སྲིད་སྐྱོང་།

སྲིད་སྐྱོང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཁྲོད་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཁུལ་དུ་འཚམས་གཟིགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་བའི་ཁྲོད།   ཁུལ་དེར་འཛུགས་སྐྲུན་གྱི་ལས་གཞི་གང་དང་གང་ཡིན་རུང་མ་འོངས་ཕུགས་རྒྱང་རིང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་འོག་ནས་སྤེལ་དགོས་པ་དང་།  ལ་དྭགས་གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཆ་ཚང་ཚགས་ཚུད་དགོས་གལ་ཡིན་པ་མ་ཟད།  སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ངེས་པར་དུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་སྐུལ་མ་གནང་འདུག  རྩ་བའི་ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་ལ་དྭགས་སུ་སྲུང་བརྩི་གཟབ་རྒྱས་དང་བསྟུན།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གསར་དུ་འདེམས་ཐོན་བྱུང་བའི་བཀའ་ཤག་སྐབས་བཅུ་བདུན་པའི་ཚབ་བྱས་ཏེ་ཁུལ་དེར་ཆེད་ཕེབས་ཀྱིས། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་དང་། བོད་ཕྲུག་ཁྱིམ་སྡེ། རྒས་གསོ་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་དང་།  ཕྱི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་ནས་ལ་དྭགས་བྱང་ཐང་ཉོ་མར་འཚམས་གཟིགས་ཀྱིས་མི་མང་ལ་གསུང་བཤད་གནང་ཡོད་པ་མ་ཟད།  ཕྱི་ཚེས་ ༡༠ ཉིན་ལ་བྱང་བཀག་གཞུང་དང་། རྒོད་ཡུལ། ཧན་ལེ་བཅས་སུ་འཚམས་གཟིགས་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་ཡོད་པ།  ལྷག་པར་དུ་ཐེངས་འདིའི་ལ་བྱང་ཁུལ་དུ་འཚམས་གཟིགས་དེ་བཞིན་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་སྤེན་པ་ཚེ་རིང་མཆོག་གིས་འཚམས་གཟིགས་གནང་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་གི་མང་ཚོགས་ལ་གནད་དོན་མང་དག་ཅིག་གི་ཐོག་གསུང་བཤད་གནང་བའི་ཁོངས་སུ་གཙོ་བོ།  སྲིད་སྐྱོང་མཆོག་གིས་ཐེངས་འདིར་གླེ་བྱང་ཁུལ་དུ་རྟོག་ཞིབ་ཁྲོད་ས་གནས་དེར་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད་པ་མངོན་རྒྱུ་འདུག་སྐོར་དང་འབྲེལ།  བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་ནང་ནས་གལ་ཆེ་བ་གཅིག་ནི་གཞུང་དང་མི་མང་བར་འབྲེལ་བ་ཡག་པོ་ཉར་ཚགས་བྱ་རྒྱུ་དེ་ཡིན་པས།  བཀའ་ཤག་སྐབས་བཅུ་བདུན་པའི་ངོས་ནས་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་དེ་སྔོན་ལྟར་ཐེངས་གཉིས་རེ་འཚམས་གཟིགས་གནང་རྒྱུ་གལ་ཆེན་དོན་ཆེན་དུ་བརྩི་ཡི་ཡོད་པ་དང་།  བཙན་བྱོལ་སྤྱི་ཚོགས་ཀྱི་རྨང་གཞི་དེ་བཞིན་བོད་མིའི་གཞིས་ཆགས་དང་རུབ་སྡོད་ས་ཁུལ་རེ་རེ་ཡན་ཆད་ཀྱིས་མཚོན་གྱི་ཡོད་པ་མ་ཟད།  དེས་སྤྱི་ཡོངས་ཀྱི་བོད་མིའི་སྒྲིག་འཛུགས་ཀྱང་རང་བཞིན་གྱི་ཡག་པོ་ཞིག་ཆགས་རྒྱུ་ཡིན་དུས།  གླེ་བྱང་ཚུད་པའི་བོད་མིའི་རུབ་སྡོད་ས་ཁུལ་ཁག་ཚགས་ཚུད་དགོས་གལ་དང་།  གང་ལྟར་ཁུལ་འདིར་འཛུགས་སྐྲུན་གྱི་ལས་གཞི་གང་ཞིག་སྤེལ་གྱི་ཡོད་པ་དེ་དག་མ་འོངས་ལོ་མང་པོར་དམིགས་ཏེ་འཆར་གཞི་ལྡན་པའི་ཐོག་ནས་གནང་དགོས་པ་གསུངས་འདུག  ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་བར་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་མཚོན་པའི་སྲིད་སྐྱོང་ལ་གུས་ཞབས་སྣེ་ལེན་གང་ཐོབ་ཀྱི་ཡོད་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་།  ༸མགོན་པོ་མཆོག་གིས་བཀའ་དགོངས་དབུ་མའི་ལམ་གྱི་གནད་འགག་སྐོར་ངོ་སྤྲོད་གནང་བ་མ་ཟད།  ༸གང་ཉིད་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་སྟེ་དུས་ཀྱི་དགོས་མཁོ་དང་མཐུན་པའི་བཀའ་སློབ་ལམ་སྟོན་ཤ་སྟག་ཡིན་པ་དང་།  ༸གོང་ས་མཆོག་གིས་བོད་བརྒྱུད་ནང་བསྟན་ཏེ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་རྩ་བ་ཚུགས་པའི་བསམ་བློའི་འཁྱེར་སོ་ཞིག་ཡིན་དུས་དེས་འཛམ་གླིང་ཡོངས་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད་པ་སོགས་བཀའ་སྩལ་མཛད་ཀྱི་ཡོད་པ་དག་ལ་དོ་སྣང་གནང་དགོས་པའི་དྲན་སྐུལ་གྱིས།  ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་ཡོད་ཀྱང་དེར་བླ་སློབ་ཀྱི་དམ་ཚིག་ཡག་པོ་དགོས་གལ་ཡིན་པ་དང་།  ༸མགོན་པོ་མཆོག་གིས་མུ་མཐུད་མཛད་པ་འཕྲིན་ལས་སྐྱོང་བཞིན་པ་ཁག་ལ་མི་མང་ཚོས་བཀའ་དྲིན་རྗེས་དྲན་ཞུ་དགོས་གལ། དེ་བཞིན་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་ཚུལ་ཆུང་ཆུང་རིགས་ཀྱིས་༸སྐུ་མདུན་ཐུགས་སུན་པོ་བཟོ་མི་དགོས་པ་ཞིག་ངེས་པར་དུ་གནང་དགོས་པ་གསུངས་འདུག་ལ།  ༸གང་ཉིད་སྐུ་འཚོ་བཞུགས་མེད་པའི་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ད་ལྟ་བཞིན་ཆེ་མཐོང་མུ་མཐུད་ཐོབ་པའི་རེ་བ་དང་ང་ཚོའི་ངོས་ནས་ཀྱང་༸གོང་ས་མཆོག་གིས་སོན་བཏབ་གནང་མཛད་པའི་མང་གཙོའི་ལམ་ལུགས་མུ་མཐུད་རྒྱུན་སྐྱོང་ཐུབ་པ་གནང་དགོས་གལ་ཡིན་པ་གསུངས་འདུག  ལྷག་པར་དུ་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་ཀྱི་སྣོད་ཀྱི་བྱུང་རབས་ལོ་རྒྱུས་དང་དེང་དུས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་སྐོར་ངོ་སྤྲོད་དང་འབྲེལ།  ད་ལྟའི་རྒྱ་ནག་རྒྱལ་ཁབ་སྟེ་ཕྱི་ཕྱོགས་ནས་བལྟས་ན་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྣང་གི་ཡོད་ཀྱང་སྲིད་གཞུང་ནང་ལོག་ལ་དཔོན་རིགས་ཕན་ཚུན་དོགས་པ་རྣམ་རྟོག་གི་ཁེངས་ཡོད་པ་མ་ཟད།  ཆབ་སྲིད་སོགས་གང་སྤྱིའི་ཐད་ནས་ཕྱི་གསལ་ནང་གསལ་མེད་པ་སོགས་ཐེར་འདོན་གྱིས།  ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་སྐོར་གསུངས་ཏེ།  ད་ལྟའི་རྒྱ་ནག་གིས་བྱེད་བབ་ལ་བལྟས་ན་སྐད་ཆ་བཤད་སའི་ལམ་ཁ་མེད་པ་དེ་ལྟར་ཡང་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་གསུངས་འདུག མ་ཟད་སྲིད་སྐྱོང་མཆོག་གིས་ད་ལྟ་བྱང་ཐང་ཉོ་མར་ཁྱིམ་ཚང་ ༣༡ དང་། རྒོད་ཡུལ་དུ་ ༢༥། ཧན་ལེར་ཁྱིམ་ཚང་ ༨༦ བཅས་བྱང་ཐང་ཁུལ་གྱི་ས་ཁུལ་བཞིའི་ནང་གྲོང་པ་ ༢༠༠ ཙམ་ཡོད་པའི་གནས་སྟངས་གསལ་འདོན་དང་འབྲེལ།  ཁུལ་དེར་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ཡི་ཡོད་པ་དང་།  བོད་མི་གནས་སྤོས་གནང་མཁན་ཡང་ཕྲན་བུ་འབྱུང་གི་ཡོད་དུས།  ཕྱག་ལས་གང་གནང་གི་ཡོད་པ་དེ་དག་ས་གནས་ས་ཐོག་གི་ཁྲིམས་གཞིར་བཟུང་དང་དྲང་བདེན་ངང་གནང་དགོས་པ་དང་།  བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་སྤྱིར་བཏང་རྒྱ་གར་ཁྱོན་ཡོངས་ནང་ས་ཁུལ་ ༣༧ ལ་ལྟ་རྟོག་གནང་དགོས་ཀྱི་ཡོད་ཀྱང་།  གླེ་བྱང་ཁུལ་གྱི་ས་ཆའི་དཀའ་རྙོག་རྣམས་ལ་དྭགས་ད་གནས་ཀྱི་འབྲེལ་ཡོད་དང་ལྷན་དུ་གྲོས་མོལ་གྱིས་སེལ་ཐབས་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད།  གཙོ་བོ་བྱང་ཐང་མང་ཚོགས་ངོས་ནས་ས་གནས་སྲིད་གཞུང་གིས་ཁྲིམས་མཐུན་ཐོག་གནང་བའི་རང་སོ་སོའི་ས་ཆ་ཡོད་པ་དེ་དག་བདག་པོ་ཡག་པོ་རྒྱག་དགོས་པ་དང་།  འབྱུང་འགྱུར་དུས་སུ་འབྲེལ་ཡོད་ཚོས་ཞིབ་འཇུག་རྟོག་ཞིབ་སླད་ཕེབས་སྐབས་དགོས་ངེས་ཀྱི་བདག་དབང་ཡིག་ཆ་ཁག་སྔོན་ཚུད་ནས་གྲ་སྒྲིག་གནང་དགོས་པ་གསུངས་འདུག སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་འཚམས་གཟིགས་ཁྲོད་དེ་སྔ་༸སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བྱང་ཐང་ཆུ་མུར་དུ་གནས་སྡོད་བོད་མི་རྣམས་ལ་དྭགས་གླེ་རུ་གཞིས་སྤོས་ཆེད་ས་ཆ་ཨེ་ཀར་ ༨ མ་ཟིན་ཙམ་གསོལ་སྩལ་གནང་ཡོད་པ་སོགས་གླེ་བྱང་ཁུལ་དུ་འགྲོ་བཞིན་པའི་ལས་གཞི་ཁག་ལ་གཟིགས་ཞིབ་དང་།  