོགས་བྱས་ཡོད་སྟབས། ཉེན་རྟོག་པས་རྒྱལ་སྤྱིའི་ཚོགས་སྐྱིད་ཁག་གིས་སྐྱོན་བརྗོད་གནང་བར་ལྟོས་མེད་བསྐྱར་དུ་མིག་ཆུ་དུག་རླངས་སྤྱོད་རྐྱེན་འགོག་རྒོལ་བ་མི་ ༥༤ ལྷག་སྨན་ཁང་དུ་འགྲོ་དགོས་པ་བྱུང་འདུག གནད་དོན་དེ་དང་འབྲེལ་ནས་ཁ་སང་ཧོང་ཀོང་གི་སྤྱི་ཁྱབ་ཀེ་རི་ལེམ་ལགས་ཀྱིས་སྔ་དྲོ་ཚོུད་ ༤ ཐོག་གསར་འགོད་ལྷན་ཚོགས་བསྐོང་ཐོག་ཧོང་ཀོང་མང་ཚོགས་ནས་གྲོས་ཚོགས་ནང་བྱ་སྤྱོད་དེ་ལྟར་སྤེལ་བ་དེར་ཐུགས་ཕམ་དང་སྦྲགས། ཧོང་ཀོང་ནང་ཁྲིམས་ལས་གལ་ཆེ་བ་མེད་པ་དང་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་མཁན་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག འོན་ཀྱང་ཨིན་ཡུལ་གྱི་ཕྱི་འབྲེལ་དྲུང་ཆེ་ Jeremy Hunt མཆོག་གིས་རྒྱ་ནག་ནས་ཧོང་ཀོང་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཀྱི་གྲོས་མཐུན་དེར་བརྩི་འཇོག་མ་བྱས་པ་དང་། དེ་བཞིན་རྒྱ་ནག་ནས་ཧོང་ཀོང་མི་མང་གི་གྲོས་ཚོགས་ལ་བཙན་རྒོལ་བྱས་པར་བཏགས་ཏེ་ཧོང་ཀོང་གི་གཞི་རྩའི་རང་དབང་ལ་དོ་ཕོག་གཏང་ཚེ་དེའི་མཇུག་འབྲས་འཚབས་ཆེན་ཐོན་ངེས་ཡིན་པར་ཉེན་བརྡ་བཏང་འདུག རྩ་བའི་ཧོང་ཀོང་མི་མང་ནས་ཧོང་ཀོང་གཞུང་ནས་རྒྱ་ནག་དང་ལྷན་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་གཏན་འབེབས་གནང་ཚེ་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ལས་འགུལ་བ་སོགས་ཀྱི་ཚེ་སྲོག་ཉེན་འཚབས་ཆེན་པོའི་འོག་ཏུ་ལྷུང་བ་དང་། ཁྲིམས་འཆར་དེས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་དོ་ཕོག་གཏོང་བར་ཡིད་ཆེས་བྱེད་བཞིན་པ་དང་། ཁྲིམས་འཆར་དེ་ཕྱིར་འཐེན་དང་།   སྤྱི་ཁྱབ་ཀེ་རི་ལེམ་ལས་གནས་ནས་རྩ་དགོངས་ཞུ་དགོས་པ་སོགས་ཀྱི་དགོས་འདུན་ཆེད་བཏོན་གནང་ཐོག་ངོ་རྒོལ་རིམ་པ་གནང་ཡོད་པ་རེད།

ནིའུ་ཛ་ལན་ཌིའི་བོད་རིགས་གཞོན་སྐྱེས་ཤིག་རྒྱ་ནག་གི་རྐང་སྤོལ་འགྲན་སྡུར་ལ་ཞུགས་རྒྱུར་བཀག་འགོག

རྒྱ་ནག་གི་ནང་རིང་མིན་ཕྱི་ཟླ་ ༨ ཚེས་ ༡༢ ཉིན་འཚོགས་གཏན་ཁེལ་བའི་ Gothia Cup ཞེས་པའི་རྒྱལ་སྤྱིའི་གཞོན་སྐྱེས་རྐང་སྤོལ་རྩེད་འགྲན་ཐོག་ཕ་བོད་མི་ཡིན་པ་ NewZealand གྱི་ན་གཞོན་རྐང་སྤོལ་རྩེད་འགྲན་པ་ཉི་མ་ཚེ་རིང་ལགས་འགྲན་སྡུར་དེར་ཞུགས་རྒྱུར་བདམས་ཐོན་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་ལ་མཐོང་མཆན་མ་སྤྲད་པར་བཀག་འགོག་བྱེད་བཞིན་ཡོད་པ་རེད། ཁ་ཉིན་ New Zealand Herald བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་རང་ལོ་ ༡༤ ཡིན་པ་ཉི་མ་ཚེ་རིང་ལགས་དེ་སྔོན་སྒེར་གྱི་རྐང་སྤོལ་ཆེད་སྦྱོང་ལྟེ་གནས་ཁང་ཞིག་གིས་རིང་མིན་རྒྱ་ནག་ནང་འཚོགས་གཏན་ཁེལ་བའི་ Gothia Cup རྐང་སྤོལ་རྩེད་འགྲན་ཐོག་མཉམ་ཞུགས་གནང་རྒྱུར་བདམས་ཐོན་གནང་ཡོད་ནའང་། རྒྱ་གཞུང་གིས་ཁོང་ལ་མཐོང་མཆན་མ་སྤྲད་པར་འགོག་རྐྱེན་མང་དག་ཅིག་བཟོ་བཞིན་ཡོད་སྟབས་ཁོང་རྐང་སྤོལ་ཆེད་སྦྱོང་ལྟེ་གནས་ཁང་གི་རུ་ཁག་ནས་ཕྱིར་འཐེན་བྱས་ཡོད་པ་རེད་འདུགཁོང་གི་ཨ་མ་ Megan Tsering Young ལགས་ཀྱིས་བརྒྱུད་ལམ་ཁག་ལ་གནད་དོན་དེའི་སྐོར་འགྲེལ་བརྗོད་གནང་བར་རྩ་བའི་ལྟེ་གནས་ཁང་ལ་དུས་ཚོད་སོགས་ཀྱི་དཀའ་ངལ་འཕྲད་རྐྱེན་ཁོང་གི་བུ་རུ་ཁག་ནས་ཕྱིར་འཐེན་གནང་རྒྱུ་མ་གཏོགས་ཐབས་གཞན་མ་མཆིས་ཀྱང་། རྒྱ་ནག་གཞུང་ཚབ་ལས་ཁུངས་ནས་རྩེད་འགྲན་པ་གཞན་ཚང་མར་དུས་ཚོད་མ་འགྱངས་པར་མཐོང་མཆན་སྤྲད་ཡོད་པ་དང་། ཉི་མ་ཚེ་རིང་ལགས་གཅིག་པོའི་ཞུ་སྙན་དེ་རྒྱ་ནག་ཏུ་སྔོན་ནས་བཏང་ཡོད་ཀྱང་རྒྱ་ནག་གིས་ཉི་མ་ལགས་ཀྱི་པཱ་ལགས་བོད་རིགས་ཡིན་པའི་དབང་གིས་ཁོང་གི་མཐོང་མཆན་དེ་དུས་འགྱངས་བྱས་མེད་པས་དེ་ནི་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་ཞིག་ཡིན་པ་གསུངས་འདུག རྩ་བའི་དེ་སྔོན་ཉི་མ་ཚེ་རིང་ལགས་ཀྱི་ཨ་མ་ལགས་དང་ནང་མི་རྣམས་བོད་ནང་ཕེབས་སྐབས་སུ་མཐོང་མཆན་ཞུས་པར་དུས་ཚོད་མང་པོ་འགྱངས་པ་སོགས་ཀྱི་དཀའ་ངལ་འཕྲད་མྱོང་ཡོད་རྐྱེན་ཁོང་གི་ཨ་མ་ལགས་ཀྱིས་མཐོང་མཆན་སྙན་ཞུ་དེ་རྩེད་འགྲན་པ་གཞན་ལས་སྔོན་ལ་བཏང་ཡོད་ནའང་། སྙན་ཞུ་དེ་རྒྱ་ནག་ལ་གཏོང་དགོས་ཚུལ་སོགས་ཀྱི་འོག་ད་བར་དུས་ཚོད་འགྱངས་ནས་བཞག་པ་དང་། བདུན་ཕྲག་སྔོན་མར་ཁོང་ལ་ཡི་གེ་ཞིག་འབྱོར་བའི་ནང་ཉི་མ་ལགས་ཀྱིས་རྐང་སྤོལ་རྩེད་འགྲན་ལ་ཞུགས་པ་ཙམ་ལས་བྱ་བཞག་གཞན་གང་གི་ནང་དུ་ཡང་འཛུལ་ཞུགས་མི་བྱེད་པའི་ཁས་ལེན་ཡི་གེ་ཞིག་བྲིས་པ་ཡིན་ན། ཁོང་ལ་མཐོང་མཆན་སྤྲོད་རྒྱུར་བསམ་བློ་གཏོང་གི་ཡིན་ཚུལ་བརྗོད་ཡོད་པ་རེད། ཉི་མ་ལགས་ཀྱི་ཨ་མ་ལགས་ཀྱིས་རང་ལོ་བཅུ་བཞི་ཡིན་པའི་བྱིས་པ་ཞིག་གིས་བྱ་འགུལ་གང་སྤེལ་སྲིད་པ་དང་ཉེན་ཁ་གང་ཡོད་མེད་ཚོད་དཔག་གནང་དཀའ་སྐོར་གསུངས་པ་དང་འབྲེལ། ཁོང་གི་ནང་མིའི་ངོས་ནས་གནད་དོན་དེ་དྲང་ལྡན་ཞིག་མིན་པར་གཟིགས་ཀྱི་ཡོད་ཀྱང་ཁོང་གི་བུས་ཡི་གེ་དེ་བྲིས་རྒྱུ་ཡིན་པ་གསུངས་འདུགཁོང་གིས་ད་ལྟ་བོད་ནང་ཉི་མ་ཚེ་རིང་ལགས་ཀྱི་སྤུན་ཉེ་འབྲེལ་ ༡༣ ཙམ་ཡོད་པ་དེ་ལྟར་ཡང་། ཁོང་རྣམས་དང་མཇལ་འཕྲད་དང་འབྲེལ་བ་གནང་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་སྐོར་གསུངས་པ་དང་འབྲེལ། ནིའུ་ཛ་ལན་ཌིར་སྐྱེས་པའི་བོད་རིགས་རྐང་སྤོལ་རྩེ་འགྲན་པ་ཞིག་ལ་དཀའ་ངལ་དེ་ལྟར་འཕྲད་ཀྱི་ཡོད་ཚེ་བོད་ནང་གི་བོད་མི་མང་ཚོགས་རྣམས་ཀྱི་གནས་སྟངས་གང་འདྲ་ཡོད་དམ་ཞེས་དྲི་བ་ཞིག་ཀྱང་གནང་འདུག