སྲིད་སྐྱོང་།

སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་དམ་འབུལ།

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པའི་ཉིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་སྐབས་ ༡༧ པའི་བཀའ་ཤག་གི་འདེམས་ཐོན་བཀའ་བློན་རྣམ་པས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་སོང་། ལས་འཁུར་དམ་འབུལ་གྱི་མཛད་སྒོ་དེ་བཞིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འཚོགས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་དབུས་པའི་མཛད་གཙོ་རྣམ་པ་ལྷན་ཞུགས་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་དྲུང་ནས་ལས་འཁུར་དང་གསང་རྒྱའི་དམ་འབུལ་ཞུས་ཡོད་ཅིང་། དམ་འབུལ་ཞུས་གྲུབ་མཚམས་བཀའ་བློན་རྣམ་པས་དམ་འབུལ་ཡིག་ཆ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་མ་དེབ་བཅས་སུ་མཚན་རྟགས་བསྐྱོན་སོང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་བློན་གྱི་དམ་འབུལ་གྲུབ་མཚམས། ཆོས་རིག་བཀའ་བློན་དུ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དང་། ནང་སྲིད་བཀའ་བློན་དུ་དཔལ་ལྡན་དོན་གྲུབ་མཆོག དཔལ་འབྱོར་བཀའ་བློན་དུ་ཚེ་རིང་དོན་གྲུབ་མཆོག ཤེས་རིག་བཀའ་བློན་དུ་ཨོ་རྒྱན་བསྟན་འཛིན་མཆོག བདེ་སྲུང་བཀའ་བློན་དུ་ཀུན་དགའ་བཀྲ་ཤིས་མཆོག འཕྲོད་བསྟེན་བཀའ་བློན་དུ་པདྨ་མཚོ་མཆོག་བཅས་ལ་བསྐོ་གཞག་དང་ལས་ཁུངས་ཆ་བགོས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གནས་སྐབས་རིང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་བཀའ་བློན་རྣམས་ལ་བཅར་འདྲི་ཞུས་སྐབས། བཀའ་བློན་ཚང་མས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་གི་འོག་ནས་གཙོ་བོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གྲུབ་པར་བྱ་རྒྱུ་དང་བོད་གཞིས་བྱེས་མང་ཚོགས་ཀྱི་མངོན་འདོད་ལྟར་གྲུབ་རྒྱུ་ཙམ་མ་ཟད། གཞིས་བཞུགས་བོད་མིའི་ཐུགས་ཕམ་མ་བྱུང་བའི་ཕྱག་ལས་གནང་རྒྱུ་འབད་བརྩོན་མུ་མཐུད་བྱ་རྒྱུ་ཡིན་པ་སོགས་གསུངས་སོང་། རྩ་བའི་བཀའ་བློན་རྣམས་དམ་འབུལ་གྱི་མཛད་སྒོ་གྲུབ་རྗེས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གནས་ཆུང་གྲྭ་ཚང་། དགའ་གདོང་གྲྭ་ཚང་བཅས་སུ་མཆོད་མཇལ་དུ་ཕེབས་ཡོད་པ་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༡:༣༠ ཐོག་གྲོས་ཚོགས་ཚོགས་མཐུན་མཐའ་མ་དེར་མཉམ་ཞུགས་གནང་ཡོད་པ་རེད། ལྷག་པར་མཛད་རིམ་ཐུགས་གཏན་འཁེལ་བར་གཞིགས་ན། སང་ཉིན་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧:༠༠ ཐོག གནས་ཆུང་གྲྭ་ཚང་དུ་གཞུང་འབྲེལ་གནས་ཆུང་ཆོས་རྒྱལ་ཆེན་པོ་དབྱར་གསོལ་སྤྱན་འདྲེན། ཆུ་ཚོད་ ༡༠:༣༠ ནས་ ༡:༠༠ བར་ལས་ཁུངས་སོ་སོར་ཕེབས་བསུའི་མཇལ་དར་བསྒྲོན་འབུལ། དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༢:༡༥ ཐོག་བཀའ་ཤག་ལྷན་ཚོགས་གནང་རྒྱུ་མ་ཟད། ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་བཀའ་ཤག་ལྷན་ཚོགས་བསྐྱང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་རྒྱལ་སྤྱིའི་གནད་ཡོད་མི་སྣས་འཚམས་འདྲི།

ཁ་ཉིན་ཕྱི་ཚེས་ ༢༧ ཉིན་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་ལས་འཁུར་དམ་འབུལ་ཞུས་པར།  རྒྱལ་སྤྱིའི་ཁྲོད་ཀྱི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མང་དག་ཅིག་ནས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་སྦྲགས།  མ་འོངས་ལས་དོན་ལམ་ལྷོང་ཡོང་བ་མ་ཟད།  བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཨ་རི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Riley Barnes རེ་ཡི་ལི་བྷར་ནེ་སི་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡར་སྲིད་སྐྱོང་དུ་འོས་འདེམས་བྱུང་བར་འཚམས་འདྲི་དང་འབྲེལ།  ཨ་རིའི་ངོས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིར་རྒྱབ་སྐྱོར་སླད་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་འོས་འདེམས་བྱུང་བའི་བོད་མིའི་འགོ་ཁྲིད་དང་ལྷན་དུ་ཕྱག་ལས་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག་ལ།  