ཁུལ་དེའི་གཞིས་ཆགས་དང་སློབ་གྲྭ་རྒས་གསོ་ཁང་བཅས་སུ་ལྟ་སྐོར་གྱིས་བདེ་སྡུག་གསན་བཞེས་ཀྱིས་བོད་མིའི་སྒྲིག་འཛུགས་ངོས་ནས་ས་མཚམས་ཁུལ་དུ་གནས་སྡོད་བོད་མི་རྣམས་ཀྱི་བདེ་དོན་ནི་གལ་གནད་ཆེན་པོར་བརྩིའི་ཡོད་པས་ཤེས་ཡོན་དང་། སྡོད་ཁང་། སྤྱི་ཚོགས་ཀྱི་རྨང་གཞིའི་མཐུན་རྐྱེན་བཅས་ཡར་རྒྱས་གཏོང་རྒྱུའི་ཐོག་འབད་བརྩོན་གང་ཐུབ་གནང་གི་ཡིན་པ་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཐད་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་སང་ལ་དྭགས་བསོད་ནམས་གླིང་གཞིས་མི་རྣམས་ལ་གསུང་བཤད་ཁྲོད། ཉེ་ལམ་ཨ་རིའི་རོགས་དངུལ་ཆད་པའི་རྐྱེན་གྱིས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཏོག་ཙམ་ཕྲད་ཀྱང་། ད་ཆ་དངུལ་སྐོར་ལ་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་པ་དེ་ལྟར་ཡང་།  བོད་མི་རྣམས་ཀྱིས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་དངོས་ཡོད་དགོས་ངེས་ཅན་ཡིན་ན་མ་གཏོགས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག དེའང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་སྐབས་ལ་དྭགས་ཀྱི་རྒྱལ་ས་གླེ་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པ་ལྟར། ཁ་སང་ཕྱི་ཚེས་ ༧ གྱི་སྔ་དྲོ་ལ་དྭགས་བསོད་ནམས་གླིང་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་མི་མང་ལ་ཆུ་ཚོད་གཅིག་ལྷག་ཙམ་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་ད་སྐབས་རྒྱ་ནག་དེ་ཉིད་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གྲས་ཤིག་ཆགས་ཡོད་པ་མ་ཟད། འཛམ་གླིང་ཐོག་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པ་ལྟར། ཆབ་སྲིད་ཀྱི་བ་རླབས་འདི་ལྟ་བུའི་ནང་བོད་ཀྱི་གནད་དོན་དེ་ཉིད་གསོན་པོར་གནས་ཐུབ་པ་བྱ་རྒྱུ་དང་གོ་སྐབས་ཤར་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེ་ཡིན་པ་ལྟར། དེ་འབྲེལ་བཀའ་ཤག་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པའི་ཁྲོད་བོད་དོན་ཞུ་གཏུགས་སོགས་ཀྱི་བརྒྱུད་ནས་འབད་བརྩོན་གང་ཐུབ་གནང་བཞིན་ཡོད་སྐོར་གསུངས་པ་དེ་ལྟར་ཡང་། ཕྱོགས་གཞན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་སྣེ་འཁྲིད་པའི་རྒྱ་དམར་གཞུང་དེ་ཉིད། Autocratic Capitalist Under the Garb of Communism ཞེས་དམར་ཤོག་གི་འབག་གྱོན་པའི་དབང་ཆ་གཅིག་བསྡུས་ཀྱིས་མ་རྩའི་རིང་ལུགས་པ་ཞིག་ལ་འགྲེལ་བརྗོད་གནང་བ་མ་ཟད། དེའང་ཞེད་སྣང་གི་ཁོར་ཡུག་ལྡན་ཞིང་དམངས་གཞི་བརྟན་པོ་མེད་པའི་གནས་སྟངས་ཤིག་གི་འོག་ལུས་ཡོད་པའང་འགྲེལ་བརྗོད་གནང་འདུག སྲིད་སྐྱོང་མཆོག་གི་ད་དུང་ལ་དྭགས་ཀྱི་ས་གནས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་སྐོར་ལ་འགྲེལ་བརྗོད་དང་འབྲེལ། དེ་སྔ་དཀའ་ངལ་བྱུང་ཡང་ད་ཆ་དངུལ་ཐོག་ཁྱེད་ཚོས་སེམས་ཁྲལ་བྱེད་མི་དགོས་ཅེས་གསུངས་འདུག ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ངོས་ནས་ཡོང་རྒྱུའི་ལོ་ཤས་ནང་སྤྱི་བའི་འཛུགས་བསྐྲུན་གྱི་ལས་དོན་ལ་དོ་སྣང་ཆེ་ཙམ་གནང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ལ་དྭགས་ནང་མཚོན་ན་སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བོད་མིའི་སྡོད་ཁང་ཆེད་ས་ཁྱོན་གང་ཙམ་གསོལ་སྩལ་གནང་བ་ལུང་འདྲེན་གྱིས། བཙན་བྱོལ་བོད་མིའི་མི་འབོར་ནང་བརྒྱ་ཆ་བཅུ་ཙམ་ད་ལྟའང་སྡོད་ཁང་མེད་མཁན་ཆགས་ཡོད་སྟབས། བོད་མི་ཚོས་དགོས་ངེས་ཅན་ཡིན་ན་མ་གཏོགས་སྒྲིག་འཛུགས་ནས་རོགས་རམ་སོགས་ཞུ་སྐབས་གཞན་གྱི་གོ་སྐབས་འཕྲོག་རྒྱུ་མེད་པའི་སྐུལ་མ་གནང་འདུག མ་ཟད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་སྐབས་ལ་དྭགས་གཙོས་བཙན་བྱོལ་བོད་མི་ཁག་གཅིག་གིས་རྒྱ་གར་ཡུལ་མིའི་ཁེ་དབང་བཞེས་ཏེ་འོས་འཕེན་ལག་འཁྱེར་བཟོ་བཞིན་པའི་གནད་དོན་གླེང་སློང་དང་འབྲེལ། གནད་དོན་དེའི་ཐོག་ངེས་པར་དུ་བསམ་ཞིབ་བྱ་དགོས་པ་དང་། ལྷག་པར་ཡུལ་མིའི་ཆབ་སྲིད་ཀྱི་གནད་དོན་ནང་ཐེ་གཏོགས་མ་བྱེད་པར་རང་སར་གནས་དགོས་པའི་ལམ་སྟོན་གནང་འདུག སྲིད་སྐྱོང་མཆོག་གིས་གཞན་ཡང་གསུང་བཤད་དེའི་ཁྲོད་དབུ་མའི་ལམ་གྱི་འཕེལ་རིམ་དང་གལ་ཆེའི་རང་བཞིན། བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ལམ་ནས་སེལ་དགོས་པ། བཀའ་ཤག་གི་ཕུགས་དམིགས་ཡིག་ཆ་དང་ལས་གཞི་ཁག་སོགས་ངོ་སྤྲོད་གནང་བ་མ་ཟད། རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཁྲིམས་ཡིག་ཐད་ཕྱི་ཟླ་ ༩ པའི་ནང་ལས་འཆར་ཁག་བང་སྒྲིག་བཞིན་པ་ལྟར། སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕྱིར་ལོག་གནང་མ་ཐག་བཀའ་ཤག་ལྷན་རྒྱས་རིམ་པ་སྐོང་འཚོག་གིས་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་ཐད་གོ་བསྡུར་གནང་རྒྱུ་ཡིན་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་ཁྲིམས་ཡིག་གསར་པར་དོ་སྣང་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ།

དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་དེ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པའི་ཁྲོད་འདིར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁྲིམས་དེར་ངོ་རྒོལ་བྱེད་པ་དང་དེ་མེད་པར་བཟོ་རྒྱུ། དེའི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་ཛ་དྲག་འབོད་སྐུལ་ཞུས་འདུག དེ་ཡང་ཁ་སང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་ཛ་དྲག་གི་འབོད་སྐུལ་དེའི་ནང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གཞི་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཀྱི་ཡོད་པ་དང་འབྲེལ། བོད་མི་རིགས་ཀྱི་མ་འོངས་པ་དང་རིག་གཞུང་དང་ཆོས་ལུགས་ཀྱི་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་ཐད་ཆེས་སེམས་འཚབ་ཀྱི་རྣམ་པ་ཆེད་འདོན་དང་སྦྲགས། རྒྱལ་སྤྱིའི་སྲིད་གཞུང་དང་ཕྱི་སྲིད་ལས་ཁུངས། གྲོས་ཚོགས་འཐུས་མི། བསམ་བློ་བ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ལ་ཡིག་ཐོག་དང་དྲྭ་ཐོག་བརྒྱུད་རྒྱ་ནག་གི་ཁྲིམས་དེར་དམིགས་བསལ་དོ་སྣང་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་པའི་བརྒྱུད། བོད་ནི་ལོ་རྒྱུས་ཐོག་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། རྗེས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པའི་རྗེས། ད་དུང་རྒྱལ་སྤྱིའི་ཐོག་ཐག་མ་ཆོད་བའི་རྩོད་གཞིའི་ལྟེ་བར་གནས་བཞིན་ཡོད་ཅེས་གསུངས་པ་མ་ཟད། བོད་མི་རྣམས་ལ་མཚོན་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་འདིའི་ཤུགས་རྐྱེན་ནི་གོད་ཆགས་ཆེན་པོ་ཞིག་རེད་ལ་མངའ་ཁུལ་གྱི་རང་སྐྱོང་དོན་སྙིང་ལྡན་པ་ཞིག་མཚོན་པའི་རྩ་ཁྲིམས་ཀྱི་ཐོག་མའི་ཁས་ལེན་ལ་གནོད་སྐྱོན་ཚབས་ཆེན་ཞིག་ཡིན་པར་ནན་བཤད་གནང་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཁྲིམས་གསར་པ་འདི་ནི་རྒྱ་ནག་གིས་ཡུན་རིང་ནས་སྤྱོད་བཞིན་པའི་མཉམ་བསྲེས་ཀྱི་སྲིད་བྱུས་རྣམས་ཁྲིམས་མཐུན་གྱི་དགོས་མཁོར་བསྒྱུར་ཡོད་ཅེས་གསུངས་པ་དང་། དེས་རྒྱ་སྐད་ཐོག་གི་སློབ་གསོ་དར་སྤེལ་གཏོང་བ་དང་མཉམ་འདྲེས་སྤྱི་ཚོགས་དང་གཉེན་སྒྲིག་བྱེད་པར་སྐུལ་མ་གཏོང་བ། རྒྱལ་ཁབ་ཀྱི་ལྟ་ཞིབ་རྒྱ་སྐྱེད་གཏོང་བ། དེ་བཞིན་རྒྱ་ནག་ཕྱི་ཕྱོགས་ལ་ཡོད་པའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་དང་བཙན་བྱོལ་བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ནས་དམིགས་འབེན་བྱེད་ཆོག་པའི་གོ་སྐབས་སྤྲོད་བཞིན་ཡོད་ཅེས་བརྗོད་པ་མ་ཟད། བོད་མི་རིགས་ཀྱི་མ་འོངས་པར་ཁྲིམས་ལུགས་དེ་ཉེན་ཁ་ཚབས་ཆེན་ཞིག་ཡིན་པ་བརྗོད་དེ་སྲིད་སྐྱོང་མཆོག་གིས་སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེར་ངོ་རྒོལ་བྱེད་པ་དང་། དེ་མེད་པར་བཟོ་རྒྱུ། དེའི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། འགན་འཁྲི་ཡོད་མཁན་རྣམས་ལ་འགན་འཁུར་དུ་འཇུག་པ། དེ་བཞིན་ཞི་བའི་ཐབས་ལམ་ཐོག་ནས་བོད་རྒྱ་གཉིས་དབར་གྱི་དཀའ་རྙོག་སེལ་ཐབས་སུ་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་བར་སྐུལ་མ་བྱེད་དགོས་པ་གསུངས་འདུག