Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཚོགས་ཆུང་གི་ལས་ཁུངས་མདུན་དུ་ངོ་རྒོལ།

རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་རྩོད་ལེན་གནང་མཁན་ཚོགས་སྒེར་ཁག་གིས་འཚོགས་ལ་ཉེ་བའི་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་གྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་ནས་སྤེལ་བཞིན་པའི་ཁྲོད་ཁ་སང་ཕྱི་ཚེས་ ༣ ཉིན་སུད་སི་གྲོང་ཁྱེར་ Lausanneདུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་བོད་མི་ལས་འགུལ་བ་ཚོས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་བྱ་སྤྱོད་དང་བོད་ནང་གི་བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པར་དུ་ངོས་འཛིན་གནང་སྟེ་འཚོགས་ལ་ཉེ་བའི་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་ཚོགས་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་པ་དང། རྩེད་འགྲན་དེར་ད་བར་རྒྱ་ནག་གཞུང་ལ་དཔལ་འབྱོར་དང་ཆེད་ལས་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་འབྲེལ་ཡོད་རྒྱལ་སྤྱིའི་གཞུང་སྒེར་ཚོགས་ཁག་གི་ངོས་ནས་རྒྱབ་སྐྱོར་གནང་རྒྱུ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག སྤྱིར་དེ་སྔ་ ༢༠༠༨ རྒྱ་ནག་གི་པེ་ཅིང་ཨོ་རྩེད་འགྲན་ཚོགས་སྔ་རྗེས་སུ་ཚོགས་སྐབས་སུའང་བོད་མི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་ཁག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་ལ་ངོ་རྒོལ་ཤུགས་ཆེ་གནང་ཡོད་པར་མ་ཟད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་མངའ་འོག་ཏུ་ཡོད་པའི་བོད་དང་དེ་མིན་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ལྟར་ཡང། དོན་དངོས་ཐོག་ ༢༠༠༨ རྗེས་ནས་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་ཕྱོགས་ཡོངས་ནས་དམ་དྲག་ཆེས་ཆེར་བྱས་པར་བརྟེན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཕྱིན་ཡོད་སྟབས་ད་བར་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་བྱུང་ཡོད་པ་རེད།  ཕྱི་ལོ་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་ཡང་རྒྱ་ནག་ཏུ་འཚོགས་གཏན་འཁེལ་ཟིན་པ་རེད། ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ལས་འགུལ་བ་རྣམས་ཀྱིས་ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་ནག་ཏུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩེད་འཚོགས་རྒྱུར་ལོ་གཅིག་ལྷག་ཡོད་པའི་དུས་སྐབས་དང་བསྟུན་སུད་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་བོད་མི་ལས་འགུལ་བ་ཚོས་བོད་རང་དབང་ཞེས་འཁོད་པའི་སྟོད་གོས་གྱོན་པ་དང་ལག་ཏུ་བོད་ཀྱི་རྒྱལ་དར་དང་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་ཚོགས་ལ་ཟུར་ས་དང་སྐྱོན་བརྗོད་མཚོན་པའི་ཕྲེད་དར་འཁྱེར་ནས་མི་གསོད་ཁྲག་སྦྱོར་དང་འབྲེལ་བའི་རྩེད་འགྲན་དེ་རྒྱ་ནག་ཏུ་གནང་རྒྱུ་མེད་པ་དང་། ངོ་ཚ་ཁྲེལ་གཞུང་མེད་པའི་ཨོ་ རྩེད་ཚོགས་ཆུང། ཨོ་རྩེད་འགྲན་ཚོགས་ཆུང་གཉིད་ལས་སད་ཤོག དེ་བཞིན་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་འོག་རྒྱ་དམར་ཤོག་གཞུང་ལ་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་ངོ་རྒལ་སྐད་འབོད་གནང་འདུག དེ་བཞིན་ལས་འགུལ་བ་རྣམས་ཀྱིས་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་མདུན་དུ་རྒྱལ་སྤྱིའི་ཨོ་ལིམ་སྤིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་རིགས་སྡེབ་གསོད་བྱེད་མཁན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བྱ་སྤྱོད་ལ་རྒྱབ་སྐྱོར་གྱིས་ལག་འབྲེལ་ཡོད་པའི་ཟུར་ཟའི་གཏམ་བརྗོད་བརྒྱུད་རིང་མིན་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་རྩེད་འགྲན་ཚོགས་དེ་མི་རིགས་སྡེབ་གསོད་ཀྱི་འགྲན་ཚོགས་ཤིག་ཡིན་པར་མཚོན་ཐབས་གནང་ཡོད་པ་རེད།རྩ་བའི་ ༢༠༢༢ ལོའི་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་སྤིང་རྩེད་འགྲན་ཆེན་མོར་བོད་མི་རྣམས་ཀྱིས་སྣེ་ཁྲིད་དེ་ཤར་ཏུ་ཀི་སི་ཐན་དང་ནང་སོག ཐེ་ཝན། ཧོང་ཀོང་སོགས་ཀྱི་མང་ཚོགས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ ༡༨༠ ལྷག་མཉམ་རུབ་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་སྐྱོན་བརྗོད་ཀྱིས་རྒྱལ་སྤྱིའི་ཨོ་ལམ་སྤིག་རྩེད་འགྲན་ཚོགས་ཆུང་ལ་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་སྐོང་གནང་རྒྱུའི་ཐོབ་ཐང་གནང་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ཀྱང་། ད་བར་དུ་ཨོ་རྩེད་འགྲན་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་དུ་ཨོ་རྩེད་འགྲན་ཚོགས་འཚོགས་གཏན་ཁེལ་བ་དེ་ཕྱིར་བཤོལ་བྱས་མེད་སྟབས། ད་ལྟའི་ཆར་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་རྩེད་འགྲན་པ་རྣམ་པར་ཞུ་སྐུལ་གནང་སྟེ་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་རྩེད་འགྲན་དེར་འཛུལ་ཞུགས་མི་གནང་བར་ངོ་རྒོལ་གནང་དགོས་བའི་གཞེན་སྐུལ་གནང་བཞིན་ཡོད་པ་རེད།