ལྷག་པར་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་འཚམས་འདྲི་ཞུས་འདུག དེ་བཞིན་ཨོསྟྲེ་ལི་ཡའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Susan Templeman སུ་སན་ཊེམ་པལ་མེན་ལགས་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Dean Smith ཌིན་སི་མིཏ་ལགས། གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Barbara Pocock སྦར་བ་ར་པོ་ཀོག་ལགས་བཅས་ཀྱིས་ཨ་གླིང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚབ་ཞུས་ཏེ་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་སྦྲགས། སླར་ཡང་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་བོད་མི་ཚོས་སྲིད་སྐྱོང་མཆོག་གི་དབུ་ཁྲིད་ལ་ཡིད་ཆེས་བློ་གཏད་ཡོད་པ་མཚོན་གྱི་ཡོད་སྐོར་དང་འབྲེལ།  བོད་མི་ཚོའི་རེ་བ་དང་མངོན་འདོད་སྒྲུབ་སླད་མུ་མཐུད་ལས་དོན་ལམ་ལྷོང་ཡོང་བའི་སྨོན་འདུན་ཡོད་ཅེས་དང་།  སྲིད་སྐྱོང་མཆོག་མ་འོངས་ཨོསྟྲེ་ལི་ཡར་ཕེབས་པའི་གོ་སྐབས་ལ་རེ་སྒུག་གནང་བཞིན་ཡོད་པ་གསུངས་འདུག  ལྷག་པར་དུ་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་རང་དབང་དང་། ཆེ་མཐོང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བསྐྱར་ནན་དང་སྦྲགས། བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་ནས་སེལ་ཐབས་བྱེད་རྒྱུར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་འདུག་པ་མ་ཟད།  ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ནི་ཆོས་དད་རང་དབང་དང་། ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་ཡིན་པས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་གང་ཡང་མི་ཆོག་པའི་ལངས་ཕྱོགས་བསྐྱར་ནན་གནང་འདུག མ་ཟད་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཐའེ་ཝན་ཕྱི་སྲིད་བློན་ཆེན་ Lin Chia-lung ལིང་ཅཱ་ལུང་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་དང་འབྲེལ།  ཐའེ་ཝན་སྲིད་གཞུང་ངོས་ནས་བོད་དང་ཐའེ་ཝན་བར་གྱི་མཛའ་གྲོགས་སྲ་བརྟན་དང་། གཉིས་མོས་ཀྱི་བསམ་ཤེས་ཟབ་ཏུ་གཏོང་རྒྱུ། དེ་བཞིན་མ་འོངས་མཉམ་ལས་དམ་ཟབ་ཆེད་གོ་སྐབས་བསྐྲུན་རྒྱུར་མདུན་བསྐྱོད་བྱ་རྒྱུ་ཡིན་པ་གསུངས་འདུག  ལྷག་པར་ཐའེ་ཝན་གྱི་ངོས་ནས་བོད་མིའི་སྙིང་སྟོབས་དང་ཆོད་སེམས་ལ་གུས་བཀུར་ཆེན་པོ་ཡོད་ཅིང་། བོད་མིའི་རང་དབང་དང་འགྲོ་བ་མིའི་ཆེ་མཐོང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆོད་སེམས་ལ་བསྔགས་བརྗོད་ཡོད་ཅེས་གསུངས་འདུག ཕྱོགས་མཚུངས་ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ Wu Pei-yi ཝུ་པེ་ཡི་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་སྦྲགས།  ཐའེ་ཝན་དང་བོད་གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་མི་འདྲ་བ་ཡིན་ཡང་། རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་ལ་ཆེ་མཐོང་བཅས་གཞི་རྩའི་རིན་ཐང་རྩ་ཆེར་འཛིན་མཁན་གཅིག་མཚུངས་ཡིན་པ་གསུངས་འདུག་ལ།  ཐའེ་ཝན་མི་མང་གིས་བོད་མི་ཚོས་སོ་སོའི་ཆོས་དད་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་དང་། འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་པའི་མཐོ་སྒང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་ཡིད་རངས་བསྔགས་བརྗོད་ཞུ་ཡི་ཡོད་པ་གསུངས་འདུག  མ་ཟད་ལྕམ་སྐུ་ཁོང་གིས་བོད་མི་ཚོས་ཞི་བདེ་དང་། བྱམས་བརྩེ། དྲང་བདེན་བཅས་ལ་བཅངས་པའི་དམ་བཅའ་དེ་དེང་གི་འཛམ་གླིང་ནང་ངེས་པར་དུ་མཁོ་བའི་ཀུན་སྤྱོད་ཅིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་པ།  ལྷག་པར་དུ་ཐའེ་ཝན་དང་བོད་མིའི་སྒྲིག་འཛུགས་དབར་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན། ཆོས་དད་རང་དབང་། རིག་གཞུང་ཉར་ཚགས། ཤེས་ཡོན་བརྗེ་ལེན། རྒྱལ་སྤྱིའི་འབྲེལ་མཐུད་སོགས་ཀྱི་ཐོག་མཉམ་ལས་བྱ་རྒྱུར་རེ་སྒུག་གནང་བཞིན་ཡོད་པ་གསུངས་འདུག རྩ་བའི་ཁ་ཉིན་ཕྱི་ཚེས་ ༢༧ ཉིན་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོ་དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རཱ་བའི་ནང་འཚོགས་ཡོད་པ་དང་།  མཛད་སྒོའི་སྐུ་མགྲོན་དུ་རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་གཞུང་འབྲེལ་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་ཙམ་མ་ཟད།  རྒྱལ་སྤྱིའི་ཚོགས་སྡེ་ཁག་གཅིག་གི་སྐུ་ཚབ་དང་།  གསར་འགོད་པ།  མི་མང་བཅས་ལྷན་འཛོམས་གནང་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་སླར་ཡང་བདམས་ཐོན་བྱུང་བའི་སྲིད་སྐྱོང་གིས་ལས་འཁུར་དམ་འབུལ་ཞུས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་དྲུང་ནས་སླར་ཡང་བདམས་ཐོན་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་། https://youtu.be/4pasMzsEhjw?si=7xRVKZbq5bUQd21X དེ་ཡང་དེ་རིང་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐབས་ ༡༨ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་དྲུང་ནས་ལས་འཁུར་དང་། གསང་རྒྱའི་དམ་འབུལ་བཞེས་ཏེ། སྲིད་སྐྱོང་ནས་དམ་འབུལ་ཡིག་ཆ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་མ་དེབ་བཅས་སུ་མཚན་རྟགས་བསྐྱོན་གནང་སོང་། སྐབས་དེར་སྲིད་སྐྱོང་མཆོག་གིས་སྐབས་ ༡༧ པའི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་ཁྲོད། བཀའ་ཤག་སྐབས་ ༡༧ པས་ལས་དོན་བྱེད་སྒོ་མཐའ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་སུན་བཟོ་མ་དགོས་པ་དང་། གཞིས་བྱེས་བོད་མི་རྣམས་བློ་ཕམ་འབྱུང་མ་དགོས་པ་ཞིག་ཡོང་ཐབས་བྱ་རྒྱུ་གཞི་རིམ་གྱི་དམ་བཅའ་བྱ་རྒྱུ་ཡིན་ཞིང་། བོད་མི་ཚོས་རང་ཉིད་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པའི་ངོ་རྟགས་མ་བརྗེད་པར། སྤྱི་ཚོགས་ནང་ཁུལ་མ་མཐུན་པ་རྣམས་མཐུན་པའི་ཕྱོགས་སུ་བསྒྲིལ་ཐབས་བྱས་ཏེ། བོད་སྤྱིི་པའི་རྩ་དོན་ཐོག་སོ་སོར་འཁྲི་བའི་ལས་འགན་བསྒྲུབ་རྒྱུའི་སེམས་ཤུགས་བསྐྱེད་དགོས་པའི་འབོད་སྐུལ་ཞུས་གནང་སོང་། ལྷག་པར་རྒྱ་གཞུང་གིས་བོད་མི་རིགས་རྩ་གཏོར་གཏོང་བའི་སྲིད་ཇུས་ཇི་ལྟར་གདུག་རྩུབ་ཆེ་ནའང་། སྲིད་པ་ཆགས་པ་ནས་གངས་ལྗོངས་ས་མཐོའི་བདག་པོ་ངོ་མ་ཡིན་པའི་བོད་མི་རིགས་འཆི་གསོན་གྱི་ལས་དབང་འདི་རྒྱ་གཞུང་གི་འདོད་པ་དང་བྱ་བྱེད་ཁོ་ནས་ཁ་ལོ་སྒྱུར་ཐུབ་པ་ཞིག་མིན་པས། གཞིས་བཞུགས་སྤུན་ཟླ་རྣམ་པས་སོ་སོའི་ཁྱིམ་ཚང་གཞི་མར་བཟུང་སྟེ་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་། ནང་ཆོས། རིག་གཞུང་གི་བག་ཆགས་འཇོག་པའི་ཐབས་ཚུལ་ལ་འབད་ཁུར་ལེན་ཐུབ་པའི་རེ་སྐུལ་ཞུས་པ་མ་ཟད། གོ་སྐབས་འདིའི་བརྒྱུད་ནས་བོད་མིར་མཐུན་སྦྱོར་རྒྱབ་སྐྱོར་གནང་མཁན་རྒྱ་གར་གཞུང་མང་དང་། ཨ་རི་གཞུང་མང་གིས་གཙོས་པའི་འབྲེལ་ཐོགས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག རྒྱབ་སྐྱོར་འདི་རིགས་ནི་བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་ཀྱི་གཞི་རྟེན་གཙོ་བོ་ཞིག་ཡིན་པ་གསུངས་སོང་། དེ་བཞིན་གཞུང་འབྲེལ་གྱི་སྐུ་མགྲོན་ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ Ms. Wera Wobhouse ཝེ་ར་ཝེབ་ཧའུས་ལགས་ཀྱིས། སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ནས་མང་གཙོའི་བརྒྱུད་རིམ་ལོངས་སུ་སྤྱོད་པར་ཐུགས་རྗེ་ཆེ་ཞེས་གསུངས་སོང་། མ་ཟད་བོད་ནང་གི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་རིག་གཞུང་རྩ་གཏོར་གྱི་དཀའ་ངལ་ཆེ་ཆེར་འཕྲད་བཞིན་ཡོད་ཀྱང་། བཙན་བྱོལ་བོད་མི་རྣམས་ནས་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དེ་འབྲེལ་གོ་རྟོགས་སྤེལ་ཐུབ་ཡོད་པར་བོད་དོན་བདེན་པའི་འཐབ་རྩོད་དེ་ནམ་ཡང་བརྗེད་ཀྱི་མ་རེད་སོགས་གསུངས་སོང་། ཕྱོགས་མཚུངས་ Scotland སི་ཀོཊ་ལེན་གྲོས་ཚོགས་འཐུས་མི་ Ms. Alicia Martha Kearns ལགས་ཀྱིས། སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་འབྲེལ། བཙན་བྱོལ་ནང་དུ་མང་གཙོ་ལམ་ལུགས་ཐོག་བསྐྱོད་དེ་བོད་ཀྱི་ལོ་རྒྱུས་དང་མ་འོངས་མདུན་ལམ་ལ་བོད་མི་ཁོ་ནས་བདག་དབང་ཡོད་པ་དེ་ཉར་ཚགས་བྱས་ཡོད་པ་དང་། འདས་པའི་ལོ་ངོ་ ༧༥ རིང་རྒྱ་ནག་དམར་པོའི་གཞུང་གིས་བོད་ཀྱི་སྐད་ཡིག་དང་དགོན་སྡེ་ཁག་གཏོར་བཤིག་དང་མ་འོངས་སོན་རྩ་བོད་ཕྲུག་བྱིས་པ་དེ་དག་ཕ་མ་ནས་ཁ་བྲལ་བཏང་བ་སོགས་བོད་དེ་ནག་བསུབ་གཏོང་ཐབས་བྱས་ཡོད། དེ་ནི་རིག་གཞུང་རྩ་གཏོར་གྱི་བྱ་སྤྱོད་ཞིག་ཡིན་པ་དང་། རྒྱ་ནག་གིས་ངོས་ནས་མ་འོངས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་བྱེད་ཀྱི་ཡོད་སྟབས། Scotland ངོས་ནས་དགའ་ལྡན་ཕོ་བྲང་གི་ཐག་གཅོད་ལ་རྒྱབ་སྐྱོར་བྱུ་རྒྱུ་ཡིན་པ་མ་ཟད། Scotland གི་གྲོས་ཚོགས་ནང་དུ་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་སོགས་གསུངས་སོང་། མཛད་སྒོའི་ཐོག་གཞན་ཡང་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་བློན་ཆེན་ཟུར་པ་ Kerry McCarthy ལགས་དང་ཨིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Mr. Chris Law ལགས། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ El Salvador གྱི་གྲོས་ཚོགས་འཐུས་མི་ Jose Francisco Lira Alvarado ལགས། དེ་བཞིན་ Chile རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ Luis Mala Valenzuela ལགས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ Sujeet Kumar ལགས་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ Tapir Gao ལགས་བཅས་ནས། སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་། ལྷག་པར་རྒྱ་གཞུང་གི་བཙན་གནོན་དང་དམ་བསྒྲགས་འོག་ཡོད་པའི་གཞིས་བཞུགས་བོད་མིའི་གནས་སྟངས་ལ་ཐུགས་གསོ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་རྣམས་ཀྱི་སོ་སོའི་རིག་གཞུང་སྲུང་སྐྱོབ་ལ་རྗེས་སུ་ཡིད་རངས། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ་ལ་བསྔགས་བརྗོད། བོད་ལ་རྒྱབ་སྐྱོར་སོགས་ཀྱི་ནང་དོན་འཁོད་པའི་གསུང་བཤད་རིམ་པ་གནང་སོང་། རྩ་བའི་དེ་རིང་མཛད་སྒོའི་ཐོག་རྒྱ་གར་དང་ཨིན་ཡུལ། ལྷོ་ཨ་མི་རི་ཀ་སོགས་ནས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་གནད་ཡོད་གཞུང་འབྲེལ་མི་སྣ་ཕེབས་ཡོད་ཅིང་། བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་ཁག་གི་རིག་གཞུང་འཁྲབ་སྟོན་གནང་ཡོད་པ་རེད། གཞི་རྩའི་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་བཙན་བྱོལ་བོད་མིའི་སྔོན་འགྲོ་འོས་བསྡུ་ཆེན་མོ་གནང་ཡོད་ཅིང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་ཡོད་པ་དང་། དེ་རིང་སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་མཆོག་གིས་ལས་འཁུར་དམ་འབུལ་ཞུས་ཡོད་པ་མ་ཟད། ཟླ་བ་འདིའི་ཚེས་ཕྱི་ཚེས་ ༣༡ ཉིན་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་དམ་འབུལ་ཞུ་རྒྱུ་དང་། དེ་ཉིན་བར་བརྒལ་ཚོགས་གཙོའི་དྲུང་ནས་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་འཁུར་དམ་འབུལ་ཞུ་ཡི་ཡོད་པ་རེད། དེའི་རྗེས་སྤྱི་འཐུས་རྣམ་པས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱིས། ཕྱི་ཟླ་ ༦ ཚེས་ ༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འདེམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་ལས་འཁུར་དམ་འབུལ་ཞུ་ཡི་ཡོད་པ་རེད།

རྒྱ་ནག་གིས་རྒྱ་གར་ལ་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པའི་ཉེན་བརྡ།

ཟླ་བ་འདིའི་ཚེས་ ༢༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིགས་འཛུགས་སྐབས་ ༡༧ པའི་བཀའ་ཤག་གི་སྲིད་སྐྱོང་གསར་པའི་དམ་འབུལ་མཛད་སྒོ་ཚོགས་རྒྱུ་ཡིན་པའི་མཚམས་འདིར། རྒྱ་ནག་གཞུང་གིས་རྒྱ་གར་ལ་བོད་མིར་བོད་རང་བཙན་གྱི་ལས་འགུལ་སྤེལ་རྒྱུའི་སྡེངས་ཆ་བསྐྲུན་རྒྱུ་མེད་སྐོར་བརྗོད་པ་མ་ཟད། མ་འོངས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་གར་ལ་ཐེ་བྱུས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱ་གར་གྱི་ Hindustan Times བརྒྱུད་ལམ་གྱི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་ཀྱི་འགྲིན་ཚབ་པ་ Yu Jing ཟེར་བ་དེས་ Twitter འམ་ X  དྲ་ལམ་ཐོག་ཁ་སང་འཕྲིན་ཐུང་ཞིག་སྤེལ་བའི་ནང་། CTA