ཕྱོགས་མཚུངས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་འགན་འཛིན་ Sarah Brooks ལགས་ཀྱིས་ཁྲིམས་གསར་འདི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཀྱི་ཡོད་པའི་སྐོར་ལན་འདེབས་གནང་སྐབས། ཁྲིམས་འདིས་རྒྱ་ནག་གིས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཀྱི་འགན་འཁྲི་ལ་གནོད་སྐྱོན་སྔར་ལྷག་གཏོང་གི་ཡོད་པར་ནན་བརྗོད་གནང་བ་མ་ཟད། བོད་པ་དང་ཡུ་གུར་བ། སོག་པོ་སོགས་ཀྱི་མི་རིགས་རྣམས་རྒྱ་ནག་གི་རིག་གཞུང་གཙོར་བཟུང་བྱས་པའི་རྒྱལ་ཡོངས་ཀྱི་ངོ་བོ་གཅིག་གྱུར་ཞིག་ལ་བསྒྱུར་དགོས་པར་སྐུལ་མ་བྱེད་ཀྱི་ཡོད་པ་གསུངས་ཏེ་མི་རིགས་རྩ་མེད་བཟོ་བའི་བཙན་ཤེད་ཀྱི་སྲིད་བྱུས་དང་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་གནང་འདུག ཁོ་མོས་ད་དུང་། འདིར་མཐུན་སྒྲིལ་ཞེས་པ་ནི་སྤྱི་ཚོགས་མི་འདྲ་བ་ཁག་གི་བར་མཐུན་སྒྲིལ་མིན་པར། རྒྱ་ནག་དམར་ཤོག་པའི་ཆབ་སྲིད་དང་ལྟ་གྲུབ་ཀྱི་ཐད་ནས་མཐུན་པར་བྱེད་པ་དེ་ཡིན་པ་མ་ཟད། ཁྲིམས་འདིས་སྣ་མང་རང་བཞིན་དང་འདྲ་མཉམ་སྲུང་སྐྱོབ་བྱེད་པའི་ཚབ་ཏུ་མཐུན་སྒྲིལ་དང་མཉམ་འདྲེས་ལ་བཙན་སྐུལ་བྱེད་ཀྱི་ཡོད་པ་ནན་བཤད་གནང་སྟེ་ཁོང་གི་རེ་བར་ཁྲིམས་གསར་པ་འདིས་བཙན་དབང་གིས་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་བྱུས་རྣམས་ཁྲིམས་མཐུན་བཟོ་བར་ནུས་པ་མཐོ་རུ་གཏང་ངེས་ཡིན་པ་གསུངས་འདུག དེ་བཞིན་རྒྱ་ནག་གཞུང་གི་ཁྲིམས་གསར་པ་འདིའི་ཆ་ཤས་ཁག་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་ཏེ་ལག་ལེན་བསྟར་རྒྱུའི་འཆར་གཞི་ལ་སེམས་འཚབ་ཀྱི་རྣམ་པ་ཆེད་འདོན་གྱིས་ཁྲིམས་དེའི་འོག་ནས་འཛམ་གླིང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེད་ཞི་བའི་ངང་ལས་འགུལ་སྤེལ་མཁན་ཚོར་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་བཟོ་མཁན་ཞེས་སྐྱོན་འཛུགས་བྱས་ནས་དམིགས་འབེན་དུ་འཛིན་པར་རྒྱུ་མཚན་བགྲང་ཆོག་པ་ཞིག་རེད་ཅེས་གསུངས་ཏེ་རྒྱ་ནག་གཞུང་ལ་ཁྲིམས་གསར་པ་དེ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ལས་འགལ་བའི་ཁྲིམས་མཐའ་དག་ཕྱིར་འཐེན་བྱེད་དགོས་པ་གསུངས་འདུག དེའི་བར་ན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་ཀྱི་ལས་གཞི་ཁྲིམས་མཐུན་བཟོས་པའི་ཁྲིམས་གསར་པ་འདི་ལག་ལེན་བསྟར་གཏན་ཁེལ་བ་དང་བསྟུན། འདས་པའི་ཉིན་ཤས་ནང་ཨ་རི་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པར་སྐྱོན་བརྗོད་ནན་པོ་གནང་བའི་ཁྲོད་འདིར། ཁ་སང་དབྱིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བསྒྲགས་གཏམ་སྤེལ་བའི་བརྒྱུད་རྒྱ་ནག་གིས་ཁྲིམས་གསར་པ་དེ་ལག་བསྟར་བྱས་པར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཅིང་། འདིས་རྒྱ་གཞུང་གིས་བཙན་གྱིས་མི་རིགས་མཉམ་བསྲེས་བྱེད་པའི་སྲིད་བྱུས་ཁྲིམས་མཐུན་གྱི་སྒྲིག་གཞིར་བསྒྱུར་བ་དང་ལྷག་པར་རྒྱ་ནག་ནང་ཁུལ་དང་ཕྱི་ནང་གཉིས་ཀའི་བོད་མི་དང་མི་རིགས་གཞན་དག་ལ་ཉེན་ཁ་ཚབས་ཆེན་ཐེབས་བཞིན་ཡོད་སྐོར་ཉེན་བརྡ་བཏང་འདུག མ་ཟད་ཁ་ཉིན་འཇར་མན་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གསར་པར་སེམས་འཚབ་ཆེད་འདོན་དང་སྦྲགས། ཁྲིམས་འདིས་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་སྐྱོན་ཇེ་ཆེར་གཏོང་སྲིད་པ་མ་ཟད། རྒྱ་ནག་ཕྱི་ལོགས་སུ་ཡོད་པའི་མི་སྒེར་དང་ཚོགས་པ་ཁག་ལ་དམིགས་པའི་གནོན་ཤུགས་བྱེད་ཐུབ་པའི་གོ་སྐབས་སྤྲོད་ཉེན་ཡིན་སྐོར་གསུངས་འདུག རྩ་བའི་དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་རྒྱུའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་འདི་ནི་པེ་ཅིང་གིས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་ཞི་བདེ་གོང་འཕེལ་གྱི་ཆེད་དུ་ཡིན་པར་བརྗོད་ཡོད་ཀྱང་།  དེར་སྐྱོན་བརྗོད་གནང་མཁན་ཚོས་དེ་ནི་བཙན་དབང་གིས་མི་རིགས་མཉམ་བསྲེས་གཏོང་རྒྱུའི་ལག་ཆ་ཞིག་ཡིན་སྐོར་དང་། ལྷག་པར་དུ་བོད་མི་དང་མི་རིགས་གཞན་གྱི་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། ངོ་བོ་བཅས་ཉམས་ཞན་དུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་མིང་འོག་ནས་རྒྱ་ནག་གིས་རྒྱལ་མཚམས་ལས་བརྒལ་བའི་བྱ་འགུལ་ཤུགས་ཆེ་རུ་སྤེལ་རྒྱུ་དང་ཆབས་ཅིག་གང་མགྱོགས་ངང་མི་རིགས་སྡེབ་གསོད་བྱེད་པའི་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ཞིག་བསྐྲུན་གྱི་ཡོད་པར་ངོས་ལེན་རྩ་བ་ནས་མེད་པ་གསལ་བཟོ་གནང་བཞིན་ཡོད་པ་རེད།

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེས་མི་རབས་མང་པོའི་རིང་གནས་པའི་བོད་མིའི་དཔལ་ཡོན་ལ་དོ་ཕོག་ཤུགས་ཆེ་གཏོང་ངེས་ཡིན་པ་གསལ་སྟོན།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེས་མི་རབས་མང་པོའི་རིང་གནས་པའི་བོད་མིའི་དཔལ་ཡོན་ལ་དོ་ཕོག་ཤུགས་ཆེ་གཏོང་ངེས་ཡིན་པ་གསལ་འདོན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ངོས་ནས་དེ་འབྲེལ་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ལ་གོ་རྟོགས་མུ་མཐུད་སྤེལ་མུས་ཡིན་པ་མ་ཟད། ལྷག་པར་རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་དོན་གཅོད་ཁག་ནས་ས་གནས་སོ་སོར་དེ་འབྲེལ་རྒྱ་གཞུང་ལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་གཙོས་པའི་ཕྱི་དྲེིལ་ལས་ཁུངས་དང་གྲོས་ཚོགས་འཐུས་མི། དེ་བཞིན་གནད་ཡོད་མི་སྣ་དང་གསར་ཁང་སོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་ཡོད་པ་གསུངས་སོང་།  https://youtu.be/OAvNylhYBVU?si=wsSObpRmpkouWGri དེ་ཡང་འདི་ཚེས་ ༢༦ ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ཚེས་ ༢༩ བར་ཉིན་གྲངས་བཞིའི་རིང་རྡ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་འགོ་འཛུགས་གནང་ཡོད་པ་དང་། དེ་རིང་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཞོར་དུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གི་ཉེན་ཚབས་སྐོར་གསར་འགོད་ལྷན་ཚོགས་ཞིག་སྐོང་འཚོགས་གནང་སོང་།  དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་གི་ཡོད་སྐོར་གསུངས་བ་མ་ཟད། ཁྲིམས་ཡིག་དེས་དམིགས་སུ་བཀར་ནས་བོད་མི་རིགས་དང་འཐབ་རྩོད་ལ་དོ་ཕོག་ཤུགས་ཆེ་གཏོང་ཉེན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་དེ་འབྲེལ་གོ་སྐབས་ནམ་བྱུང་ལ་འདྲེི་རྩད་ངེས་པར་དུ་གནང་དགོས་གལ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་ཁྲོད་ཁྲིམས་འདི་བརྒྱུད་ནས་བོད་མིའི་ཐོབ་ཐང་དང་ངོ་བོ། རིག་གཞུང་ལ་སོགས་པར་དམ་དྲག་དང་། བཙན་ཤེད་ཀྱིས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པའི་ཉེན་ཚབས་སྐོར་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཁག་ལ་གོ་རྟོགས་སྤེལ་བཞིན་ཡོད་པ་གསུངས་སོང་།  གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པས་འདི་ལྟ་བུའི་ཁྲིམས་གཞི་གཏན་འབེབས་ཁྲོད་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་གཞན་དང་མཉམ་ལས་ཀྱི་འཆར་གཞི་ཇི་ཡོད་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་རྒྱལ་ཁབ་ཁག་གི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་དང་ལྷག་པར་ཉེ་ལམ་འཇར་མ་ནིའི་ཕེབས་སྐབས་རྒྱལ་ཁབ་སོ་སོའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག དེ་བཞིན་ཡུ་གུར་དང་སོག་པོ་སོགས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ལྷན་ཚོགས་དང་མཉམ། ཁྲིམས་ཡིག་དེས་བོད་མི་དང་ཡུ་གུར་མི་རིགས་རྣམས་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པ་རྩ་མེད་གཏོང་ངེས་ཙམ་མ་ཟད། ཁྲིམས་ཡིག་གི་དོན་ཚན་ ༦༣ པ་དེས་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་གཙོས་རྒྱ་ནག་གཞུང་གི་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་རྣམས་ནས། རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་འགོག་རྐྱེན་བཟོས་ཚེ་རྒྱ་གཞུང་གི་ཁྲིམས་ལུགས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུའི་ཁྲིམས་མཐུན་གྱི་དབང་ཚད་སྤྲོད་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་བོད་མི་དང་ཡུ་གུར། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱི་ཐོག་དྲག་གནོན་དབང་སྒྱུར་བྱེད་བཞིན་པའི་བྱ་སྤྱོད་ལ་དོ་སྣང་བྱ་རྒྱུའི་དུས་ལ་བབས་ཡོད་ལ། དེ་འབྲེལ་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ནན་སྐུལ་གནང་བཞིན་ཡོད་པ་གསུངས་སོང་།  དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ད་སྐབས་ཁྲིམས་ཡིག་དང་འབྲེལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྒྱུར་བ་དགོས་གལ་དང་། ཁག་གཅིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་མིན་ཐད་བསམ་ཚུལ་མི་ཉུང་བ་ཞིག་ཡོང་བཞིན་འདུག་པས། ལོ་ངོ་བཅུ་ཕྲག་བཞི་ལྷག་རིང་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་དང་ལྷན་དུ་ཞི་བའི་གྲོས་མོལ་ཐོག་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་ལྟར་ཡང་རྒྱ་གཞུང་གིས་བོད་རྒྱ་ཞ་མོལ་བྱ་རྒྱུ་ལས་ལྟོག་སྟེ། རྒྱལ་ཁབ་མཐུན་སྒྲིལ་གྱི་ཐ་སྙད་འོག་མི་རིགས་སིམ་ཡལ་གྱི་སྲིད་བྱུས་དེ་ཁྲིམས་མཐུན་བཟོ་ཡི་ཡོད་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་མོལ་ལའང་གནོན་སྐྱོན་གཏོང་ཡོད་པ་འགྲེལ་བརྗོད་དང་སྦྲགས། དེ་ལྟར་ཡང་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་དག་ལ་ལེགས་པར་དཔྱད་ཞིབ་ཀྱིས་རིམ་པས་དེ་འབྲེལ་ཐབས་ལམ་འཚོལ་གྱི་ཡིན་སྐོར་གསུངས་སོང་།  ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཙམ་མ་ཡིན་པར་བོད་མིའི་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་བོད་མི་རྒན་གཞོན་དར་གསུམ་ནས་རང་འགན་རང་འཁར་གྱིས་ཁྲིམས་གཞི་གསར་པ་དེ་ཉིད་ཕྱིར་འཐེན་ཡོང་སླད་འབད་བརྩོན་གནང་དགོས་གལ་དང་། བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་བཅས་པར་ཐུགས་སྣང་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་སོང་།  གཞི་རྩའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་སྐྱོན་བརྗོད་ཀྱི་གཞུང་འབྲེལ་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་བའི་ནང་། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བའི་རྒྱ་ནག་གི་ཁྲིམས་ཡིག་གསར་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཚད་གཞི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁས་ལེན་དང་རྒྱབ་འགལ་དུ་སོང་ཡོད་པས། ཁྲིམས་དོན་ཐོག་ནས་ཚོད་འཛིན་ཐེབས་པའི་ནུས་པ་མེད་པ་ངོས་འཛིན་གྱི་དོན་ཚན་བདུན་ཅན་གྱི་གྲོས་ཆོད་བཞག་ཡོད་པ་དང་། ཁྲིམས་ཡག་དེ་ཉིད་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་མོར་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་ལུགས་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་ཉེན་ཡོད་པས་དེ་འབྲེལ་ཞི་རྒོལ་གནང་རྒྱུ་རེད་འདུག

སྲིད་སྐྱོང་མཆོག་གིས་རྒྱལ་ས་ལྡི་ལིར་༸གོང་ས་མཆོག་གི་མཛད་རྗེས་སྐོར་གྱི་པར་རིས་འགྲེམས་སྟོན་དབུ་འབྱེད།

ཁ་སང་ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ India Habitat ལྟེ་གནང་ཁང་དུ་༸སྐུའི་གོ་སྟོན་དང་འབྲེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་རྣམ་གྱི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར།  བདུན་གཅིག་རིང་གི་འགྲེམས་སྟོན་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་སོང་།  https://www.youtube.com/watch?v=0vU7xYTH_ZU དེ་ཡང་ཐེངས་འདིའི་འགྲེམས་སྟོན་དེ་ནི་ལྡི་ལི་གོ་སྟོན་གོ་སྒྲིག་ཚོགས་ཆུང་ངོས་ནས་གྲ་སྒྲིག་གནང་པ་ཞིག་ཡིན་པ་དང་།   ཚོགས་ཆུང་དེའི་ཚོགས་གཙོ་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས།  འགྲེམས་སྟོན་དེའི་དགོས་དམིགས་གཙོ་བོ་ནི་རྒྱ་གར་གྱི་གནད་ཡོད་དང་ས་གནས་མི་མང་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་སྲིད་ཀྱི་མཛད་འཕྲིན་ངོ་སྤྲོད་ཡོང་ཐབས་ཤིག་དང་།   ལྷག་པར་དུ་པར་རིས་དེ་དག་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་པ་ནས་བོད་དོན་ཐོག་མཛད་འཕྲིན་ག་རེ་བསྐྱངས་མིན་ཙམ་མ་ཟད།  རྒྱལ་ཁབ་སོ་སོའི་ཆོས་སྲིད་དབུ་ཁྲིད་ཚོའི་ལྷན་དུ་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་འབྲེལ་བཅས་ཀྱི་རླབས་ཆེན་མཛད་འཕྲིན་བཅས་པར་རིས་ཀྱི་ལམ་ནས་ངོ་སྤྲོད་ཡོང་ཐབས་ཤིག་ཡིན་པ་སོགས་ཀྱི་ངོ་སྤྲོད་གནང་སོང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནད་ཡོད་ཀྱི་མི་སྣ་ལྷན་འཛོམས་གནང་ཡུལ་ India Habitat ལྟེ་གནས་ཁང་དུ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག   ཕྱི་རྒྱལ་གཞུང་ཚབ་ཁག་གཅིག་གི་མི་སྣ་དང་།   རྒྱ་གར་བོད་དོན་དོན་གཉེར་ཅན།   བོད་མི་བཅས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་མ་ཟད།     སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་དང་།   བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ཡང་།    ཕྱི་ལོ་ ༡༩༥༩ ལོའི་བོད་ནང་གི་དུས་འགྱུར་རྗེས་རྒྱ་ཀར་ནག་བར་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ས་མཚམས་དམག་འཁྲུག་བྱུང་བ་སོགས་གསུངས་ཏེ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ངལ་དེ་དག་ལ་ལྟོས་མེད་བོད་རྒྱའི་དབར་གྱི་དཀའ་ངལ་དེ་འཚེ་མེད་ཞི་བའི་ལམ་ཐོག་ནས་སེལ་ཐབས་གནང་མུས་ཡིན་པ་ལྟར།   བོད་མིའི་དངོས་ཡོད་བདེན་འཚོལ་གྱི་ལངས་ཕྱོགས་དེར་འཛམ་གླིང་མང་ཚོགས་ནས་རྒྱབ་སྐྱོར་ཡོང་བ་བཅས་ཀྱི་འབོད་སྐུལ་ཞུས་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ཆར་ཡུ་རོབ་དང་ཨ་རི་བཅས་སུ་གཞུང་དོན་ཕྱོགས་བསྐྱོད་ཀྱིས་ཁ་ཉིན་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་གནང་བ་ཞིག་ཡིན་པ་མ་ཟད།   དེ་རིང་ད་དུང་ཁོང་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་ས་ལྡི་ལིར་གོ་སྒྲིག་ཞུས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་འོག་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མདོར་ན་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཤིག་ཏུ་དབུ་བཞུགས་ཀྱང་གནང་གི་ཡོད་པ་རེད།

མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཟེར་བ་དེ་བཟང་སྤྱོད་ཙམ་མ་ཟད་ཁྲིམས་དང་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད། ཨ་རིའི་རྒྱལ་ས་ Washington DC  ཝ་ཤིང་ཊོན་ཌི་སི་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཐོག་སྲིད་སྐྱོང་མཆོག་གིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ཁྲིམས་འགལ་ཡིན་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གནང་བཞིན་ཡོད་པ་སོགས་གསུངས་ཏེ། བོད་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་འདུ་ཤེས་སྐྲུན་རྒྱུར་སོ་སོའི་ནང་ནས་འགོ་འཛུགས་བྱ་དགོས་པ་ནན་བརྗོད་གནང་འདུག དེ་ཡང་སྐབས་དེར་སྲིད་སྐྱོང་མཆོག་གི་མང་ཚོགས་ལ་གསུང་བཤད་གྲུབ་མཚམས་དྲི་བ་དྲིས་ལན་གྱི་ལས་རིམ་ཁྲོད། མང་ཚོགས་ཁག་གཅིག་གིས་ཡོང་རྒྱུའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱ་རྒྱུ་ཡིན་པ་དང་འབྲེལ་ནས། བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ཡིག་དེས་དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་ལ་སྟོན་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཡིག་ཆའི་གཞི་རྩ་མེད་པ་བཟོས་སྐོར་བརྗོད་ཀྱི་ཡོད་པའི་ཐོག་ལ་དགོངས་བཞེས་གནང་ཕྱོགས་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་འདི་ལོའི་ཕྱི་ཟླ་ ༣ པའི་རང་རེའི་གྲོས་ཚོགས་ནང་བཀའ་ཤག་གི་གྲོས་ཆོད་ཅིག་བསྣམས་ཡོད་པ་དེའི་ནང་། ཁྲིམས་ཡིག་དེ་ནི་བཟང་སྤྱོད་དང་འགལ་བ་མ་ཟད་ཁྲིམས་དང་འགལ་ཡོད་སྐོར་ཐེར་འདོན་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་དེ་ནི་ཕྱི་ལོ་ ༡༩༨༢ ལོར་གཏན་འབེབས་བྱས་པ་དེ་ཡིན་ཞིང་། ཁྲིམས་དེའི་ཆ་རྐྱེན་ཞིག་གི་འོག་ནས་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ཞེས་པ་ཞིག་བཟོས་ཡོད་པ་དང་། ཁྲིམས་འདི་ད་ལྟའི་ཆར་རང་འཇག་གནས་ཡོད་པ། ལྷག་པར་མ་འོངས་པར་འབྲེལ་མོལ་སླར་གསོ་བྱུང་ཚེ་ཕྱི་ལོ་  ༢༠༠༨ ལོར་བསྟན་པའི་ཡིག་ཆར་གཞི་བཞག་བྱ་དགོས་མིན་ཐད་གཏན་འཇག་ཐབས་བྱུས་འཆར་འགོད་ཚོགས་ཆུང་དང་ལམ་སྟོན། གོ་བསྡུར་ཞུས་ཏེ་འགྲོ་ལུགས་གཞིར་བཟུང་ཐག་གཅོད་བྱེད་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་དེ་༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་དང་ཡང་ན་བོད་མིའི་སྒྲིག་འཛུགས་དང་ཐད་ཀར་བཀའ་མོལ་གནང་གི་ཡོད་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་ཡོད་པ་དང་། དེའི་སྐོར་ད་བར་ཞུས་དགོས་འོས་རིགས་རྣམས་ཞུས་ཟིན་པ་དང་། རྒྱ་ནག་ཕྱོགས་ནས་སྒོ་རྒྱབ་ཀྱི་འབྲེལ་བའང་ཡོད་ཅེས་བཤད་ཆོག་གི་མེད་སྐོར་བརྗོད་ཀྱི་ཡོད་ཅིང་། དེ་འབྲེལ་ཞིབ་ཕྲ་ད་ལྟའི་ཆར་ཞུ་རྒྱུའི་དུས་ཚོད་མིན་པར་དེས་ཕན་ལས་གནོད་ཆེ་བ་ཡོང་རྒྱུ་ཡིན་པར་བརྟེན། དེ་སྔོན་ཞུས་པ་བཞིན་ད་ལྟའི་ཆར་ཐུགས་ཕན་གསོས་པ་དེ་འདྲ་གང་ཡང་མེད་ཅེས་པ་དེས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་བོད་རྒྱ་འབྲེལ་མོལ་ལ་ཐུགས་ཕན་གསོས་པ་མེད་ཅེས་པའི་གོ་དོན་ཡིན་པར། གང་ལྟར་འབྲེལ་བ་བཞག་དགོས་ཀྱི་ཡོད་པར་༸སྐུ་མདུན་གྱི་ལམ་སྟོན་གཞིར་བཟུང་བརྟན་པོ་དང་ལྷིང་པོའི་ཐོག་འགྲོ་བཞིན་ཡོད་པ་ནན་བརྗོད་གནང་འདུག ད་དུང་མང་ཚོགས་ཁྲོད་ཕྱི་རྒྱལ་ནང་དུ་གནས་འཁོད་བོད་མི་མང་པོ་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ལ་ཨ་རི་ནས་ཐོབ་པའི་རོགས་དངུལ་ཁག་གཅིག་ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཐོག་རོགས་རམ་གནང་དགོས་པའི་གནད་དོན་ཐད་ཞུས་པར་སྲིད་སྐྱོང་མཆོག་གིས། ཨ་རི་གཞུང་གིས་རོགས་དངུལ་གནང་བའི་སྐབས་ཡིག་ཆར་ཚིག་གཞི་ཇི་འཁོད་ལྟར་འགྲོ་དགོས་ཀྱི་ཡོད་སྟབས། དེ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཡོད་པའི་ཚིག་གཞིའི་ནང་ལྷོ་ཨེ་ཤི་ཡ་ཞེས་གསལ་ཡོད་པར་ད་ལྟའི་ཕྱི་ལོ་ ༢༠༢༦ ལོའི་བཀའ་འཁྲོལ་ཚིག་གཞི་གསར་པ་ཡོད་པ་དང་། དེར་གཞིར་བཞག་སྟེ་རྒྱ་གར་དང་བལ་ཡུལ་ཙམ་མིན་པར་ས་ཁུལ་གཞན་ལ་ཁྱབ་ཐུབ་ཐབས་དང་། ཨ་རིའི་གྲོས་ཚོགས་ཀྱི་དགོངས་པ་ཡོད་པ་གཞིར་བཟུང་འཛིན་སྐྱོང་ནས་ལག་བསྟར་བྱས་ཚེ། ལམ་ཁ་མང་བ་སྒོ་ཕྱེ་ཡི་ཡོད་པ་དང་ཆབས་ཅིག རོགས་དངུལ་བེད་སྤྱོད་གཏོང་ཕྱོགས་ཐད་ཚིག་གཞི་གཞིར་བཟུང་འགྲོ་དགོས་པ་གསལ་བཤད་གནང་འདུག མ་ཟད་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ཐོག་ནས་བོད་མིའི་འཐབ་རྩོད་གནང་བའི་དུས་ལ་སླེབས་མེད་དམ་ཞེས་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་གིས། ད་ལྟའི་ཐབས་ལམ་དེ་ལས་ཡག་བ་དང་། མྱུར་བ། སྒྲུབ་ཐུབ་རྒྱུ་ཡོད་པ་ཞིག་ཡོད་ཚེ་ཡིན་དང་ཡིན་ཞེས་བསམ་བློ་གཏང་ཆོག་གི་ཡོད་པ་དང་གོ་བསྡུར་བྱེད་ཆོག་གི་ཡོད་ཅིང་། ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ནི་རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས། ལྷག་པར་བོད་ནང་གི་གནས་སྟངས་ལ་གཞིགས་ནས་བཀའ་ཤག་གི་ཐབས་བྱུས་འཛིན་བཞིན་ཡོད་ཅེས་གསུངས་འདུག ཨ་རིས་བོད་མིའི་སྒྲིག་འཛུགས་ལ་བོད་གཞུང་ཞེས་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་ལྟར་རྒྱ་གར་གཞུང་ནས་བོད་གཞུང་ངོས་འཛིན་གནང་ཐབས་ཀྱི་གནད་དོན་དང་འབྲེལ་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ས་ཐོག་ཏུ་ཞབས་སོར་འཁོད་རྗེས། སྐབས་དེར་ང་དང་ངའི་བཀའ་ཤག་ག་བ་ཡོད་ན་བོད་གཞུང་དེར་ཡོད་ཅེས་བཀའ་སྩལ་ཡོད་པ་དང་། དེའི་རྗེས་རྒྱ་གར་གཞུང་ནས་བོད་གཞུང་ངོས་ལེན་བྱེད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པར་ད་ལྟའི་བཀའ་ཤག་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བའི་ཐོག་ལོ་རྒྱུས་ཀྱི་གནས་བབ་སྐོར་ཤུགས་གནོན་འཕར་མ་སྐྱོན་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཇི་འདྲ་ཞིག་ཡིན་རུང་སོ་སོའི་མངོན་འདོད་སྔོན་ལ་བཞག་གི་ཡོད་པ་དང་། རྒྱ་གར་དང་བོད་ཀྱི་མངོན་འདོད་མཐུན་པའི་ཐོག་གནས་སྟངས་མང་པོ་ཞིག་ལ་གཞིགས་ཏེ་མདུན་བསྐྱོད་བྱེད་དགོས་ཀྱི་ཡོད་པ་སོགས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བའི་ནང་། སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་དུ་གཞུང་འབྲེལ་གྱི་ཕྱོགས་ཕེབས་གནང་དོན་གཙོ་བོ་ནི། བོད་དང་འབྲེལ་བའི་ཨ་རིའི་ཁྲིམས་དེ་དག་ལག་བསྟར་གནང་ཕྱོགས་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་གཏན་འབེབས་བོད་མི་དང་རྒྱ་ནག་གི་མངའ་ཁོངས་ཡོད་པའི་མི་རིགས་དེ་དག་རྒྱ་སྒྱུར་བྱ་ཐབས་ཀྱི་སྲིད་བྱུས་ཁྲིམས་ཐོག་ནས་གཏན་འབེབས་བྱས་ཏེ། ཆབ་སྲིད་ཀྱི་འགྱུར་ལྡོག་གསར་པ་ཁག་གི་སྐོར་བཀའ་བསྡུར་གནང་ཆེད་ཡིན་བཀོད་འདུག གནད་དོན་དེ་དང་འབྲེལ་ནས་ཝ་ཤིང་ཊོན་ཌི་སི་ནང་དུ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Riley Barnes རའི་ལི་སྦཱན་སི་ལགས་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དོན་དང་འབྲེལ་བའི་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ Appropriations and foreign relations committee related to Tibet matters གི་འབྲེལ་ཡོད་ལས་བྱེད་དང་མཇལ་འཕྲད་བགྲོ་གླེང་གནང་འདུག དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་དང་མཇལ་འཕྲད་གནང་འདུག གཞི་རྩའི་འདི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་ཝ་ཤིང་ཊོན་ཌི་སི་ཁུལ་དུ་མཛད་འཆར་གྲུབ་མཚམས། ས་གནས་ནིའུ་ཡོག་ཏུ་ཕེབས་ནས་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་མི་མང་ཚོགས་ལ་༸རྒྱལ་བའི་སྐུའི་འཕྲད་བཞེས་དང་བོད་མི་ནང་ཁུལ་མཐུན་སྒྲིལ་དང་ནུས་པ་མཉམ་སྤུང་བྱ་དགོས་གལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་དགོངས་དོན། བཀའ་ཤག་སྐབས་ ༡༦ དང་ ༡༧ པའི་ལས་དོན་བྱེད་ཕྱོགས་སོགས་དང་འབྲེལ་ནས་གསུང་བཤད་དང་དྲི་བ་དྲིས་ལན་བཅས་ཀྱི་ལས་རིམ་བསྐྱངས་ཡོད་པ་མ་ཟད། ཚེས་ ༢༡ ཉིན་ཟླ་སྣང་བོད་ཀྱི་རིག་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་དུས་སྟོན་དང་འབྲེལ། ༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སཱི་ཤེས་ཡོན་གྱི་གལ་གནད་སྐོར་དང་། རྒྱ་ནག་གཞུང་གི་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་འོག་བོད་ཀྱི་སྐད་དང་ཡི་གེ་གཙོ་བོར་གྱུར་བའི་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གི་གནས་བབ་ཤེས་པའི་ཐོག་ནས། བོད་པའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྔར་ལྷག་དོ་སྣང་གིས་མི་ཉམས་རྒྱུད་འཛིན་བྱ་དགོས་པ་ནན་བརྗོད་གནང་འདུག མཛད་རིམ་ལྟར་ན་སྲིད་སྐྱོང་མཆོག་ཁ་སང་ཚེས་ ༢༢ ཉིན་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་དང་། སང་ཉིན་ཚེས་ ༢༤ ནས་ཚེས་ ༢༧ བར་རྒྱལ་ས་ལྡི་ལི་ཁུལ་དུ་གཞུང་འབྲེལ་མཛད་འཆར་ཁག་གཅིག་ཡོད་པ་རེད་འདུག

བོད་མི་གཙོས་ཡུ་གུར་དང་སོག་པོ་སོགས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོས་ལེན་མེད་པའི་རྣམ་པ་དུས་དང་རྣམ་པ་ཀུན་ཏུ་བཏོན་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བོད་མི་གཙོས་རྒྱ་ཡི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་མི་རིགས་རྣམས་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྣང་མེད་དཀྱུར་འཇོག་མ་བྱས་པར་དེར་ངོས་ལེན་མེད་པ་དང་དགག་པ་མཐའ་གཅིག་ཏུ་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་དགོས་པ་གསུངས་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ད་ཆ་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར། ཁ་སང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་ཚོགས་མི་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་ཡོད་པ་དང་། སྐབས་དེར་བོད་པའི་གསར་འགོད་པ་ཟུར་པ་ཞིག་ནས་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་སུ་བོད་དོན་སྐོར་གྲོས་འཆར་གསར་པ་གཉིས་ཆེད་འདོན་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། ཁྲིམས་འཆར་འདི་ལྟ་བུ་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་ལེན་གནང་རྒྱུ་ཐག་ཉེ་པོར་འགྲོ་བའི་ལམ་ཁ་ཞིག་ལ་གཟིགས་མིན་དང་དེར་རེ་བ་ཇི་ཡོད་བཅས་ཀྱི་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ནས་བོད་ཐོག་ཁྲིམས་ཡོད་པ་འདི་ཨ་རི་གཅིག་པུ་ཆགས་ཀྱི་ཡོད་པ་དང་། འདི་ཡང་ ༢༠༠༢ ལོར་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཆགས་ཀྱི་ཡོད་པ་དང་དེ་ནས་རིམ་པའི་ཁྲིམས་འཆར་དེར་བསྐྱར་བཅོས་ཀྱིས་ཁྲིམས་འཆར་དང་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སོགས་གཏན་འབེབས་བྱུང་བ་མ་ཟད། ཨ་རི་གྲོས་ཚོགས་ཀྱིས་སྔོན་རྩིས་ཁྲིམས་འཆར་ནང་ཆེས་ཐོག་མར་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་གནང་རྒྱུ་ཡིན་པའི་ཚིག་བརྗོད་འཁོད་ཡོད་པ་བཅས་ལུང་འདྲེན་གནང་བ་དང་སྦྲགས། ང་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་གཞུང་འབྲེལ་ངོས་འཛིན་ཐོབ་པར་ད་དུང་ལས་ཀ་བྱེད་རྒྱུ་མང་པོ་ཡོད་པའི་ཐོག་འབད་བརྩོན་གནང་མུས་ཡིན་པ་དང་ལྷག་པར་དུ་ཁྲིམས་འཆར་གསར་པ་དེ་གྲོས་ཚོགས་གོང་འོག་གཉིས་ནང་གཏན་འབེབས་ཐུབ་པར་ཚང་མས་ཧུར་བསྐྱེད་གནང་དགོས་གལ་ཡིན་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་གསར་པའི་མཇུག་འབྲས་ཚབས་ཆེན་སྐོར་དང་འབྲེལ། འདི་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་སྐད་ཡིག་བཅས་པའི་ངོ་བོ་ཡོངས་སུ་རྫོགས་པ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ངན་པ་ཞིག་ཆགས་ཀྱི་ཡོད་པ་དང་སྲིད་བྱུས་འདི་ཉིད་དངོས་སུ་ལག་བསྟར་ལོ་འགའ་ཤས་སྔོན་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ཆ་ཤས་འོག་ནས་བྱེད་བཞིན་ཡོད་པ་དང་། ད་རེས་བྱེད་ལས་དེ་དག་ལ་ཁྲིམས་ཐོག་ནས་ངོས་འཛིན་བྱས་པ་དང་།  ལྷག་པར་དུ་དེའི་ནང་དོན་ཚན་ ༦༣ པ་དེ་བཞིན་རྒྱལ་མཚམས་བརྒལ་བའི་གནས་སྟངས་ཆགས་ཀྱི་ཡོད་སྟབས།  ཉེ་ཆར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱིས་དབུ་འབྱེད་གཏམ་བཤད་ནང་། རྒྱ་ནག་གཞུང་གིས་བོད་གཙོས་རྒྱ་ཡི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་ནང་མི་རིགས་དེ་དག་གི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བློ་འཚབ་ཆེན་པོ་གནང་གི་ཡོད་པ་དང་སྦྲགས། རྒྱ་གཞུང་གིས་ཁྲིམས་ཡིག་དེ་ཉིད་འཕྲལ་དུ་ཕྱིར་བསྡུ་དང་མཚམས་འཇོག་དགོས་པའི་ནན་བརྗོད་གནང་ཡོད་པ་སོགས་ལུང་འདྲེན་གནང་སྟེ་བོད་མི་གཙོ་བོར་གྱུར་པའི་ཡུ་གུར་དང་སོག་པོ་སོགས་ནས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དེར་མོས་མཐུན་མེད་པ་དང་དགག་པ་མཐའ་གཅིག་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་དགོས་པ་གསུངས་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་སྲིད་སྐྱོང་མཆོག་ལ་ད་ལྟའི་ཨ་རིའི་གྲོས་ཚོགས་ནང་གི་གཞོན་སྐྱེས་མི་རབས་གསར་པའི་གྲོས་ཚོགས་འཐུས་མི་ཚོ་དང་འབྲེལ་བ་ཇི་ཙམ་གནང་ཐུབ་མིན་སྐོར་བཀའ་འདྲི་གནང་བའི་བཀའ་ལན་དུ། དེ་སྔའི་བཀའ་ཤག་དང་ད་ལྟའི་བཀའ་ཤག་ངོས་ནས་ཨ་རིའི་གྲོས་ཚོགས་ནང་གི་བགྲེས་གཞོན་འཐུས་མི་རྣམས་དང་གང་མང་འབྲེལ་བ་གཏིང་ཟབ་བྱ་རྒྱུའི་འབད་བརྩོན་ཞུས་མུས་ཡིན་པ་དང་ལྷག་པར་བོད་དོན་རྒྱུན་གནས་ཐུབ་པར་གཞོན་སྐྱེས་འཐུས་མི་གསོ་སྐྱོང་གནང་རྒྱུ་དེ་གལ་འགངས་ཆེན་པོར་རྩིས་འཞིན་ཡོད་ཅེས་གསུངས་འདུག དེའི་ཁྲོད་བཙན་བྱོལ་བོད་མིའི་མི་འབོར་ལ་གཞིགས་པའི་ཁེ་ན་ཌར་སྤྱི་འཐུས་ཀྱི་ཞབས་ཀྱག་ལོགས་སུ་དགོས་གལ་གཟིགས་མིན་ཐད་ད་ལྟའི་བཀའ་ཤག་གི་དགོངས་ཚུལ་ཇི་ཡིན་སྐོར་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་སྐབས་ ༡༧ པའི་བཀའ་ཤག་དང་སྤྱི་འཐུས་སྐབས་ ༡༨ པ་གསར་པ་ཕེབས་གྲུབ་མ་ཐག་ཡིན་པ་སོང་ཙང་ལམ་སེང་སྤྱི་འཐུས་ཀྱི་གྲུབ་གཞི་སོགས་ཀྱི་ཐོག་ལ་བཀའ་མོལ་ཡོང་དཀའ་བ་ཞིག་ཡིན་ནའང་། བཀའ་ཤག་གི་མ་འོངས་བོད་ཀྱི་འགན་སྲུང་ཡིག་ཆ་གཞིར་བཟུང་ལྟར་ན་ང་ཚོས་དུས་དང་གནས་བབ་ལ་དཔག་པའི་མང་གཙོའི་སྒྲོམ་གཞི་དང་སྤྱི་འཐུས་ཀྱི་གྲུབ་ཆ་དག་དངོས་ཡོད་གནས་སྟངས་དང་མཐུན་པའི་འགྱུར་བ་གང་འདྲ་དགོས་མིན་ཐད་བགྲོ་གླེང་བརྒྱུད་ཕྱག་བསྟར་དགོས་པ་འཁོད་ཡོད་ཅེས་དང་བཀའ་ཤག་གི་གཙོ་བོ་འོས་ཀྱི་ཐོབ་ཐང་འདྲ་མཉམ་གྱི་ལམ་བུར་བསྐྱོད་ཐུབ་ཚེ་རྒྱལ་སྤྱིའི་ཐོག་ནས་མང་གཙོ་ཚད་ལྡན་ཇི་ལྟར་ཡོད་མེད་འགྲེལ་བརྗོད་བྱེད་སླ་བ་དང་དེས་བོད་མིའི་སྤྱི་ཚོགས་ནང་མཐུན་ལམ་ལ་ཕན་པ་སོགས་གསུངས་འདུག རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱིང་མཆོག་ད་རེས་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་གནང་དོན་གཙོ་བོ་ནི། ཨ་རིའི་རོགས་དངུལ་བཀའ་ཁྲོལ་གཏན་འབེབས་ཡོད་པ་རྣམས་ལས་གཞི་གང་དང་གང་ལ་ཐོབ་མིན་ཐོག་གསལ་ཆ་ཡོང་ཆེད་དུ་ཡིན་པ་དང་དེའི་སླད་སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྔོན་རྩིས་ཚན་པའི་ལས་བྱེད་མཐོ་གྲས་ཁག་གཅིག་དང་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་སོགས་དང་མཇལ་མོལ་གནང་འདུག ཤེས་རྟོགས་བྱུང་བར་གཞིགས་ན།  ཟླ་བ་འདིའི་ཚེས་ ༡༥ ཉིན་ཨ་རིའི་ཝ་ཤིང་ཌོན་ཌི་སི་རུ་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས་གནང་ཡོད་པའི་ཁྲོད། ཨ་རི་སྐུ་ཚབ་དོན་ཁང་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱི་ལས་བྱེད་རྒན་པ་ཁག་གཅིག་དང་མཇལ་འཕྲད་གནང་སྟེ་བོད་ཀྱི་གནད་དོན་ཁག་སྲིད་བྱུས་དང་ཐག་གཅོད་བརྒྱུད་ནས་གོང་འཕེལ་གཏོང་ཐབས་སྐོར་གླེང་མོལ་གནང་འདུག དེ་རྗེས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་བསྟི་གནས་ཀེ་པི་ཊོལ་ཧིལ་དུ་ཡུལ་དེའི་གྲོས་ཚོགས་འོག་མའི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཕྱི་སྲིད་ལས་དོན་དང་། འབྲེལ་ཡོད་ལས་གཞི་བཅས་ཀྱི་ནང་གསེས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ (Mario Diaz-Balart) ལགས་ཀྱི་ལས་བྱེད་ (Jamie McCormick) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་དངུལ་རྩིས་དང་། བློ་འཚབ་ཆེ་བའི་གནད་དོན། དེ་བཞིན་མ་དངུལ་གྱི་གནད་དོན་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་འཇར་མཱ་ནིའི་གནད་ཡོད་མི་སྣ་མཇལ་འཕྲད་དང་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཐོག་མཉམ་ཞུགས།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༦ ཚེས་ ༨ ནས་ ༢༧ བར་ཉིན་གྲངས་ཉི་ཤུ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྦར་ལིན། ཕརེང་ཕརཊ། ཝ་ཤིང་ཀྲོན་ཌི་སི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་དང་གནང་མུས་ཁྲོད། འདི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཇར་མཱ་ནིའི་རྒྱལ་ས་སྦར་ལིན་ནང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། ཉིན་རྒྱབ་ཡུལ་ད་གའི་གྲོས་ཚོགས་ German Bundestag ནང་དུ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ཚན་པའི་ཚོགས་གཙོ་ Thomas Rachel ཐ་མཱ་སི་རེ་ཁེལ་ལགས་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས། དེ་བཞིན་རྒྱ་ནག་གི་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་སོགས་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ལ་གླེང་སློང་གནང་འདུག https://youtu.be/EMfxz9-Msk8?si=kfcECWBiyD1OqZpN དེ་ཡང་སྲིད་སྐྱོང་མཆོག་གི་ཕྱོགས་བསྐྱོད་དེ་ནི། བཀའ་ཤག་སྐབས་ ༡༧ པའི་བཀའ་ཤག་གི་ལས་འཁུར་ཁྲོད་ཕྱོགས་བསྐྱོད་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་ཅིང་། དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་སྤེལ་བའི་ནང་། ཇར་མཱ་ནིའི་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ཚན་པའི་ཚོགས་གཙོ་ Thomas Rachel ཐ་མཱ་སི་རེ་ཁེལ་ལགས་དང་མཇལ་འཕྲད་སྐབས་སྲིད་སྐྱོང་མཆོག་གིས། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་ལྡི་ལིར་སྐུའི་ཞབས་པུས་གཡོན་པའི་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ད་ལྟའི་ཆར་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་སྐོར་གསུངས་བ་དང་། དེ་བཞིན་བོད་ཀྱི་ཉེ་རབས་ལོ་རྒྱུས་དང་འབྲེལ་ནས། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱེད་སྒོ་ཚུགས་པ་དང་། དམག་དོན་གྱི་གནོན་ཤུགས་འགོ་བཞག་པའི་གྲོས་མཐུན་དོན་ཚན་ ༡༧ གྱི་གནད་དོན། དེ་བཞིན་རིག་གནས་གསར་བརྗེ་སྐབས་དགོན་པ་ ༦༠༠༠ ལྷག་གཏོར་བཤིག་བཏང་བའི་གནད་དོན་སོགས་མདོར་ན་བོད་འདི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་དཔལ་ཡོན་ལྡན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་གསལ་སྟོན་གནང་འདུག ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་ནས། སྲིད་འཛིན་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ཐད་བློ་འཚབ་གསལ་སྟོན་གནང་བ་མ་ཟད། ཆོས་དད་རང་དབང་དང་ཤེས་ཡོན། སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་རྣམས་ཛ་དྲག་རང་བཞིན་ཞིག་ཆགས་ཀྱི་ཡོད་པ། བོད་ནང་ཆེད་འཛུགས་བྱས་པའི་རྒྱ་ནག་གི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭའི་སྐོར། ལྷག་པར་བོད་ནང་ངོ་རིགས་ངོས་འཛིན་བྱེད་ཀྱི་འཕྲུལ་རིགས་དང་རིགས་རྫས་བསྡུ་ལེན། དྲ་རྒྱའི་བྱ་ར་བྱ་རྒྱུའི་མཚོན་པའི་ལྟ་སྲུང་གི་འཕྲུལ་ཆས་རྒྱ་ཁྱབ་ཏུ་ཆེད་འཛུགས་བྱས་ཡོད་པ་གསལ་སྟོན་ཐོག ཕྱི་རྒྱལ་ཁབ་ཁག་ཏུའང་དེ་འབྲེལ་བྱ་སྤྱོད་སྤེལ་གྱི་ཡོད་པ་སོགས་ཐེར་འདོན་གནང་འདུག མ་ཟད་༸རྒྱལ་བའི་ཡང་སྲིད་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་ངེས་ཡིན་པར་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འགལ་ཟླར་འགྲོ་ཡི་ཡོད་སྟབས། ཡང་སྲིད་ངོས་འཛིན་གྱི་བདག་དབང་ཡོངས་རྫོགས་སྐུ་སྒེར་ལ་ཡོད་པ་ནན་བརྗོད་གནང་འདུག དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་ལ་ཆེད་སེམས་བརྟན་པོ་གནས་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག ཉིན་དེའི་ཕྱི་དྲོ་སྲིད་སྐྱོང་མཆོག་ཚེས་ ༡༡ ནས་ ༡༣ བར་ཚོགས་པའི་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་ཀྱིས། རྒྱ་ནག་གི་སྲིད་བྱུས་འོག་གནོད་འཚེ་ཕོག་མཁན་ཕན་བོད་མི་དང་ཡུ་གུར། སོག་པོ། ཧོང་ཀོང་བ། ཐའེ་ཝན་པ་ནང་ཕན་ཚུན་ཐབས་བྱུས་ལྡན་པའི་ཐོག་ནས་ནུས་པ་མཉམ་སྤུངས་གནང་དགོས་གལ་ཡིན་པ་དང་། གཅིག་སྡུད་རིང་ལུགས་ཀྱི་ཤུགས་རྐྱེན་ཇེ་ཆེར་འོག་མང་གཙོ་དོན་གཉེར་ཅན་རྣམས་ནས་རང་དབང་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། རིག་གཞུང་སྣ་མང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་མཉམ་ལས་ངེས་པར་དུ་གནང་དགོས་པ་ནན་བརྗོད་གནང་འདུག དེ་བཞིན་རྒྱ་ནག་གི་སྲིད་བྱུས་འོག་བོད་དང་ཤར་ཏུར་ཀིས་ཐན། ལྷོ་སོག་པོ་བཅས་ཀྱི་ནང་མི་འབོར་འགྱུར་བ་འགྲོ་བཞིན་ཡོད་པ་དང་འབྲེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་ནི་ཧཱན་མི་རིགས་མ་ཡིན་པ་རྣམས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་བཅས་པ་རྩ་མེད་གཏོང་ཐབས་ཀྱི་དམིགས་ཡུལ་བཟུང་ཡོད་པ་ཐེར་འདོན་གནང་འདུག མ་ཟད་བོད་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་རྒྱག་བཞིན་པའི་གནད་དོན་དང་འབྲེལ་ནས་ཁོར་ཡུག་གི་དཀའ་ངལ་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་བཅས་ཀྱི་ཐོག་བཀའ་མོལ་རིམ་པ་གནང་སྟེ། མཐར་རྒྱ་ནག་གི་སྟོབས་ཤུགས་དང་ཤུགས་རྐྱེན་ཇེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ནང་ཁུལ་ལ་དཀའ་ངལ་ཤུགས་ཆེ་ཡོད་པ་གསལ་སྟོན་གྱིས། གནོད་འཚེ་ཕོག་མཁན་རྣམས་ནས་རེ་བ་མ་བརླག་པར་མཉམ་འབྲེལ་གྱི་ནུས་པ་རྒྱ་སྐྱེད་དང་། མ་འོངས་གོ་སྐབས་ལ་ཐབས་བྱུས་ལྡན་པའི་ཐོག་ནས་གྲ་སྒྲིག་གནང་དགོས་གལ་ཡིན་པ་སོགས་གསུངས་འདུག སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཙོས་པའི་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས། འཇར་མ་ནི་བོད་རིགས་ཚོགས་པའི་ཚོགས་གཙོ་དོན་གྲུབ་ལགས་བཅས་མཉམ་ཞུགས་གནང་འདུག ཚེས་ ༡༢ ཉིན་སླར་ཡང་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཀྱི། Testing Global Red Lines: East Turkistan, Tibet, and Taiwan འམ་གོ་ལའི་དམར་ཐིག་ལ་ཚོད་ལྟ་བྱེད་པ། ཤར་ཏུར་ཀི་སི་ཐན་དང་བོད། ཐའེ་ཝན་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ནང་མཉམ་ཞུགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་བྱམས་བརྩེ། འགྲོ་བ་མིའི་ཀུན་ཁྱབ་ཀྱི་རིན་ཐང་བཅས་གོང་སྤེལ་མཛད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ད་ལྟའི་སྐུའི་འཕྲོད་བཞེས་བཟང་པོ་ཡིན་པ་བཅས་གསུངས་འདུག ལྷག་པར་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་གཞུང་གི་ཐེ་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ཐོག བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་གསེར་བུམ་དཀྲུག་འདོན་བྱ་རྒྱུ་དེ་ནི་སྲོལ་རྒྱུན་གྱི་ཆ་རྐྱེན་ཡིན་པའི་དཔང་རྟགས་འདང་ངེས་མེད་པ་ཉེ་རབས་ལོ་རྒྱུས་ཀྱི་ཞིབ་འཇུག་ལས་ར་སྤྲོད་ཐུབ་ཀྱི་ཡོད་པ་ཐེར་འདོན་གནང་འདུག དེ་བཞིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་རྒྱ་ནག་གིས་ངོས་འཛིན་བྱས་པ་དེ་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་པ་ཞིག་དང་། དེར་བོད་མིས་ཁས་ལེན་བྱེད་ཀྱི་མེད་པ་གསལ་སྟོན་གནང་འདུག ལྷག་པར་བོད་ཀྱི་ལོ་རྒྱུས་གནས་བབ་དང་འབྲེལ་ནས་རྒྱ་རིགས་སློབ་དཔོན་ཆེན་མོ་ Lao Hang-Shang ལགས་ཀྱིས་ཉམས་ཞིབ་ལུང་འདྲེན་གྱིས། རྒྱ་ནག་གི་བཤད་པ་ལྟར་བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་འཁྱོག་བརྗོད་དེ་དག་ཡུ་ཝན་དང་མིང་རྒྱལ་རབས། ཆིངས་རྒྱལ་རབས་གང་གི་ནང་དུའང་གསལ་གྱི་མེད་པ་ཐེར་འདོན་ཐོག བོད་ཀྱི་ལོ་རྒྱུས་བདེན་དཔང་དང་མཁས་པའི་ཉམས་ཞིབ་དེ་དག་གི་གལ་གནད་མངོན་གསལ་གནང་འདུག མ་ཟད་ཨ་རིའི་བོད་དོན་ཁྲིམས་ཡིག་ནང་༸རྒྱལ་བའི་ཡང་སྲིད་སྐོར་འཁོད་ཡོད་གཞིར་བཟུང་མང་གཙོ་རྒྱལ་ཁབ་གཞན་ཚོས་ཀྱང་དེ་འབྲེལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གི་ཡོ་རོབ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་མཛད་འཆར་གྲུབ་མཚམས། ཡུལ་དེ་གའི་གྲོས་ཚོགས་འཐུས་མི་ Michael Brand ལགས་དང་མཇལ་འཕྲད་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་སྐོར་དང་མ་འོངས་བོད་དོན་ཐབས་བྱུས་སྐོར་གླེང་སློང་གནང་རྗེས། ཁོང་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བསྐྱར་ནན་གནང་འདུག དེའི་རྗེས་སྲིད་སྐྱོང་མཆོག་དབུས་པའི་བོད་མིའི་སྐུ་ཚབ་ནས་ཇར་མཱ་ནིའི་གཞུང་འཛིན་མི་སྣ་དང་ལྷན་དུ་མཇལ་འཕྲད་ཀྱིས། བོད་ནང་གི་ཛ་དྲག་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། བོད་རྒྱའི་རྩོད་རྙོག་ཞི་སྒྲིག་ལ་རྒྱལ་སྤྱིའི་རྒྱབ་བཅས་ཀྱི་ཐོག་ལ་གླེང་སློང་གནང་འདུག གཞི་རྩའི་སྲིད་སྐྱོང་མཆོག་འདི་ཚེས་ ༡༣ ཉིན་ Tibet Initiative Deutschland ཞེས་པའི་ Germany བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༣༧ པའི་ཐོག་མཉམ་ཞུགས་གནང་འདུག སྲིད་སྐྱོང་མཆོག་ཇར་མ་ནིའི་ཁུལ་གྱི་མཛད་འཆར་གྲུབ་མཚམས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་ཁུལ་དུ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་རེད།

སྟོན་པའི་གསུང་རབ་སླར་གསོ་ཐུབ་པ་དེ་ནི་བོད་མིས་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཡག་ཤོས་དེ་ཡིན་པ་གསུངས་སོང་།

ཁ་སང་ཕྱི་དྲོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་ས་ལྡི་ལིར་གསུང་བཤད་ཞིག་གནང་སྐབས། བོད་མི་ཚོས་རྒྱ་གར་ནང་ཤིན་ཏུ་ནས་རྩ་ཆེ་བའི་སྟོན་པའི་གསུང་ཪབ་ཁག་སླར་གསོ་བྱེད་ཐུབ་པ་དེ་ནི་གཟི་བརྗིད་ལྡན་པ་ཙམ་དུ་མ་ཟད།   རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ལེགས་སྐྱེས་ཆེན་པོ་ཞིག་ཀྱང་ཡིན་སྐོར་གསུངས་ཡོད།  ཁ་སང་གསུང་བཤད་ཀྱི་ལས་རིམ་དེ་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་དུ་མང་མོས་འདེམས་ཐོན་རྗེས་མང་ཚོགས་དང་ཐད་ཀར་གཏམ་བཤད་གནང་བའི་ལས་རིམ་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད། https://www.youtube.com/watch?v=2PO33jJ48JY དེ་ཡང་འདི་ལོའི་རྒྱལ་སྤྱིའི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བའི་ཆ་ཤས་སུ།   ཁ་སང་ཕྱི་དྲོ་རྒྱ་གར་རྒྱལ་ས་དི་ལླིའི་ཤེས་ཡོན་མི་སྣའི་ལྟེ་གནས་ India Habitat Centre དུ།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་ཕུལ་བའི་བླ་སློབ་ཀྱི་ལེགས་སྐྱེས་ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།   སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱིོ་ཆོས་རྒྱལ་སྐབས་ཀྱི་ལོ་རྒྱུས་ནས་བཟུང་རྒྱ་གར་དང་དཔལ་ཡོན་གྱི་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད།   རིམ་པས་རྒྱལ་ཁབ་གཉིས་དབར་ཆོས་དང་སྐད་ཡིག  རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་འཕེལ་རྒྱས་དང་།  ལྷག་པར་ རྒྱ་གར་གཞུང་དམངས་གཉིས་ནས་ཀྱང་བོད་མིར་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་སྐབས་གང་སྤྱིའི་མཐུན་འགྱུར་གནང་དང་གནང་མུས་བཅས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས།   ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞིའི་འོག་བོད་མི་ཚོས་རྒྱ་གར་གྱི་ཤིན་ཏུ་ནས་རྩ་ཆེ་བའི་ནང་བསྟན་གྱི་སྲོལ་རྒྱུན་ཁག་ཉར་ཚགས་ཀྱིས་སླར་གསོ་དང་དར་སྤེལ་ཐུབ་པ་དེ་ནི་རྒྱ་གར་གཞུང་དམངས་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཤིན་ཏུ་ནས་ཆེན་པོ་ཞིག་ཡིན་པ་སོགས་གསུངས་ཡོད།   India Habitat Centre གིས་གོ་སྒྲིག་ཞུས་པའི་གཏམ་བཤད་ཀྱི་ལས་རིམ་དེ་ལྟེ་གནས་ཁང་དེའི་འགན་འཛིན་སྐུ་ཞབས་སློབ་དཔོན་ KG Suresh མཆོག་གི་གཙོ་སྐྱོང་འོག  གསར་འགོད་པ་གྲགས་ཅན་སྐུ་ཞབས་ Vijay Kranti མཆོག་གི་སྟངས་འཛིན་གནང་ཡོད་པ་དང་།   གཏམ་བཤད་ལས་རིམ་དེའི་ཐོག་ཆབ་སྲིད་མི་སྣ་དང་།  ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ།   མཁས་དབང་།   སློབ་ཕྲུག་དང་བོད་དོན་དོན་གཉེར་བ་སོགས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག་པ་མ་ཟད།  དྲི་བ་དྲི་ལན་གྱི་ལས་རིམ་སྐབས།   ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ངོ་མ་ལྕམ་སྐུ་ Dr. Eliska Zigova མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང་།  ༸གང་ཉིད་ཀྱི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་མྱུར་དུ་གསལ་བ་བཅས་ཀྱི་དགོངས་ཚུལ་ཡང་བཀའ་གནང་ཡོད།   འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་མཆོག་ལ་གཏམ་བཤད་ཀྱི་ལས་རིམ་དེའི་སྐོར་བཅར་འདྲི་ཞུས་པར། རྒྱ་གར་མི་མང་ཚོར་བོད་ཀྱི་གནད་དོན་གསལ་བཤད་བྱེད་རྒྱུ་དེ་གལ་གནད་ཆེན་པོར་ངོས་འཛིན་གནང་གི་ཡོད་པའི་འགྲེལ་བརྗོད་གནང་གི་འདུག གཞི་རྩའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༨  ནས་ཉིན་གྲངས་ཉི་ཤུ་རིང་རྒྱལ་ས་དི་ལླི་དང་།  ཡོ་རོབ།   ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་།  འཇར་མན་ཁུལ་དུ་སྲིད་སྐྱོང་མཆོག་ནས་ཚོགས་འདུ་ཁག་གཅིག་ཏུ་ལྷན་བཞུགས་དང་སྦྲགས་གཞུང་ཕན་ཚུན་འབྲེལ་ལམ་དང་།   དེ་ནས་ཨ་རིའི་ནང་རོགས་དངུལ་དང་འབྲེལ་བའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།  

Latest news