རྩ་བའི་ Gothia Cup ཞེས་པའི་རྩེད་འགྲན་དེ་ཕྱི་ལོ་ ༡༩༧༥ ལོར་ཐོག་མར་དབུ་འཛུགས་གནང་ཡོད་ཅིང་། ད་བར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༡༤༣ ཙམ་ནས་རྩེད་འགྲན་པ་ས་ཡ་གཅིག་ལྷག་ནས་དེའི་ནང་མཉམ་ཞུགས་གནང་བའི་ཁྲོད་  FIFA ཞེས་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༠༧ ལོར་རྩེ་འགྲན་དེར་འཛམ་གླིང་གཞོན་སྐྱེས་རྐང་སྤོལ་རྩེད་འགྲན་ཞེས་མཚན་གནས་ཕུལ་ཡོད་པ་རེད། འདི་ལོའི་རྩེད་འགྲན་འདི་བཞིན་རྒྱ་ནག་གི་ཁྲིན་ཡང་གྲོང་ཁྱེར་དུ་ཕྱི་ཟླ་ ༨ ཚེས་ ༡༢ ནས་ ༢༠ བར་ཉིན་གྲངས་ ༨ རིང་རྩེད་འགྲན་གནང་གི་ཡོད་པ་རེད། འོན་ཀྱང་བོད་རིགས་ཉི་མ་ཚེ་རིང་ལགས་ཀྱི་པཱ་ལགས་བོད་མི་ཡིན་པར་བརྟེན་ཁོང་ཐེངས་འདིའི་རྩེད་འགྲན་ལ་ཞུགས་ཐུབ་མི་འདུག

བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་པ།

བལ་ཡུལ་ནང་གི་ Kathmandu Post ཞེས་པའི་གསར་ཁང་གིས་ཕྱི་སྲིད་དང་འབྲེལ་བའི་ས་གནས་གསར་འགོད་པ་སྐུ་ཞབས་ Anil Giri ལགས་ཀྱིས་དེང་སྐབས་བལ་ཡུལ་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པ་གསུངས་འདུགཉེ་ཆར་ཨ་རི་རླུང་འཕྲིན་ཁང་གི་ཨིན་སྐད་དྲྭ་བའི་ཐོག་གནས་ཚུལ་སྤེལ་བར་སྐུ་ཞབས་ Anil Giri ལགས་ཀྱིས་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གསལ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཚོང་འབྲེལ་ལས་གཞིའི་ཁྲོད་དེང་སྐབས་རྒྱ་ནག་དང་བལ་ཡུལ་གཉིས་དབར་འབྲེལ་ལམ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད། བལ་ཡུལ་ཆབ་སྲིད་མི་སྣ་རྣམས་ནས་རྒྱ་ནག་དང་འབྲེལ་བའི་གནད་དོན་ཐོག་གསར་འགོད་པའི་དྲི་བར་དང་ལེན་གནང་གི་མེད་པ་མ་ཟད། ཉེ་ལམ་བལ་ཡུལ་གྱི་ Samajbadi ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Pradip Yadav ལགས་ཤར་ཡོ་རོབ་ཀྱི་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པའི་ཐོག་མཉམ་ཞུགས་གནང་བའི་རྐྱེན་གྱིས་ཁོང་ཆབ་སྲིད་ཚོགས་པའི་ལས་དོན་ནས་ཟླ་བ་དྲུག་རིང་གནས་དབྱུང་བཏང་བ་དང་། དེ་བཞིན་ཟླ་བ་སྔོན་མའི་ནང་ Rastriya Samachar Samiti