པེ་ཅིན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུལ་ཞུགས་བྱ་རྒྱུ་མེད་པའི་རེ་འབོད།

ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་གི་དགུན་དུས་ཨོ་ལམ་སྤིག་རྩེད་འགྲན་འཚོགས་པར་ལོ་གཅིག་ཏག་ཏག་ལྷག་ཡོད་པའི་དུས་སྐབས་དང་བསྟུན། དེ་རིང་བོད་མི་དང་ནང་སོག ཡུ་གུར། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་ ༡༨༠ ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སང་ལོའི་དགུན་དུས་འགྲན་ཚོགས་དེར་ཞུགས་རྒྱུ་མེད་པའི་ཞུ་འབོད་གནང་བཞིན་པའི་ཁྲོད།་དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག  བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་གོ་སྒྲིག་གི་འོག  རྒྱ་ནག་གི་ནང་གི་སང་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུལ་ཞུགས་མི་བྱེད་རྒྱུའི་རེ་ཞུ་རང་བཞིན་གྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བ་མ་ཟད། མེག་གྷན་བཞི་མདོ་རུ་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རྟགས་ཀྱི་སྟེང་དུ་མི་རོ་བཀལ་ནས་ཡོད་པའི་འདྲ་གཟུགས་བཤམ་སྟོན་གྱིས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།   དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་དེའི་སྐབས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས།  ད་ལྟའི་རྒྱ་ནག་དམར་ཤོག་གི་སྲིད་གཞུང་གི་གདུག་རྩུབ་འོག་ཏུ། བོད་དང་ཡུ་གུར་མི་རིགས། དེ་བཞིན་ལྷོ་ནང་སོག་སོགས་ཀྱི་གྲངས་ཉུང་མི་རིགས་རྣམས་ཀྱི་གཙོ་བྱས་པའི་ཐེ་ཝན་དང་ཧོང་ཀོང་སོགས་ཡོངས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཐེབས་ཀྱི་ཡོད་སྟབས།  དེ་རིང་གི་གསར་འགོད་བསྒྲགས་གཏམ་གྱི་ལས་འགུལ་དེ་བརྒྱུད་ནས་རྒྱ་ནག་དང་ཨོ་རྩལ་མཐུན་ཚོགས་གཉིས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚོགས་སྡེ་ཡོངས་དང་། སྒོས་སུ་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་བྱེད་མཁན་གྱི་རྩེད་འགྲན་པ་ཡོངས་ལ་རེ་ཞུ་བྱས་ཏེ། རྒྱ་ནག་ནང་གི་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་གནང་སོང་།དེ་བཞིན་སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་ཀྱིས་དེ་རིང་གི་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱང་གནང་པའི་ནང་དུ།  རྒྱལ་སྤྱིའི་ཨོ་རྩལ་མཐུན་ཚོགས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་ལྟོས་མེད་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་འཚོགས་རྒྱུར་ཐག་གཅོད་བྱས་པ་ནི་ཨོ་རྩལ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གི་བཙན་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་རྩ་གཏོར་དང་མི་མང་སྡེབ་གསོད་ཀྱི་བྱ་སྤྱོད་ལ་བསམ་ཤེས་མ་བྱས་པ་ཞིག་དང་། བཙན་གནོན་གྱི་རྒྱ་ནག་དམར་པོའི་རྒྱལ་ཁབ་སྲིད་གཞུང་དེ་ཁྲིམས་མཐུན་ཡིན་པར་ངོས་འཛིན་བྱས་པའི་གནས་བབ་ཅིག་ཡིིན་སྐོར་གསུངས་སོང་།འདི་གའི་གསར་འགོད་པས་སྐབས་དེར་རྒྱ་ནག་གི་སང་ལོའི་དགུན་དུས་ཀྱི་་ཨོ་རྩལ་འགྲན་ཚོགས་དེར་བོད་མིའི་གཙོ་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་བརྒྱ་དང་བརྒྱད་ཅུ་ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་ད་བར་ལས་འགུལ་རབས་དང་རིམ་པ་སྤེལ་བར་གྲུབ་འབྲས་ག་རེ་ཐོན་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་འགན་འཛིན།  བོད་མི་མང་སྤྱི་འཐུས་ལས་ཐོག་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐོག་མའི་དམིགས་ཡུལ་ལྟར་ན་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་བའི་ཐོག་ནས་ལས་འགུལ་ཤུགས་ཆེར་སྤེལ་བ་ལྟར་རྒྱ་ནག་སྲིད་གཞུང་དང་ཨོ་རྩལ་མཐུན་ཚོགས་གཉིས་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་པ་མངོན་གསལ་བྱུང་ཡོད་པར་ལུང་འདྲེན་དང་སྦྲགས། ཨོ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོའི་ངོས་ནས་དངོས་སུ་ཨོ་རྩལ་མཐུན་ཚོགས་འདིར་ངོ་རྒོལ་སྤེལ་ན་ཡག་པོ་མེད་ལུགས་ཀྱི་རྩོམ་ཡིག་བྲིས་ཡོད་པ་མ་ཟད། ཨ་རི་དང་དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ་རྒྱ་ནག་ཏུ་བསྡུ་རྒྱུའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་བྱེད་དགོས་བའི་གྲོས་འཆར་ཡང་བཏོན་ཡོད་པར་གསུངས་སོང་།གསར་འགོད་ལྷན་ཚོགས་རྗེས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་མེག་གྷན་བཞི་མདོ་རུ་ཨོ་རྩལ་འགྲན་ཚོགས་ཀྱི་ལས་རྟགས་མཚོན་པའི་ཨ་ལོང་རེ་རེའི་ཐོག་བོད་མི་དང་ཡུ་གུར། ནང་སོག ཧོང་ཀོང་། དེ་བཞིན་ཐའེ་ཝན་སོགས་ཀྱི་མི་རོ་རྣམ་པ་བཀལ་བའི་ཁྲོད། ཨོ་ལིམ་སྤིག་རྩེད་འགྲན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་རྒྱ་ནག་གི་སྲིད་འཛིན་གཉིས་ལག་པར་མདར་རྟགས་སྐྱོན་ཏེ། རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་དེ་མི་མང་སྡེབ་གསོད་ཀྱི་འགྲན་ཚོགས་ཡིན་པའི་སྦྱར་ཡིག་འགྲེམས་སྟོན་གྱིས་རྒྱ་ནག་ཏུ་འཚོགས་རྒྱུའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་གནང་སོང་། གཞི་རྩའི་རྒྱ་ནག་གི་ནང་དུ་སང་ལོའི་དགུན་དུས་སུ་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་ཐག་གཅོད་དེར། བོད་མི་རྣམས་ཀྱི་སྣེ་ཁྲིད་པའི་ཐོག  ཡུ་གུར་ཁ་ཆེ་མི་རིགས་དང་ནང་སོག་མི་རིགས། དེ་བཞིན་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་༡༨༠ ལྷག་གིས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་ཏེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ཏུ་འགྲན་ཚོགས་དེ་བསྡུ་རྒྱུའི་ཐོབ་ཐང་སྤྲོད་ཐབས་མེད་པའི་ལས་འགུལ་སྣ་མང་སྤེལ་ཡོད་ནའང་། ད་ལྟའི་བར་དུ་ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱ་ནག་ནག་གི་སང་ལོའི་ཨོ་རྩལ་དེ་ཕྱིར་བསྡུ་བྱས་མེད་སྟབས།  ད་ཆ་ལས་འགུལ་གྱི་ཁ་ཕྱོགས་ལ་འགྱུར་བ་བཏང་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། རྩེད་འགྲན་པ་རྣམས་པར་ཞུ་སྐུལ་གྱིས་རྒྱ་ནག་ནང་གི་ལས་འགུལ་དེར་འཛུལ་ཞུགས་མི་བྱེད་པར་ངོ་རྒོལ་བྱེད་དགོས་བའི་ཞུ་སྐུལ་གནང་བཞིན་པ་རེད་འདུག