འམ་བོད་མིའི་སྒྲིག་འཛུགས་ཟེར་བ་དེར་རང་བཙན་ཡོད་པའི་རྒྱལ་ཁབ་སུ་ཞིག་གིས་ངོས་ལེན་བྱས་ཀྱི་མེད་པ་དང་། སྒྲིག་འཛུགས་དེའི་འགོ་ཁྲིད་ལ་བོད་མིའི་སྐུ་ཚབ་བྱ་རྒྱུའི་འོས་བབ་མེད་ལ་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་བདག་དབང་རྩོད་རྒྱུའི་དབང་ཚད་མེད་པ་བརྗོད་དེ། བོད་ཀྱི་གནད་དོན་དང་འབྲེལ་ནས་ཁས་ལེན་གཙང་མ་བྱས་ཟིན་ཡོད་པ་ལྟར། ཁས་ལེན་དེ་དག་ཐོག་གནས་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་བཤད་འདུག ལྷག་པར་རྒྱ་གར་གྱི་ངོས་ནས་བོད་རང་བཙན་གྱི་ལས་འགུལ་རིགས་ལ་སྡིངས་ཆ་བསྐྲུན་རྒྱུ་མེད་པ་མ་ཟད། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པ་དང་། རྒྱ་གར་གྱི་དེ་ལྟར་བྱས་ཚེ་སྤྱི་ཡོངས་ཀྱི་བརྟན་ལྷིངས་དང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་བརྗོད་འདུག རྩ་བའི་སྔ་ལོའི་༸རྒྱལ་བའི་གོ་སྟོན་དང་བསྟུན། ཕྱི་ཟླ་ ༧  ཚེས་ ༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་དང་ཡིག་ཐོག་བརྒྱུད་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་བའི་ནང་། ༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པ་ཁ་གསལ་བཀའ་སློབ་ཕེབས་པ་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ངོས་འཛིན་བྱེད་ཕྱོགས་ཐད་བསྒྲགས་གཏམ་སྔོན་མའི་ནང་གསལ་བཞིན། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་བྱུས་མི་ཆོག་པའི་གནས་བབས་ལ་འགྱུར་བ་གང་ཡང་མེད་པ་བཅས་ཀུན་གྱིས་ཡིད་འཇགས་གྱིས་ཞེས་བཀའ་སྩལ་ཡོད་པ་རེད། མ་ཟད་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་བའི་ནང་། རྒྱ་ནག་གི་ཕྱི་ལོ་ ༢༠༠༧ ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྒྱ་ཨང་ལྔ་པ་ Order No. 5 ཟེར་བའི་ཁྲིམས་སྲོལ་ནི་ངོ་ཚ་བྲལ་བའི་མ་རབས་ཀྱི་སྤྱོད་ཚུལ་བཞད་གད་ཀྱི་གནས་སུ་གྱུར་བ་ཞིག་ཡིན་ཐོག  དེ་དག་ལ་ངོས་ལེན་ནམ་ཡང་བྱ་ཐབས་མེད་སྐོར་ཞིབ་ཕྲ་བཀོད་གནང་མཛད་པ་མ་ཟད། ཡང་སྤྲུལ་གྱི་རྣམ་བཞག་ལྟ་ཞོག  སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང་། ཁྱད་པར་༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱས་པ་ནི་ཆེས་མི་མཚམས་ཤིང་། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང་མོས་མཐུན་བྱེད་ཐབས་མེད་ཅེས་བཀའ་སྩལ་ཡོད་པ་རེད། ཡིན་ནའང་སྔ་ལོ་༸གོང་ས་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཁ་གསལ་ཐག་གཅོད་གནང་ཡོད་མིན་ལ་མ་ལྟོས་པར། ཁ་སང་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ Yu Jing ཟེར་བ་དེས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་འདི་ནི་རྒྱ་ནག་གཞུང་གིས་ཆོག་མཆན་དགོས་པའི་ལོ་བརྒྱ་ཕྲག་མང་པོའི་སྔོན་ནས་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། ལོ་རྒྱུས་བྱུང་རིམ་ཡོད་པའི་གནད་དོན་ཞིག་ཡིན་པ། དེ་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཡིན་པར་ཕྱི་ཕྱོགས་ཀྱི་ཐེ་བྱུས་བྱ་རྒྱུ་མེད་པའི་འཁྱོག་བཤད་བསྐྱར་ནན་བྱས་འདུག རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་གནད་དོན་དེའི་ཐོག་མ་བཤད་པའི་སྔ་རོལ་དུ། འདི་ཚེས་ ༢༢ ཉིན་ Hindustan Times བརྒྱུད་ལམ་གྱིས་སྲིད་སྐྱོང་ལས་ཐོག་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་ལས་རིམ་ཞིག་འདོན་སྤེལ་གནང་བའི་ནང་།  སྲིད་སྐྱོང་མཆོག་གིས་དེ་སྔ་དམག་ཆེན་གཉིས་པ་མཇུག་སྒྲིལ་བའི་རྗེས་སུ། འཛམ་གླིང་ཁྱོན་ལ་བཙན་རྒྱལ་རིང་ལུགས་མཚམས་འཇོག་བྱས་པའི་མཚམས་འདིར་བོད་རྒྱ་ནག་གི་བཙན་བཟུང་བྱས་ཡོད་པ་དང་། འདས་པའི་ལོ་ངོ་ ༧༠ ལྷག་གི་རིང་འཛམ་གླིང་ཆབ་སྲིད་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དྲན་གསོ་དང་འབྲེལ། དེའི་ཁྲོད་རྒྱ་ནག་གཞུང་གིས་བོད་ནང་བོད་མའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་སྤེལ་མིན་ལ་མ་ལྟོས་པར། ༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་ནས་ང་ཚོའི་འཐབ་རྩོད་འདི་ད་བར་རྒྱུན་གནས་ཐུབ་ཡོད་སྐོར་སོགས་གསུངས་འདུག དེ་བཞིན་ཆོས་ཁས་མི་ལེན་མཁན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༧ ལོར་ཁྲིམས་ཡིག་བཀའ་རྒྱ་ཨང་ལྔ་པ་ཞེས་པའི་འོག་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྣམས་ལ་རྒྱ་ནག་གཞུང་གིས་ངོས་ལེན་ཆོག་མཆན་དགོས་ཀྱི་ཡོད་པའི་ཁྲིམས་གཏན་འབེབས་བྱས་ཡོད་པ་ལུང་འདྲེན་དང་སྦྲགས། རྒྱ་གཞུང་གིས་དེ་ལྟར་བྱས་དགོས་པ་དེ་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ལ་བདག་དབང་རྩོད་རྒྱུ་མ་གཏོགས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཀྱི་བདེ་དོན་ལ་བསམ་ནས་དེ་ལྟར་བྱེད་ཀྱི་མེད་པ་ང་ཚོས་ཤེས་ཀྱི་ཡོད་སྐོར་གསུངས་ཏེ། ཡོ་རོབ་རྒྱལ་ཁབ་ ༧ གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིར་རྒྱབ་སྐྱོར་གནང་གི་ཡོད་པ་ལྟར། ང་ཚོའི་ངོས་ནས་མུ་མཐུད་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གི་བྱུས་ངན་ཐེར་འདོན་གྱིས་བོད་ཀྱི་གནད་དོན་ཐད་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། ད་ལྟའི་ཆར་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་དོ་སྣང་གི་དབུས་སུ་མེད་པ་ལྟ་བུ་ཡོད་ཀྱང་། ད་བར་གྱི་ཆབ་སྲིད་ཀྱི་འགྱུར་འགྲོས་ནང་བོད་དོན་འཐབ་རྩོད་དེ་མུ་མཐུད་གནས་ཡོད་པ་དེའང་༸གོང་ས་མཆོག་གི་བཀའ་དྲིན་ལས་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་མོལ་འབྱུང་བཞིན་ཡོད་ཀྱང་། གྲུབ་འབྲས་དམིགས་བསལ་མེད་པ་བསྐྱར་ནན་དང་ཆབས་ཅིག རྒྱ་ནག་གཞུང་གིས་༸གོང་ས་མཆོག་དགུང་ལོ་བགྲེས་པོ་ཕེབས་བཞིན་པ་དང་བསྟུན་ནས་མགོན་པོ་༸གང་ཉིད་མཆོག་གི་གནས་ཚུལ་ཁ་གསལ་ཤེས་འདོད་ཡོད་པའི་རྐྱེན་གྱིས་འབྲེལ་མོལ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་འབྲེལ་བ་བྱེད་མཁན་ཚོས། དུས་ཚོད་རན་པོ་ཤར་བའི་སྐབས་སུ་སྒོ་རྒྱབ་ཀྱི་འབྲེལ་ལམ་དེ་དག་བེད་སྤྱོད་ཡོང་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གི་ངོས་ནས་དུས་ནམ་ཡང་ཕྱི་གསལ་ནང་གསལ་བྱས་ཀྱི་མེད་པ་གསུངས་འདུག ལྷག་པར་དུ་བཙན་བྱོལ་བོད་མི་འཚོ་གནས་ཐོག་རྒྱ་གར་གྱི་གལ་གནད་དང་མ་འོངས་པའི་རེ་བ་བཅས་ཀྱི་སྐོར་ལ་ལན་འདེབས་ཁྲོད། སྲིད་སྐྱོང་མཆོག་གིས། རྒྱ་གར་གཞུང་མང་གཉིས་ལ་བརྟེན་ནས་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཚོ་གནས་ཐུབ་ཡོད་པར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་དང་། དུས་ཚོད་རན་པའི་སྐབས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་གཙོས་པའི་རྒྱ་གར་གྱིས་བདེན་པའི་ཕྱོགས་ལ་བཞེངས་ངེས་ཡིན་པའི་ཡིད་ཆེད་ཡོད་པ། ཡིན་ནའང་རྒྱ་གར་ལ་རང་གི་མངོན་འདོད་ཡང་སྲུང་དགོས་ཀྱི་ཡོད་སྟབས། ང་ཚོས་བསམ་ཤེས་ཐུབ་ཀྱི་ཡོད་པ་སོགས་གསུངས་འདུག

སྲིད་སྐྱོང་མཆོག་གིས་བོད་ལ་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་བཱར་ནཱི་ཕརེངྐ་ལགས་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་བ།

ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༡༩ ཉིན་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ཟུར་པ་ Barney Frank བཱར་ནཱི་ཕརེངྐ་ལགས་དགུང་ལོ་ ༨༦ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་སྐུ་ཟླ་ Jim Ready ཇིམ་རེཌི་ལགས་སུ་ཐུགས་གསོ་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་གནས་ཚུལ་སྤེལ་བ་ལྟར། ཐུགས་གསོའི་གསུང་འཕྲིན་དེའི་ནང་སྲིད་སྐྱོང་མཆོག་གིས། དམ་པ་ཁོང་གིས་བོད་ཀྱི་རྩ་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་བའི་དྲན་གསོ་ཐུགས་ཕམ་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ཨ་རིར་ གཞིས་སྤོས་ལས་གཞི་ཆེད་ཐུགས་འགན་གཙོ་བོ་བཞེས་མཁན་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༩༠ ལོར་ཨ་རིའི་གཞིས་སྤོའི་ཁྲིམས་ཡིག་ཀྱི་ཆ་རྐྱེན་འོག་ནས་བོད་མི་ ༡༠༠༠ ཡུལ་དེ་གའི་ནང་དུ་རང་ཉིད་ཀྱི་འཚོ་བ་གསར་པ་བསྐྲུན་ཆེད་ཕན་ཐོགས་བསྒྲུབས་ཡོད་པ་གསུངས་འདུག ལྷག་པར་དམ་པ་ཁོང་གི་ཕུག་རྒྱང་རིང་པོའི་དགོངས་པ་ལས་བོད་པའི་ཁྱིམ་ཚང་མང་དག་ཅིག་ལ་རང་ཉིད་ཀྱི་བུ་ཕྲུག་ལ་སྤུས་ཚད་ལྡན་པའི་ཤེས་ཡོན་ཀྱི་མཐུན་རྐྱེན་འབྱོར་སྤྲོད་དང་། མཚན་སྙན་ཅན་གྱི་གཙུག་ལག་སློབ་ཁང་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། རང་འགོ་རང་ཐོན་ཐུབ་པ་བྱུང་ཡོད་པ་གསུངས་འདུག མ་ཟད་དམ་པ་ཁོང་གི་བོད་མིར་བཅངས་པའི་མཛའ་འབྲེལ་དང་འགྱུར་བ་མེད་པའི་རྒྱབ་སྐྱོར། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སླད་དུ་ཆོད་སེམས་བརྟན་པོ་གནང་བར་དུས་རྟག་ཏུ་བཀའ་དྲིན་རྗེས་དྲན་དང་གུས་བཀུར་ཞུ་ངེས་ཡིན་ཞིང་། ཁོང་མྱུར་དུ་མི་ལུས་བཟང་པོ་ཞིག་ཐོབ་པའི་སྨོན་འདུན་ཞུས་འདུག