ཞེས་བལ་ཡུལ་རྒྱལ་ཡོངས་གསར་ཁང་གི་ཨིན་ཇི་སྡེ་ཚན་གྱི་གསར་འགོད་པ་གསུམ་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་སྐོར་ལ་གནས་ཚུལ་སྤེལ་བར་བརྟེན་གསར་འགོད་པ་གསུམ་པོར་བལ་ཡུལ་གཞུང་གིས་འདྲི་རྩད་ནན་པོ་བྱས་ཡོད་པ་བཅས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས་ཏེ་དེང་སྐབས་བལ་ཡུལ་གཞུང་གི་ངོས་ནས་བོད་དང་རྒྱ་ནག་གི་གནད་དོན་ཐོག་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་བར་དམ་དྲག་བྱེད་བཞིན་པ་མངོན་གསལ་གནང་འདུགདེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ཨེ་ཤ་ཡ་སྡེ་ཚན་གྱི་ངེས་སྟོན་པ་སྐུ་ཞབས་ Cedric Alviani ལགས་ཀྱིས་ཀྱང་བལ་ཡུལ་གཞུང་དང་རྒྱ་ནག་གཉིས་དབར་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༥ པའི་ནང་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ཐོག་གྱན་རྒྱ་བཞག་ཐོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ནས་མགོ་འཛུགས་ཀྱིས་ ༢༠༡༨ བར་བལ་ཡུལ་གཞུང་ལ་འཛུགས་སྐྲུན་ལས་གཞི་ཆེད་ཁྱོན་ཨ་སྒོར་ས་ཡ་ ༥༥༠ ལྷག་གི་རོགས་དངུལ་སྤྲད་ཡོད་པ་ལུང་འདྲེན་དང་འབྲེལ། རོགས་སྐྱོར་དེ་ལྟར་ཐོབ་པར་ཆ་རྐྱེན་ཆེན་པོ་ཡོད་ངེས་ཡིན་སྟབས། རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་རྒྱ་ནག་དང་ཚོང་འབྲེལ་བྱེད་མཁན་རྒྱལ་ཁབ་ཁག་གི་ནང་དྲི་བ་དང་དོགས་ཟོན་ཤུགས་ཆེན་པོ་ཡོང་ངེས་ཡིན་པར་བརྟེན་འབྲེལ་ལམ་འདི་ལམ་ལྷོང་ཡོང་བར་རྒྱལ་ཁབ་དེ་དག་ནང་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་འམ་ཡང་ན་རྒྱ་གཞུང་གི་བཀོད་སྒྲིག་ལྟར་གནས་ཚུལ་སྤེལ་མཁན་བཟོ་བཞིན་པ་མངོན་གསལ་གནང་འདུགདེ་བཞིན་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ལྷོ་ཨེ་ཤ་ཡ་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Meenakshi Ganguli ལགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་འོག་རྒྱལ་ཁབ་མང་པོ་ཞིག་ནས་རྒྱ་ནག་གི་དངུལ་གྱི་རོགས་སྐྱོར་ཤུགས་ཆེན་པོ་འཐོབ་བཞིན་པའི་ཚབ་ཏུ་རང་རྒྱལ་ཁབ་ནང་རྒྱ་ནག་ལ་སྐྱོན་བརྗོད་རིགས་སྤེལ་ཚེ་བཀག་སྡོམ་བྱེད་དགོས་པའི་གནོན་ཤུགས་ཤིག་སླེབས་ཡོད་སྐོར་གསུངས་པ་དང་འབྲེལ། བལ་ཡུལ་གཞུང་ནས་ལོ་མང་ནས་ཡུལ་དེའི་ནང་བོད་མིས་ཞི་བའི་ལས་འགུལ་རིགས་སྤེལ་ཁག་ལ་དམ་དྲག་བྱེད་བཞིན་ཡོད་པ་གསུངས་འདུག འོན་ཀྱང་སྐུ་ཞབས་ Anil Giri ལགས་ཀྱིས་བལ་ཡུལ་ནང་བོད་མིར་དམ་དྲག་དེ་ལྟར་བྱས་པ་ནི་བལ་ཡུལ་མང་ཚོགས་ཀྱི་བོད་དོན་ལ་སྣང་མེད་བཞག་པ་ཞིག་མིན་པ་ལས་དེ་ནི་བལ་ཡུལ་གཞུང་ལ་རྒྱ་ནག་གིས་གནོན་ཤུགས་ཆེན་པོ་སྤྲོད་བཞིན་པའི་ཁྲོད་བལ་ཡུལ་གཞུང་གི་དམ་དྲག་བྱེད་བཞིན་ཡོད་པ་གསུངས་འདུག

ཡ་ཆེན་སྒར་ནས་ཕྱིར་ཕུད་བཏང་བའི་གྲྭ་བཙུན་ ༧༠ འཇོ་མདའ་རྫོང་གི་བཀག་ཉར་ཁང་དུ་བཅུག་འདུག

རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་ཁོངས་སུ་ཆགས་པའི་ཡ་ཆེན་ཨྱོན་བསམ་གཏན་གླིང་ཆོས་སྒར་ནང་དུ་སློབ་གཉེར་གནང་བཞིན་པའི་བོད་རང་སྐྱོང་ལྗོངས་སོགས་ཕྱི་ནས་ཡོང་བའི་གྲྭ་བཙུན་རྣམས་འདི་ལོ་ཕྱི་ཟླ་༥ པ་ནས་་ཕྱིར་ཕུད་གཏོང་པའི་ལས་གཞི་ལག་བསྟར་བྱས་པའི་ཁྲོད་འཇོ་མདའ་རྫོང་བཅུ་ཤོག་ཤང་ཁོངས་ནས་ཡིན་པའི་གྲྭ་བཙུན་བདུན་བཅུ་ཙམ་ཞིག་ཀྱང་ཉེ་ཆར་ཕྱི་ཟླ་༦ པའི་ཟླ་དཀྱིལ་ཙམ་ལ་ཕྱིར་ཕུད་བཏང་ཡོད་པ་དང་གྲྭ་བཙུན་དེ་དག་དགོན་པ་ནས་མ་བསྡད་པར་ཁ་བྲལ་ཏེ་ཕ་ཡུལ་དུ་ལོག་རྗེས་རྒྱ་ནག་གཞུང་གིིས་གྲྭ་བཙུན་རྣམས་བཙན་དབང་གིས་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་འཇོ་བདའ་རྫོང་བཀག་ཉར་ཁང་དུ་བཅུག་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད་པ་རེད་འདུག གྲྭ་བཙུན་དེ་དག་ལ་སྐྱ་ཆས་གཡོག་ཏེ་ཉིན་ལྟར་ཏཱ་ལའི་རུ་ཚོགས་ལ་དགག་པ་རྒྱག་པ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡིན་ཚུལ། སོགས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ་མ་ཟད་ཆབ་སྲིད་སློབ་གསོའི་ནང་དོན་དེ་དག་བློ་འཛིན་བྱེད་དུ་བཅུག་ཏེ་རྒྱུགས་སྤྲོད་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་པར་བཙུན་མ་དེ་དག་ཟླ་བ་གཉིས་ནས་གསུམ་བར་བཀག་ཉར་ཁང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་སྤྲད་པའི་རྗེས་རང་ཁྱིམ་དུ་ཕྱིར་སློག་བྱེད་ཀྱི་ཡོད་ཀྱང་རང་ཁྱིམ་དུ་སྡོད་པ་ལས་ཕྱོགས་ཕན་ཚུན་ལ་འགྲོ་མི་ཆོག་པ་དང་ལྷག་དོན་དགོན་པ་གང་དུ་ཡང་འགྲོ་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་པ་རེད་འདུག དེ་མིན་མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་ནས་ཡིན་པའི་གྲྭ་བཙུན་རྣམས་ལ་ཁོང་ཚོའི་རྫོང་སོ་སོའི་ངོས་ནས་གནས་ཚུལ་རིགས་མི་ལྷག་པའི་འགན་ལེན་བྱས་ཡོད་པར་བརྟེན་ད་ལྟའི་ཆར་ཕྱིར་ཕུད་བཏང་མེད་པ་བརྗོད་ཀྱི་འདུག ཡ་ཆེན་སྒར་དུ་དུས་རྒྱུན་དུ་རྒྱ་ནག་གཞུང་གིས་ལས་བྱེད་པ་༦༠༠་ཙམ་བཅའ་སྡོད་བྱས་ཡོད་པ་དེ་རྣམས་ཀྱིས་ཡ་ཆེན་སྒར་ཕྱི་ནང་ཚང་མར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག

ལམ་ལྷོངས་མ་བྱུང་བའི་རྒྱ་བལ་གཉིས་ཀྱི་ས་མཚམས་ཀྱི་མེ་འཁོར་ལྕགས་ལམ།

རྒྱ་ནག་གིས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་ཞིག་བཟོ་འཆར་ཡོད་ནའང་། ས་འགུལ་དང་མ་དངུལ་གྱི་རྐྱེན་གྱིས་ལས་གཞི་དེ་ལམ་ལྷོངས་མ་བྱུང་ནས་ཡུན་རིང་འགོར་ཡོད་པར་བརྟེན། མི་མང་གིས་ལས་གཞི་དེ་ལེགས་འགྲུབ་ཡོང་བར་སེམས་ཁྲལ་བྱེད་བཞིན་པ་རེད་འདུག