བོད་དང་ཧོང་ཀོང་སོགས་ཀྱི་ནང་སྲིད་ལ་ཐེ་བྱུས་གནང་དབང་མེད་པའི་ཉེན་བརྡ།

རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངེས་སྟོན་པ་ Yang Jiechi ཡིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་གཞུང་འཛིན་གསར་པར་བོད་དང་ཧོང་ཀོང་སོགས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་རྒྱུ་མེད་པའི་ཉེན་བརྡ་བཏང་འདུགཁ་ཉིན་ཚེས་ ༡ ཉིན་ཨ་རིའི་ New York གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ National Committee on US China Relations ཞེས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཚོགས་ཆུང་གིས་གོ་སྒྲིག་འོག་དྲ་ཐོག་གླེང་མོལ་སྟེང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་མཐོ་གྲས་དང་དམར་ཤོག་ཚོགས་པའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ངེས་སྟོན་པ་ Yang Jiechi ཡིས་སྐུ་ཞབས་ Doland Trump མཆོག་གི་གཞུང་འཛིན་འོག་ཨ་རིས་རྒྱ་ནག་ཐོག་སྲིད་བྱུས་ལོག་པ་འཛིན་པའི་རྐྱེན་གྱིས་རྒྱལ་ཁབ་ཕྱོགས་གཉིས་དབར་འབྲེལ་ལམ་ཐོག་མ་དབུ་འཛུགས་གནང་བ་ནས་ད་བར་གྱི་གནས་སྟངས་ཆེས་སྡུག་ཤོས་སུ་གྱུར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གི་ངོས་ནས་ད་དུང་ཡང་ཞི་བདེ་དང་འཛུགས་སྐྲུན་ལ་ཡིད་ཆེས་བྱེད་བཞིན་པའི་ཁྲོད་ཞི་བདེ་མཉམ་གནས་གནང་རྒྱུ་དེས་ཕྱོགས་ཚང་མར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ལྟར་ཚང་མས་དེ་དེ་བཞིན་འདོད་པར་ངོས་འཛིན་གྱི་ཡོད་སྐོར་བརྗོད་པ་དེ་ལྟར་ཡང་། ཨ་རི་གཞུང་གི་ངོས་ནས་བོད་དང་ཤིན་ཅང་། ཧོང་ཀོང་བཅས་རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་དབང་མེད་པ་ལྟར་དེ་ལྟར་གནང་མཚམས་འཇོག་དགོས་པ་དང་། ཅི་སྟེ་མཚམས་འཇོག་མ་གནང་ཚེ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་གནོད་གཞིར་འགྱུར་ངེས་ཡིན་པའི་ཉེན་བརྡ་བཏང་འདུགརྩ་བའི་སྲིད་འཛིན་ Trump མཆོག་གི་གཞུང་འཛིན་འོག་ཨ་རི་ངོས་ནས་རྒྱ་ནག་ལ་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་། བོད་དང་ཧོང་ཀོང་། དེ་བཞིན་ཐེ་ཝན་དང་ཤིན་ཅང་བཅས་ཀྱི་གནད་དོན་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་ནས་བོད་དང་ཧོང་ཀོང་གི་གནད་དོན་ཐོག་རྒྱབ་སྐྱོར་གྱི་ཁྲིམས་འཆར་ཁག་ཅིག་གཏན་འབེབས་དང་ཤིན་ཅང་གི་གནད་དོན་དང་འབྲེལ་སྟེ་རྒྱ་ནག་གི་དཔོན་རིགས་ལ་ཉེས་ཆད་བཏང་བར་མ་ཟད། ཐེ་ཝན་དང་ལྷན་དུ་འབྲེལ་ལམ་བསྐྱར་གསོ་གནང་བ་སོགས་ད་བར་ཨ་རིའི་གཞུང་འཛིན་སྔར་རྣམས་ཀྱི་ངོས་ནས་གནང་མྱོང་མེད་པའི་ཕྱག་བསྟར་མང་དག་ཅིག་གནང་ཡོད་པ་ལྟར་དེང་སྐབས་ཚང་མས་ཨ་རིའི་གཞུང་འཛིན་གསར་པའི་ངོས་ནས་རྒྱ་ནག་ཐོག་བཞེངས་ཕྱོགས་གང་འདྲ་ཡོད་མེད་ཐོག་དོ་སྣང་ཆེས་ཆེར་གནང་བཞིན་པ་རེད།ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ Joe Biden མཆོག་གི་གཞུང་འཛིན་གསར་པའི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་བ་ནས་བཟུང་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཕྱོགས་ནས་སྐད་ཆ་བཤད་མཁན་ Yang Jiechi ཟེར་བ་དེ་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་རེད། Yang Jiechi ཡིས་དྲ་ཐོག་གཏམ་བཤད་སྤེལ་བར་ Cooperation འམ་མཉམ་འབྲེལ་དང་མཉམ་ལས་སོགས་ཀྱི་ཚིག་བརྗོད་ཐེངས་ ༢༤ ཙམ་སྤྱོད་དེ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཆེས་ཞན་པོ་ཆགས་པ་དེ་བསྐྱར་གསོ་བྱེད་དགོས་པའི་སྐུལ་མ་བསྐྱར་ནན་བྱས་འདུག རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་དབང་ཆ་ཆེ་བ་ཡོད་པའི་ Yang Jiechi ཡིས་ད་དུང་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཁྲོད་རྒྱལ་སྲུང་གི་གནད་དོན་ལ་མཐོང་ཆུང་གནང་རྒྱུ་མེད་པའི་ཉེན་བརྡ་ཡང་བཏང་འདུག

བཀྲིས་དབང་ཕྱུག་ལགས་ལ་རང་དབང་ལོངས་སུ་སྤྱོད་འཇུག་དགོས།

བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གི་བཙོན་ཁང་ནང་ལོ་ལྔ་རིང་བཙོན་འཇུག་གི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་པ་དང་འབྲེལ་ཉེ་ཆར་ཡོ་རོབ་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ་རྒྱ་ནག་གཞུང་གིས་བཀྲིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་རྗེས་ཁོང་ལ་ཆ་རྐྱེན་གང་ཡང་མེད་པར་རང་དབང་ཆ་ཚང་ལོངས་སུ་སྤྱོད་འཇུག་དགོས་ཞེས་གསུངས་འདུག ཡོ་རོབ་མཐུན་ཚོགས་ཀྱིས་བཀྲིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་པ་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་ ༢༩ ཉིན་སྤེལ་བའི་བསྒྲགས་གཏམ་ནང་དུ་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་དང་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ Nabila MASSRALI ལགས་ཀྱིས་སྤྱིར་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་གནང་བར་མི་རིགས་དེའི་སྐད་ཡིག་སྲུང་སྐྱོབ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང། རྒྱ་ནག་གཞུང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྒྲིག་ནང་དུའང་གྲངས་ཉུང་མི་རིགས་ཚོར་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་དང་གོང་འཕེལ་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་གསལ་པོ་འཁོད་ཡོད་པ་དེ་ལྟར་ཡང། རྒྱ་ནག་གཞུང་གིས་དེ་ལས་ལྡོག་ནས་བོད་མིའི་སྐད་ཡིག་རང་དབང་སྲུང་སྐྱོབ་དང་རྩོད་ལེན་གནང་མཁན་གྱིས་མཚོན་པའི་ཆོས་དད་རང་དབང་སྲུང་སྐྱོབ་གནང་མཁན་ཐོག་ཏུ་དམ་དྲག་བྱེད་བཞིན་ཡོད་པར་མ་ཟད། ད་བར་དེ་འབྲེལ་མི་སྣ་མང་པོ་ཞིག་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་བཀག་སྐྱིལ་འོག་འདས་གྲོོངས་སུ་ཕྱིན་པའི་གནས་ཚུལ་རིམ་པ་འཐོན་བཞིན་ཡོད་ཅེས་རྒྱུ་གཞུང་ལ་སྐྱོན་བརྗོད་ནན་པོ་གནང་ཡོད། སྤྱིར་རྒྱ་ནག་གཞུང་གིས་དུས་རྒྱུན་བོད་མིའི་ཆབ་སྲིད་བཙོན་པ་སུ་འདྲ་ཞུ་བཙོན་གྲོལ་བཏང་རྗེས་ཁོང་རྣམ་པའི་འགྲོ་སྡོད་སྤྱོད་གསུམ་ཀྱི་རང་དབང་ལ་ཚོད་འཛིན་དང། ཉིན་རེའི་འཚོ་བར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་དང་བྱེད་བཞིན་ཀྱི་ཡོད་པ་རེད། དེས་ན་ཡོ་རོབ་མཐུན་ཚོགས་ཀྱིས་ད་ལན་གྱི་བསྒྲགས་གཏམ་དེ་སྤེལ་ནས་རྒྱ་ནག་གཞུང་ལ་བཀྲིས་དབང་ཕྱུག་ལགས་གློན་བཀྲོལ་བཏང་བའི་རྗེས་སུ་ཆ་རྐྱེན་གང་ཡང་མེད་པར་ཁོང་ལ་འགྲོ་བ་མིའི་གཞི་རྩའི་རང་དབང་སྟེ་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་ཆ་ཚང་ལོངས་སུ་སྤྱོད་བཅུག་དགོས་ཞེས་ནན་བརྗོད་གནང་བ་འདུག་པར་མ་ཟད། ཁོང་དེ་སྔ་བཀག་ཉར་བྱས་པའི་དུས་ཡུན་ཁྲོད་ཁོང་སྡུག་སྦྱོང་མནར་གཅོད་བཏང་བའི་གནད་དོན་ཐོག་རྒྱ་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཙོར་ཞིབ་འཇུག་ནན་པོ་བྱེད་དགོས་པའི་སྐུལ་མ་བསྐྱར་ནན་གནང་འདུག ཐེངས་འདིའི་བསྒྲམས་བརྒྱུད་ཡོ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ད་ལྟའི་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོ་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་དགོས་པ་དང། བཀག་ཉར་བྱས་པ་ཚོ་ཁྲིམས་མཐུན་ཐོག་ཕྱི་གསལ་ནང་གསལ་གྱིས་ཁྲིམས་གཏུག་གནང་རྒྱུའི་རང་དབང་སྤྲོད་དགོས་པ། ལྷག་དོན་རང་རང་དབང་རྩོད་ལེན་པ་ཚོར་བཙོན་ཁང་དུ་ཁྲིམས་མཐུན་གྱི་ཁྲིམས་ཆད་བཏང་བ་ལས་མནར་གཅོད་དང་སྡུག་སྦྱོང་གི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་ཞེས་སྐུལ་མ་གནང་འདུག ཆབས་ཅིག་ཏུ་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གླེང་སློང་གནང་རྒྱུ་ཡིན་ཞེས་བཀོད་འདུག རྩ་བའི་བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་སྔ་རྗེས་བརྒྱུད་རིམ་ནང་ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་ལ་ཁོང་གློད་བཀྲོལ་དགོས་པའི་སྐུལ་མ་ལས་མང་གནང་ཡོད་པར་མ་ཟད། དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་རིམ་པར་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་གླེང་སློང་ཡང་གནང་ཡོད་པ་རེད།