དེ་རིང་བལ་ཡུལ་གསར་ཁང་ཞིག་གིས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་བལ་གཉིས་ཀྱི་ས་མཚམས། (Kodari) ཀཱོ་དཱ་རིའི་འགྲུལ་ལམ་དེ་ས་ཡོམ་གྱི་རྐྱེན་གྱིས་གཏོརབཅོམ་ཆེན་པོ་ཐེབས་ཡོད་པར་བརྟེན། རྒྱ་ནག་གིས་སྤྱི་ལོ་ ༢༠༡༥ ལོར་( Rasuwa )རཱ་སཱོ་བཱའི་འགྲུལ་ལམ་དེ་སྒོ་འབྱེད་བྱས་ཡོད་པ་དང་། ས་མཚམས་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ཁྲོད་ནས་སྐྱིད་རོང་བརྒྱུད་དེ་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་བཟོ་འཆར་གྱི་ས་ཚིགས་སུ་འཁེལ་ཡོད་པ་རེད། རྒྱ་བལ་ས་མཚམས་ཀྱི་ཉེན་རྟོག་པ་ཆཱེ་ཊི་རི་ཟེར་བ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གིས་རྒྱ་བལ་གཉིས་ཀྱི་ས་མཚམས་སུ་ཕྱི་མི་ཞིབ་བཤེར་ལས་ཁུངས་གསར་བ་ཞིག་འཛུགས་སྐྲུན་བྱས་ཡོད་ནའང་། བལ་ཡུལ་གྱི་ཕྱོགས་སུ་ད་དུང་བཟོ་ལས་འཛུགས་སྐྲུན་གྱི་རྨང་གཞི་དེ་ཧ་ཅང་སྐྱོ་བོ་ཡིན་པར་བརྗོད་དེ། བལ་ཡུལ་གྱི་ཕྱི་མི་ཞིབ་བཤེར་བ་དག་ལ་ད་དུང་དེང་རབས་ཀྱི་འཕྲུལ་ལས་རང་བཞིན་གྱི་ཞིབ་བཤེར་གྱི་ཡོ་ཆས་གཅིག་ཀྱང་མེད་པར་བརྟེན། དུས་རྒྱུན་ནས་ཕྱི་མི་རེ་རེའི་རྒྱབ་ཁུག་ཁ་ཕྱེ་རུ་བཅུག་ནས་ཞིབ་བཤེར་བྱེད་བཞིན་ཡོད་པར་མངོན་གསལ་གནང་བ་དང་སྦྲགས་ནས། རྒྱ་བལ་ས་མཚམས་ཀྱི་མེ་འཁོར་ལྕགས་ལམ་གསར་བཟོ་ཟེར་བ་དེ་ནི་རྨི་ལམ་ལྟ་བུ་ཞིག་རེད་ཅེས་བརྗོད་འདུག དེ་བཞིན་བལ་ཡུལ་གྱི་ལྷོ་ཕྱོགས་ཀྱི་པོ་ཏཱ་ལ་མགྲོན་ཁང་གི་མགྲོན་བདག་གིས་གསར་ཁང་ལ་བརྗོད་པ་ལྟར་ན། བལ་ཡུལ་དུ་ས་ཡོམ་གྱི་རྐྱེན་གྱིས་ཁྲལ་བསྡུ་ལས་ཁུངས་ཀྱི་ཁང་བརྩེགས་ལ་གཏོར་བཅོམ་ཐེབས་ཡོད་རྗེས། བཟོ་ལས་ཁང་གི་དཀའ་རྙོག་ཅིག་གི་རྐྱེན་བྱས་ཏེ་ཁྲལ་བསྡུ་ལས་ཁུངས་ལོ་གཉིས་ཀྱི་རིང་དུ་ད་དུང་བསྐྱར་བཟོ་བྱེད་མ་ཐུབ་པའི་གནས་སྟངས་ངོ་སྤྲོད་བྱས་པ་མ་ཟད། ། རང་རྒྱལ་གྱི་སྲི་ཞུ་བ་དག་ལ་ཁང་བརྩེགས་གཅིག་ཀྱང་གསར་རྒྱག་བྱེད་མི་ཐུབ་པའི་རྒྱལ་ཁབ་ཅིག་གི་ངོས་ནས། ཀྱག་ཀྱོག་ཆེ་བའི་རི་ལུང་དེར་ཕུགས་ལམ་གསར་རྒྱག་གིས་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་རྒྱུ་ཡིན་ཟེར་བ་དེ་ནི་རྨི་ལམ་ལྟ་བུ་ཞིག་རེད་ཅེས་ཟུར་ཟ་བྱས་འདུག རྩ་བའི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་ལྟར་ན། རྒྱ་ནག་གིས་བོད་ཀྱི་སྐྱིད་རོང་ས་ཁུལ་བརྒྱུད་ནས་མེ་འཁོར་ལྕགས་ལམ་འཛུགས་སྐྱུན་བྱས་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མཎ་ཊོ་བར་དུ་འབྲེལ་ལམ་མཐུད་རྒྱུ་ཡིན་པར་བརྗོད་ཡོད་ནའང་། བལ་ཡུལ་གྱི་ས་གནས་མང་ཚོགས་ཀྱིས་ལས་འཆར་དེ་ནི་རྨི་ལམ་ལྟ་བུ་ཞིག་གམ། ཡང་ན་ཤོག་བུའི་ལྕགས་ལམ་རེད་ཅེས་དོགས་སློང་བྱས་ཏེ། ལས་འཆར་དེ་ནི་དངོས་སུ་འགྲུབ་ཐུབ་པ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད་པ་རེད། དེ་བཞིན་བལ་ཡུལ་གྱི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་ཁང་གི་ཆེད་ལས་འཕྲུལ་བཟོ་བ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་ནག་གིས་སྤྱི་ལོ་ ༢༠༡༨ ལོར་རྒྱ་བལ་ས་མཚམས་སུ་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་རྒྱུར་སྔོན་འགྲོ་ཡི་ཞིབ་འཇུག་བྱས་ཡོད་པའི་གྲུབ་དོན་ལྟར་ན། རྒྱ་བལ་ས་མཚམས་སུ་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་རྒྱུ་དེ་ནི་འཛམས་གླིང་སྟེང་གི་ཆེས་དཀའ་ཚེགས་ཆེ་བའི་བཟོ་ལས་ཤིག་ཡིན་པར་ར་སྤྲོད་བྱས་ཡོད་པར་ངོ་སྤྲོད་བྱས་ཏེ། གཅིག་ནས་ས་བབ་ཀྱི་ཆ་དང་གནམ་གཤིས་ཀྱི་ཆ། དེ་བཞིན། ས་ཡོམ་གྱི་ཉེན་ཁ་སོགས་ཀྱི་ཆ་ནས་ཧ་ཅང་གི་དཀའ་ཚེགས་ཆེ་བ་ཞིག་ཡིན་པར་འཁོད་ཡོད་ནའང་། རྒྱ་ནག་གིས་སྔོན་འགྲོའི་ཞིབ་འཇུག་གི་གྲུབ་དོན་དེ་ཡོངས་གྲགས་གནང་ཡོད་པ་མ་རེད་ཅེས་བརྗོད་འདུག གཞན་ཡང་ཆེད་ལས་བ་ཞིག་གིས་བརྗོད་པ་ལར་ན། ལས་འཆར་དེའི་ཁྲོད་བལ་ཡུལ་དུ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་པར་བརྒྱ་ཆ་གོ་བརྒྱད་ལྷག་ཟམ་ཆེན་དང་ཕུགས་ལམ་ནང་བསྐྲུན་དགོས་ཡོད་པ་དང་། ལས་གཞི་དེ་རྒྱ་གར་གྱི་གླིང་ཕྲན་དང་བོད་མཐོ་སྒང་གི་གླིང་འཕྲིན་གཉིས་གཞི་གཅིག་ཏུ་འདྲིས་ནས་རི་བོ་ཧི་མ་ལ་ཡའི་མཐོ་ཚད་ཇེ་མཐོར་འགྲོ་བཞིན་པའི་ས་ཚིགས་སུ་འཁེལ་ཡོད་སྟབས། ས་མཚམས་ཀྱི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་འདི་ནི་ཧ་ཅང་གི་ཉེན་ཁ་ཆེ་བའི་ལས་གཞི་ཞིག་ཡིན་པ་མ་ཟད། འགྲོ་གྲོན་གྱི་ཆ་ནས་ཀྱང་སྔོན་རྩིས་ལས་ལྡབ་འགྱུར་གྱིས་འགྲོ་སོང་ཆེ་བ་ཡིན་པར་ངོ་སྤྲོད་བྱས་འདུག དེ་བཞིན་གསར་ཁང་གིས། བོད་ཁུལ་གྱི་སྐྱིད་རོང་ནས་བལ་ཡུལ་གྱི་རྒྱལ་ས་བར་དུ་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་པར་མ་དངུལ་གྱི་འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་༣༨ ལྷག་གི་ཚོད་རྩིས་བྱེད་ཀྱི་ཡོད་པ་དང་། དེ་ནི་བལ་ཡུལ་གྱི་ལོ་འཁོར་གཅིག་གི་ཁྲལ་བསྡུའི་ཡོང་འབབ་དང་འདྲ་མཚུངས་སུ་གྱུར་ཡོད་པར་འགྲེལ་བརྗོད་བྱས་ཏེ། ས་བབ་ཀྱི་ཆ་ནས་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ཀྱི་མེ་འཁོར་ལྕགས་ལམ་གསར་བཟོའི་སུམ་ཆ་གཅིག་ཙལ་ལས་བལ་ཡུལ་གྱི་ས་ཐོག་ཏུ་འཁེལ་གྱི་མེད་ནའང་། བལ་ཡུལ་ཕྱོགས་སུ་ས་བབ་རྩུབ་ཅིང་གནམ་གཤིས་སྐྱོ་བར་བརྟེན་འགྲོ་གྲོན་གཅིག་པ་ལྟ་བུ་ཞིག་ཡིན་པར་མངོན་གསལ་གནང་འདུག