 བོད་རིགས་བེུད་གསར་འགོད་པ་ཞིག་ལ་རྒྱ་གར་གྱི་ Pole Star གསར་འགོད་པའི་བྱ་དགའ་ཐོབ་འདུག

དེ་ཡང་ཁ་སང་རྒྱ་གར་གྱི་ Pole Star ཐེབས་རྩ་ཁང་གི་གསར་འགོད་ལས་དོན་རྩེ་ཕུད་ཀྱི་གཟེངས་རྟགས་མཛད་སྒོ་ཐེངས་ ༢༢ པ་དེ་ཚོགས་ཡོད་པ་དང་། དེའང་དེང་སྐབས་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་ཁྲོད་Youtube དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཚོགས་འདུག ཐེངས་འདིའི་མཛད་སྒོའི་ཐོག་བོད་རིགས་བུད་མེད་གསར་འགོད་པ་བསྟན་འཛིན་པདྨ་ལགས་ལ། Best Good News Feature  ཞེས་གསར་འགོད་ཀྱི་ལས་རིམ་ཡག་ཤོས་ཀྱི་སྡེ་ཚན་ནང་དུ་བྱ་དགའ་ཐོབ་འདུག བསྟན་འཛིན་པདྨ་ལགས་ནི་རྒྱ་གར་ལྷོ་ཕྱོགས་བྷང་ལོར་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ Your Story བརྒྱུད་ལམ་ནང་དུ་ཕྱི་ལོ་ ༢༠༡༨ ལོ་ནས་ཕྱག་ལས་གནང་བཞིན་ཡོད་པ་དང་། ཁོང་གིས་སྔར་ལོ་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་འོག མང་ཚོགས་དབུལ་ཕོངས་རྣམས་ལ་བཟའ་བཏུང་མེད་པའི་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་སྐབས། ཨ་རིའི་ New York གྲོང་ཁྱེར་ནང་དུ་བཅའ་བཞུགས་རྒྱ་གར་གྱི་སྙན་གྲགས་ཆེ་བའི་མ་བྱན་ཆེན་མོ་ Vikas Khanna ལགས་ཀྱིས། རྒྱ་གར་ནང་གི་མང་ཚོགས་ས་ཡ་མང་པོར་ཞལ་ལགས་ཕུལ་བའི་གཏོང་ཕོད་གྱི་ལས་གཞི་སྤེལ་བའི་སྐོར་དང་འབྲེལ། Michelin-star chef Vikas Khanna’s mission to feed millions in India ཞེས་པའི་བརྗོད་གཞི་དང་སྦྲགས་ནས་གནས་ཚུལ་སྤེལ་བ་དེར། འདི་ལོ་ Pole Star གསར་འགོད་ལས་དོན་རྩེ་ཕུད་ཀྱི་བྱ་དགའི་ཁྲོད་ Good News Feature སྡེ་ཚན་ཁོངས་སུ་བྱ་དགའ་ཨང་དང་པོ་ཐོབ་འདུགཤེས་རྟོགས་བྱུང་བར་གཞིགས་ན། བསྟན་འཛིན་པདྨ་ལགས་ནས་ YourStory བརྒྱུད་ལམ་ནང་དུ་ཕྱག་ལས་མ་གནང་གོང་དུ། Reuters དང་ CNBC བརྒྱུད་ལམ་སོགས་ཀྱི་ནང་དུའང་ཕྱག་ལས་གནང་མྱོང་ཡོད་པ་རེད་འདུག རྩ་བའི་PoleStar ཐེབས་རྩ་དེ་བཞིན་ཕྱི་ལོ་ ༡༩༩༨ ལོར་གསར་བཙུགས་གནང་ཞིང་། ཐེབས་རྩ་ཁང་གི་ངོས་ནས་རྒྱ་གར་ནང་གི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་ཐུབ་མཁན་གྱི་ཚོགས་པ་ཁག་གི་ལས་དོན་ལ་ཆེ་བསྟོད་ཕུལ་བའི་ཁྲོད། འདས་པའི་ལོ་མང་ནས་རྒྱ་གར་ནང་གི་ཚོགས་པ་དང་གསར་འགོད་པ་མང་དག་ཅིག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་མྱོང་ཡོད་པ་རེད་འདུག Pole Star ཐེབས་རྩ་ཁང་གི་ངོས་ནས་ལོ་ལྟར། འཕྲུལ་ལས་བརྒྱུད་ནས་སྤེལ་བའི་གསར་རྒྱུར་ལས་རིགས་དང་། ཚོང་དོན་གསར་འགྱུར། གསར་ཤོག་དང་དྲ་རྒྱའི་ཐོག་གི་གསར་འགྱུར་ལས་རིམ། དེ་བཞིན་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་ལས་རིམ་རྩེ་ཕུད་བཅས་སྡེ་ཚན་འདྲ་མིན་བཞིའི་ནང་གི་ལས་རིམ་རྩེ་ཕུད་སྤེལ་མཁན་རྣམས་ལ་བྱ་དགའ་གནང་སྲོལ་ཡོད་པ་རེད་འདུག