གོང་གི་ས་བབ་ཀྱི་དཀའ་ངལ་དེ་དག་ལ་མ་བལྟས་པར། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་སྐྱིད་རོང་ནས་བལ་ཡུལ་གྱི་རྒྱལ་སའི་བར་གྱི་མེ་འཁོར་ལྕགས་ལམ་གསར་བཟོ་བྱེད་རྒྱུའི་གྲོས་མཐུན་བྱུང་བར་བརྟེན། བལ་གཞུང་གིས་འཛུགས་སྐྲུན་གྱི་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་རྒྱུའི་རེ་བ་ཆེན་པོ་ཡོད་ནའང་། རྒྱ་ནག་གི་ཕྱོགས་ནས་མ་དངུལ་གྱི་རོགས་སྐྱོར་ག་ཚོད་ཅིག་སྟེར་རྒྱུ་ཡིན་མིན་ལ་ཁག་ཐེག་གཅིག་ཀྱང་མེད་པར་ལྷག་ཡོད་པ་རེད། དེ་བཞིན་འདི་ལོའི་བལ་གཞུང་གི་སྔོན་རྩིས་ཀྱི་འཆར་དངུལ་གྱི་ནང་དུ་མེ་འཁོར་ལྕགས་ལམ་གྱི་འགྲོ་གྲོན་གྱི་ཐོག་ལ་ཟུར་བཅད་གྱི་མ་དངུལ་གཅིག་ཀྱང་བཞག་མེད་པ་རེད། འོན་ཀྱང་བལ་གཞུང་གི་བཟོ་ལས་དང་འགྲིམ་འགྲུལ་གྱི་བློན་ཆེན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། སྐྱིད་རོང་ནས་བལ་ཡུལ་གྱི་རྒྱལ་སའི་བར་དུ་མེ་འཁོར་ལྕགས་ལམ་གསར་རྒྱག་བྱེད་པར་མ་དངུལ་ཨ་སྒོར་ས་ཡ་ ༣༡༣ ལྷག་གནས་ཀྱི་ཡོད་པར་བརྗོད་འདུག དེ་ལྟ་བུའི་མ་དངུལ་གྱི་འགྲོ་གྲོན་དེ་ནི་བལ་གཞུང་གི་ལོ་རྗེས་མའི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་མ་དངུལ་ལྡབ་ལྔ་ལྷག་ཆགས་ཀྱི་ཡོད་པར་འཁོད་འདུག མ་དངུལ་ཕོན་ཆེན་ཆགས་ཀྱི་ཡོད་ནའང་། བལ་གཞུང་གི་དཔལ་འབྱོར་བློན་ཆེན་གྱིས་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་ཏེ། བལ་གཞུང་གི་ངོས་ནས་མ་འོངས་བའི་ལོ་གཉིས་ཀྱི་ནང་ཚུད་དུ་སྐྱིད་རོང་ནས་བལ་ཡུལ་གྱི་རྒྱལ་སའི་བར་གྱི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་འགྲོ་གྲོན་གྱི་སྙན་ཐོ་དང་ལས་གཞི་འགོ་འཛུགས་ཀྱི་ཉིན་མོ་བཅས་གསལ་བསྒྲགས་བྱེད་རྒྱུ་ཡིན་ཚུལ་ཡོངས་གྲགས་གནང་འདུག གསར་ཁང་གིས། གལ་ཏེ། མེ་འཁོར་ལྕགས་ལམ་གྱི་བཟོ་ལས་འཛུགས་སྐྲུན་དེ་དངོས་སུ་འགོ་འཛུགས་ཞུས་པ་ཡིན་ན། རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཐེབས་རྒྱུ་ཡིན་པར་སྐོར་ནས་གནས་ཚུལ་སྤེལ་ཏེ། གཅིག་ནས་རྒྱལ་ཡོངས་ཀྱི་སྤྱི་གླིང་གཉིས་དང་། དེ་བཞིན་ལང་ཐང་གི་ས་ཁུལ་གྱི་དོམ་ཁྲ་དང་གངས་གཟིག དེ་བཞིན་བལ་ཡུལ་གྱི་ཞཱི་བཱ་པུ་རཱིའི་(Shivapuir )ས་ཁུལ་དུ་རྟེན་གཞི་བྱས་པའི་བྱ་རིགས་སུམ་བརྒྱ་ལྷག་ལ་གནོད་སྐྱོན་ཐེབས་རྒྱུ་ཡིན་པར་བརྗོད་ཡོད་པ་མ་ཟད། མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་འདིར་དཔལ་འབྱོར་དང་ཆབ་སྲིད་སྐོར་ནས་གླེང་སློང་བྱེད་མཁན་ཡོད་པ་མ་གཏོགས། ཁོར་ཡུག་གི་གནད་དོན་གྱི་སྐོར་དེ་ད་དུང་ཐག་རིང་ན་ལྷག་ཡོད་པར་མངོན་གསལ་གནང་འདུག

Latest news