རྒྱལ་ཡོངས་དམངས་འཐུས་ཀྱིས་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྡོག་རོལ་བཏང་བ།

དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བོད་ནང་དུ་བོད་མིའི་སྐད་ཡིག་རྩ་གཏོར་གཏོང་བཞིན་པའི་ཐད་ཀྱི་གནས་ཚུལ་ཞིག་ཕྱིར་བསྒྲགས་ཀྱིས།   རྒྱལ་ཚོགས་སམ་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཁག་རང་དབང་གི་ཐོག་ནས་བོད་ནང་དུ་ཕེབས་འཇུག་པའི་གནོན་ཤུགས་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག

རྒྱ་ནག་ལ་འཐབ་རྒོལ་ཆེད་རྒྱ་གར་གྱི་དམག་མིས་བོད་རིག་པར་སློབ་སྦྱོང་གནང་རྩིས།

རྒྱ་གར་གྱི་དམག་སྤྱི་ཆེན་མོ་ M M Naravane ལགས་ཀྱི་སློབ་སྟོན་གྱི་འོག་དུ། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ཁག་གི་དམག་མི་རྣམས་ཀྱིས་རྒྱ་ནག་ལ་འཐབ་རྒོལ་བྱེད་ཆེད་དུ་བོད་རིག་པར་སློབ་སྦྱོང་བྱེད་རྒྱུར་གྲོས་བསྡུར་གྱི་སྙན་ཞུ་ཕུལ་འདུག

ལྕམ་སྐུ་ Sakurai Yoshiko མཆོག་ལ་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་སྙན་སེང་།

དེ་ཡང་ཁ་སང་ཟླ་ ༡ ཚེས་ ༢༧ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ Japan Institute of National Fundamental ཞེས་པའི་ཉི་ཧོང་གི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་བསམ་བློ་བ་ལྕམ་སྐུ་ Sakurai Yoshiko མཆོག་དང་ལྷན་མཇལ་མོལ་གནང་སྟེ་ཉེ་ཆར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པ་དང་འབྲེལ། ཁྲིམས་སུ་བཅས་པའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ༸འི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་དང་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ནི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་སྲིད་སྐྱོང་མཆོག་ཡིན་པ་ངོས་འཛིན་གནང་གནང་དགོས་པ་སོགས་ཀྱི་སྐོར་དོན་ཚན་དྲུག་གི་ཐོག་སྙན་སེང་ཞུས་ཡོད་པ་རེད། དེ་བཞིན་ཁོང་གིས་དེ་སྔ་ཕྱི་ལོ་༢༠༡༩ལོར་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་ཕྱག་བསྟར་གྱི་གྲོས་ཆོད་ཇི་འཇོག་སོགས་ཀྱི་སྐོར་སྙན་སེང་ཞིབ་རྒྱས་ཞུས་ཡོད་པ་རེད་འདུག སྐབས་དེར་ལྕམ་སྐུ་ Sakurai Yoshiko མཆོག་གིས་ཁོང་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་པོར་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད་པ་མ་ཟད་མགོན་པོ་༸གང་ཉིད་མཆོག་ཉི་ཧོང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུར་ངང་སྒུག་གནང་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལྷག་དོན་ཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བློ་འཚབ་གནང་བ་དང་འབྲེལ། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་བ་དེ་ནི་འཛམ་གླིང་སྤྱིའི་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་ཀྱི་གནད་དོན་ཞིག་ཆགས་ཀྱི་ཡོད་པར་གསུངས་འདུག   གཞི་རྩའི་ལྕམ་སྐུ་ Sakurai མཆོག་དེ་སྔ་ཁོང་ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་ལྷན་དུ་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་ཁོང་སུ་ཡོད་པ་དང་། སྐབས་དེར་ཁོང་ལ་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དེ་ནས་ཁོང་བོད་དོན་ཐོག་འབྲེལ་ལམ་ཐོག་མ་དེ་བྱུང་འདུག དེ་རྗེས་སུ་ཁོང་གིས་ Fight For Tibet’s Freedom : Dialogue with the 14th Dalai Lama དང་ Sikyong Dr. Lobsang Sangay ཞེས་བོད་དོན་དང་འབྲེལ་བའི་ཕྱག་དེབ་ཡང་བརྩམས་ཡོད་པ་རེད། ཉེ་ཆར་ཚེས་ ༢༢ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་ཁང་དུ་ All Party Japanese Parliamentary Group for Tibet ཞེས་ཉི་ཧོང་གྲོས་ཚོགས་འོག་མའི་འཐུས་མི་དང་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་NagaoTakashi ལགས་དང་ལྷན་མཇལ་འཕྲད་ཀྱིས་ཕྱི་ལོ་༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྐོར་སྙན་སེང་ཞུས་ཡོད་པ་རེད།

རང་ལྟ་མཆོག་འཛིན་སྤང་ནས་གཞན་དོན་ལྷུར་ལེན་གནང་གལ་ཆེ་བར་བཀའ་སྩལ་བ།

དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༧ ཉིན་གྱི་ཞོགས་པར།  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་འདྲ་མིན་གྱི་གྲོང་སྡེའི་སྤྱི་ཁྱབ་པ་ཁག་ཅིག་དང་ལྷན་དུ་བྱམས་བརྩེ་ལྡན་པའི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་བརྒྱུད་ནས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་སྩལ་སོང་།དེ་ཡང་དེ་རིང་གི་གྲོང་སྡེ་སྤྱི་ཁྱབ་པ་རྣམས་དང་ལྷན་གྱི་བཀའ་མོལ་གྱི་ལས་རིམ་དེ་ནི། ཨ་རིའི་གྲོང་སྡེ་སྤྱི་ཁྱབ་པ་ཁག་གི་ལྷན་ཚོགས་དང་། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་སྲིད་བྱུས་བགྲོ་གླེང་བསྟི་གནས་ཁང་། དེ་བཞིན་རྒྱལ་སྤྱིའི་སྟོབས་ལྡན་གྱི་གྲོང་ཁྱེར་འབྲེལ་མཐུད་ཚོགས་པ་གསུམ་གྱི་གོ་སྒྲིག་གི་འོག  ཨ་རི་དང་ཁ་ན་ཌ། དེ་བཞིན་ནོར་ཝེ་དང་ཧྥུ་ལི་པེན་སོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་གྲོང་སྡེ་སྤྱི་ཁྱབ་པ་ཁག་ཅིག་གིས་འཛུལ་ཞུགས་ཀྱི་ཐོག   མགོན་པོ་གང་ཉིད་མཆོག་ནས་བྱམས་བརྩེ་ལྡན་པའི་དབུ་ཁྲིད་ཅེས་པའི་བརྗོད་གཞིའི ཐོག་བཀའ་སློབ་ལམ་སྟོན་མཛད་སོང་།མཛད་རིམ་གྱི་ཐོག་མར། མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་ནས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་སྤེལ་གཏོང་ཐབས་ཀྱི་ཐོག་ལ་ཐུགས་བརྩོན་གནང་གི་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས།  ཚན་རིག་པ་རྣམས་ཀྱིས་སྤྱི་ཚོགས་ཀྱི་སེམས་ཅན་རྣམས་ནི་དུས་རྒྱུན་ནས་གཅིག་ལ་གཅིག་རྟེན་ཡིན་པའི་འདུ་ཤེས་ཡོད་པར་གསུངས་ཡོད་པ་ལྟར།  འགྲོ་བ་མི་ཡང་སྤྱི་ཚོགས་སེམས་ཅན་ཁོངས་སུ་གཏོགས་པ་ཡིན་དུས།  རང་ལྟ་མཆོག་འཛིན་གྱིས་ངའི་རྒྱལ་ཁབ་དང་ངའི་མི་རིགས། དེ་བཞིན་ངའི་ནང་མི་ཞེས་རང་ཁོ་ན་གཅེས་འཛིན་གྱི་བློ་དེ་དོར་ནས།  གོ་ལ་གཅིག་འགྱུར་གྱི་དུས་རབས་དང་མཐུན་པའི་ཐོག་ནས་འགྲོ་བ་མི་ཡོད་ཚད་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་སྤེལ་བཏང་བ་བརྒྱུད་དེང་གི་སྤྱི་ཚོགས་ནང་གི་དཀའ་ངལ་མང་པོ་ཞིག་མིས་བཟོས་བ་ཤ་སྟག་ཡིན་སྟབས། འགྲོ་བ་མི་ཡོད་ཚད་ཀྱིས་གཅིག་གྱུར་གྱིས་རང་གི་བྱེད་ལས་ཀྱིས་གྲུབ་པའི་དཀའ་ངལ་རྣམས་སེལ་ཐབས་སུ་མཉམ་ལས་གནང་གལ་ཆེ་བའི་ལམ་སྟོན་བཀའ་སློབ་མཛད་གནང་སོང་། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ནུབ་ཕྱོགས་ཀྱི་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ནང་དུ་དངོས་གཙོ་རིང་ལུགས་གཙོ་ཆེར་འཛིན་བཞིན་ཡོད་པར་བཀའ་གནང་བ་དང་འབྲེལ་ནས།  སྤྱི་ཚོགས་ཀྱི་ནང་དུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཁོ་ནའི་འགྲོ་བ་མིའི་རིགས་ཀྱི་འབྲེལ་འདྲིས་ཀྱི་ཁྲོད་དུ་ཡིད་ཆེས་སྐྲུན་ཐབས་མེད་པར་བཀའ་གནང་སྟེ། གནའ་བོའི་རྒྱ་གར་གྱི་རིག་གཞུང་གི་ནང་དུ་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་སོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་ནང་སེམས་ཀྱི་དཔལ་ཡོན་ཐད་ཀྱི་ལྟ་གྲུབ་ཁག་ཡོད་པ་ལྟར། དེང་རབས་ཀྱི་ཤེས་ཡོན་ཀྱིལམ་ལུགས་ནང་དུ་མིའི་རིགས་ཀྱི་ནང་སེམས་ཀྱི་ལོངས་སྤྱོད་ལྟ་བུའི་སློབ་ཚན་ཁག་གཏན་འབེབས་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་བཀའ་གནང་སོང་།དེ་རིང་གི་བཀའ་སློབ་ཀྱི་ལས་རིམ་དེ་ལེགས་པར་གྲུབ་མཚམས་སུ་རྒྱལ་སྤྱིའི་སྤྱི་ཚོགས་སྣ་མང་གི་གྲོང་སྡེ་སྤྱི་ཁྱབ་པ་ཁག་ཅིག་གིས་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད། ཨ་རིའི་ནང་གི་གྲོང་སྡེ་སྤྱི་ཁྱབ་པ་ཞིག་གིས་འདས་བའི་ལོ་འགའི་རིང་ལ་ཨ་རིའི་གཙོ་བྱས་པའི་སྤྱི་ཚོགས་གང་སར་དབྱེ་འབྱེད་ཀྱི་རིགས་ཤུགས་ཆེར་བྱུང་ཡོད་སྟབས། མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་མི་མང་ནང་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་སྟངས་ཀྱི་སྐོར་ནས་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས།  སྤྱི་ཡོངས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་ནང་དུ་མི་རེ་ཟུང་གི་བྱ་སྤྱོད་ལས་མི་རིགས་དཀར་ནག་གི་དབྱེ་འབྱེད་དང་། དེ་བཞིན་ཨ་རི་དང་པོ་ཡིན་ཟེར་མཁན་རེ་ཟུང་བྱུང་ཡོད་པ་ནི་ནོར་འཁྲུལ་ཡིན་པར་བཀའ་གནང་སྟེ།  སྤྱི་ཡོངས་ཀྱི་ཆ་ནས་ཨ་རི་རྒྱལ་ཁབ་ནི་རང་དབང་གི་འཛམ་གླིང་ལ་སྣེ་ཁྲིད་གནང་མཁན་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་སྟབས། ཨ་རིའི་རྒྱལ་ཁབ་ཀྱི་གཞི་བརྩའི་ཞི་བདེ་དང་རང་དབང་གི་བླ་སྲོག་ལ་འགྱུར་བ་འགྲོ་བཞིན་པ་ཞིག་ལ་ངོས་འཛིན་གནང་གི་མེད་པར་བཀའ་ལན་སྩལ་སོང་།དེ་བཞིན་ནོར་ཝེ་ནས་ཡིན་པའི་སྤྱི་ཁྱབ་པ་ཞིག་གིས་དམག་འཐབ་དང་དབུལ་ཕོངས་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་གི་དམག་ཆེན་གཉིས་བའི་རྗེས་ནས་བཟུང་། མགོ་ཁྲིད་རྣམས་ཀྱིས་དཀའ་ངལ་ཆུང་ཆུང་ཞིག་ལ་ཞིབ་ཚགས་ཀྱིས་ལྟ་རྒྱུ་དེ་མིན་པར། དཀའ་ངལ་ག་རེ་ཡིན་ཡང་གཞི་རྒྱ་ཆེ་ནས་དགོངས་བ་བཞེས་རྒྱུ་དེ་གལ་ཆེན་པོ་ཡིན་པ་ལྟར། སྔོན་ཆད་རྒྱལ་ཁབ་སོ་སོས་རྡུལ་ཕྲན་མཚོན་ཆ་ཡོད་ན་སྤོབས་པ་སྐྱེད་བཞིན་ཡོད་ནའང་། རིམ་པའི་འཛམ་གླིང་གི་ནང་དུ་རྡུལ་ཕྲན་མཚོན་ཆ་སོགས་མེད་པར་བཟོས་ཡོད་པ་དེ་ནི་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ལེགས་ལམ་དུ་སོང་ཡོད་པའི་མིག་དཔེ་ཞིག་ཡིན་པར་བཀའ་གནང་སྟེ། དེང་གི་དུས་རབས་འདིར་གླིང་ཕྲན་དང་གླིང་ཕྲན་དབར་དང་། དེ་བཞིན་རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་ཞི་བདེ་ངང་ནས་མཉམ་གནས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་གནང་སོང་། གཞི་རྩའི་སྔར་ལོའི་རིམས་ནད་ཁྱབ་བརྡལ་བྱུང་བ་ནས་བཟུང་། མགོན་པོ་གང་ཉིད་མཆོག་གིས་དྲ་རྒྱའི་ལམ་ནས་ཆོས་འབྲེལ་བཀའ་དྲིན་བསྐྱངས་བ་དང་། དེ་བཞིན་འཛམ་གླིང་གི་ཚོགས་སྡེ་སྣ་ཚོགས་ཀྱི་གསོལ་འདེབས་ལྟར་བཀལ་སློབ་ལམ་སྟོན་གྱི་མཛད་རིམ་སྐྱོང་བཞིན་པ་ལྟར། དེ་རིང་གི་མཛད་རིམ་དེ་དང་བཞུགས་སྒར་ནས་དྲྭ་རྒྱ་བརྒྱུད་དེ་རྒྱ་བོད་དབྱིན་གསུམ་གྱི་གཙོ་བྱས་པའི་སྐད་ཡིག་སྣ་མང་གི་ཐོག་ནས་རྒྱང་སྲིང་གནང་ཡོད་པ་རེད།

Latest news