ཨ་རིའི་རང་བཙན་དུས་དྲན་མཛད་སྒོར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་གནང་འདུག

ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བི་ཡོ་མཆོག་རྒྱ་གར་དུ་རྒྱལ་དོན་མཚམས་གཟིགས་ཕེབས་པ་དང་བསྟུན།   ཁ་ཉིན་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་སྲིད་བློན་ཆེན་མཆོག་དབུ་བཞུགས་ཐོག་ཨ་རིར་རང་བཙན་ཐོབ་ནས་ལོ་ངོ་ ༢༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་ལྟར། མཛད་སྒོའི་ཐོག་རྒྱ་གར་གྱི་དཔོན་རིགས་མཐོ་གྲས་ཁག་དང་། རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་སོ་སོའི་སྐུ་ཚབ་ཀྱི་དབུས་པའི་གནད་ཡོད་དཔོན་རིགས་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་པའི་ཁྲོད།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས་བཅས་ཀྱང་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ངོ་བོ་ལྟར་ལྷན་ཞུགས་གནང་འདུག དེའང་ཉེ་ལམ་ཨ་རིའི་སྲིད་འཛིན་ Donald Trump ཊོམཔ་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཕེབས་ཏེ། ཉིན་གྲངས་འགའ་ཤས་ལས་སོང་མེད་པའི་འཚམས་འདིར། ད་རེས་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཁོ་ཡུ་བི་ཡོ་མཆོག་དབུ་བཞུགས་ཀྱིས་རང་བཙན་དུས་དྲན་སྲུང་བརྩི་ཞུ་བའི་དུས་དྲན་ཐོག   སྲིད་སྐྱོང་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་གདན་ཞུ་གནང་བ་དེ་ནི།   བཙན་བྱོལ་བོད་མིར་མཚོན་ན་ཧ་ཅང་གལ་གནད་དོན་སྙིང་ལྡན་པ་ཞིག་དང་། ལྷག་པར་ཨ་རིའི་རྒྱལ་ཁབ་དེ་བཞིན་བོད་མིའི་བདེན་དོན་འཐབ་རྩོད་ཐོག་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱིས་ཞལ་ཞེ་གཉིས་མེད་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་ཏུ་ངོས་འཛིན་ལྟར་དགའ་བསུ་དང་སྤོབས་པ་བྱེད་འོས་པ་ཞིག་ཀྱང་ཡིན་པ་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། སྤྱིར་ཨ་རིའི་ཕྱི་སྲིད་བློན་ཆེན་མཱར་ཁོ་རུ་བི་ཡོ་མཆོག་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཙམ་མ་ཟད། རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེན་པོ་གནང་མཁན་ཞིག་དང་། ཁོང་ལ་དེ་སྔ་རྒྱ་ནག་གཞུང་གིས་སྲིད་དོན་ཉེས་ཆད་ཐེངས་གཉིས་ཙམ་བཀལ་ཡོད་ཀྱང་།  ཁོང་ཨ་རིའི་ཕྱི་སྲིད་བློན་ཆེན་དུ་བསྐོ་བཞག་རྗེས་རྒྱ་ནག་གཞུང་གིས་ཁོང་གི་མཚན་སྒྲ་བསྒྱུར་བྱས་ཏེ། ཉེ་ལམ་ཁོང་ཨ་རིའི་སྲིད་འཛིན་ཊོམཔ་མཆོག་དང་ལྷན་རྒྱ་ནག་ཏུ་རྒྱལ་དོན་མཚམས་གཟིགས་སུ་ཕེབས་ཐུབ་པ་བྱུང་ཡོད། ཁོང་གིས་དེ་སྔོན་བོད་ཀྱི་ལོ་གསར་སྐབས་ཨ་རའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གིས་གསལ་བསྒྲགས་བསྐྱངས་པ་མ་ཟད།  ཨ་མི་རི་ཀའི་ངོས་ནས་བོད་མིའི་ཐོབ་ཐང་དང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཆོས་ཕྱོགས་ཀྱི་ཤུལ་བཞག་བཅས་ལ་རྒྱབ་སྐྱོར་གྱི་ཆོད་སེམས་བརྟན་པོ་ཡོད་ཅེས་ཀྱང་གསུངས་ཡོད། གཞི་རྩའི་ཨ་མི་རི་ཀའི་ཕྱི་སྲིད་བློན་ཆེན་མཱར་ཀོ་རུ་བི་ཡོ་མཆོག་དེང་སྐབས་ནུབ་ཨེ་ཤེ་ཡའི་ཁུལ་དུ་འཛམ་གླིང་གི་བདེ་འཇགས་གནས་བབ་དང་འབྲེལ་ཏེ།   ཁ་ཉིན་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དུ་རྒྱལ་དོན་འཚམས་གཟིགས་སུ་ཆེད་ཕེབས་གནང་བ་ཞིག་དང་།   ཉིན་གྲངས་བཞིའི་རིང་གི་རྒྱལ་དོན་འཚམས་གཟིགས་དེའི་སྐབས་ཁོང་ནས་རྒྱ་གར་གྱི་སྲིད་བློན་མཆོག་གིས་དབུས་པའི་ཕྱི་སྲིད་བློན་ཆེན་སོགས་མཇལ་འཕྲད་གནང་སྟེ།   རྒྱལ་ཁབ་ཕན་ཚུན་བར་དང་རྒྱལ་སྤྱིའི་བདེ་འཇགས།   ཚོང་འབྲེལ།   དེ་བཞིན་ད་ལྟའི་དམག་འཁྲུག་གི་རྐྱེན་པའི་སྣུམ་གྱི་ནུས་ཤུགས་དང་འབྲེལ་བའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་གནད་དོན་ཐོག་གྲོས་མོལ་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ཁོངས་སུ་གྲྭ་བཙུན་རྣམས་འཛུལ་བཞུགས་བྱ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་གསུངས་སོང་།

བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་གི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་རེས་ཚོགས་འདུའི་ཐོག་དགོངས་འཆར་ཕེབས་པ་བཞིན། འཛིན་སྐྱོང་བཀའ་ཤག་གི་ངོས་ནས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་སུ་གྲྭ་བཙུན་རྣམས་འཛུལ་བཞུགས་བྱ་ཐུབ་རྒྱུའི་ཐབས་ལམ་འཚོལ་བཞིན་པ་གསུངས་སོང་། https://youtu.be/eYddhxYcJ9g?si=_DjMvyihdfSba9in དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ། ༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་གཉིས་ཀྱི་མཉམ་རུབ་གོ་སྒྲིག་འོག ཟླ་བ་འདིའི་ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་ ༢ རིང་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་བའི་ཐད་ཚོགས་ཆེན་ཆེས་ཐོག་མ་དེ་འཚོགས་ཡོད་པ་དང་། ཁ་སང་ཚོགས་འདུ་མཇུག་སྒྲིལ་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐེངས་འདིའི་བགྲོ་གླེང་ལས་རིམ་ཁྲོད། བཙུན་མ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བའི་ཁོངས་སུ་ཕྱག་ལས་གནང་ཐུབ་རྒྱུའི་ལམ་ཁ་བཟོ་དགོས་སྐོར་གྱི་གླེང་སློང་བྱུང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འདས་པའི་ལོ་ཤས་ནས་དེའི་ཐོག་འདེམས་བསྐོ་ལྷན་ཁང་དང་ལྷན་དུ་བཀའ་མོལ་གནང་བཞིན་པ་དང་། གཙོ་བོ་དཀའ་ངལ་འཕྲད་ས་དེ་དགོན་སྡེ་ཁག་གི་ནང་དུ་བསླབ་གཞི་མི་འདྲ་བ་ཡོད་པ་དེ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རླབས་ཆེན་གྱི་དགོངས་པའི་ཐོག་ནས་ཧི་མ་ལ་ཡའི་མི་རིགས་ཀྱི་བྱིས་པ་རྣམས་བོད་པའི་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་དུ་འཛུལ་བཞུགས་བྱེད་ཡག་གི་གོ་སྐབས་བསྐྲུན་པའི་འོག་ནས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་གྱུར་ཡོད་པ། མ་ཟད་དེ་སྔ་བཀའ་ཤག་སྐབས་ ༡༦ པའི་ལས་ཡུན་འགོ་འཛུགས་སྐབས་སུ་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙུན་ ༤༢༠༠༠ ཙམ་ཞིག་དང་དེའི་ཁོངས་སུ་བོད་རིགས་རྒྱ་ཆ་ ༣༥ དང་ཧི་མ་ལ་ཡའི་མི་རིགས་བརྒྱ་ཆ་ ༦༤ ཡོད་སར། ད་ལྟའི་ཆར་དགོན་སྡེ་ཁག་གི་ནང་དུ་གྲྭ་བཙན་ ༣༨༨༠༠ ཙམ་ཡོད་པའི་ཁོངས་ནས་བརྒྱ་ཆ་ ༧༠ ཙམ་ཧི་མ་ལ་ཡའི་མི་རིགས་ཆགས་བསྡད་ཡོད་པ་དང་འབྲེལ་ནས། ད་ཆ་ཧི་མ་ལ་ཡའི་མི་རིགས་ཀྱི་བཙན་བྱོལ་ནང་གི་ཆོས་སྡེ་ཆེན་པོ་དེ་དག་གི་འགན་འཁྱེར་ཡག་གི་དུས་ཤིག་ཤར་ཡོད་པ་གསུངས་སོང་། དེའི་ཁྲོད་དེང་སྐབས་དགོན་སྡེ་ཁག་མང་ཆེ་བའི་ནང་དུ་བོད་རིགས་གྲྭ་བཙུན་ཡོད་པ་རྣམས་ལོ་ན་འགྲེས་པ་ཤ་སྟག་ཆགས་བསྡད་པ་དང་། གྲྭ་བཙུན་ལོ་ན་ཆུང་བ་མང་ཆེ་བ་ཧི་མ་ལ་ཡའི་མི་རིགས་རང་ཆགས་བསྡད་ཡོད་སྟབས། ལོ་ན་ཆུང་བའི་རབ་བྱུང་དེ་དག་ཆ་ཚང་ཆོས་ཕྱོགས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཡོང་བ་བཤད་ཁག་པོ་ཡིན་སྟབས། གྲྭ་བཙུན་ལོ་ན་ཆུང་བ་དེ་དག་ལ་དེང་དུས་ཀྱི་སློབ་གྲྭའི་ནང་འཛུལ་བཞུགས་གནང་ཐུབ་རྒྱུའི་གནས་བབ་བསྐྲུན་རྒྱུའི་སླད་རྒྱ་གར་གྱི་ Open University ཞིག་དང་ལྷན་དུ་བཀའ་མོལ་གནང་མུས་ཡིན་པ་གསུངས་སོང་། རྩ་བའི་ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་ཚོགས་ཆེན་ཐོག དགེ་བཤེས་མའི་ཕྱག་འཁྱེར་འབུལ་སྲོལ་གྱི་བྱུང་རིམ་གླེང་བ་ཞེས་དང་། ཤེས་ཡོན་གྱི་གནས་ཚད་དང་བསླབ་གཞིའི་རྩ་འཛིན་ཡར་རྒྱས་གཏོང་ཐབས། སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་དང་ངོས་འཛིན། སྤྱི་ཚོགས་དང་དགོན་སྡེའི་ནང་དུ་དགེ་བཤེས་མའི་འགོ་ཁྲིད། མ་འོངས་པའི་འཆར་སྣང་། རྒྱལ་སྤྱིའི་ནང་ངོས་འཛིན་དང་མཉམ་ལས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། ཚོགས་ཆེན་དེར་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བཙུན་མའི་ལས་འཆར་ཚོགས་པ་གཉིས་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་གནང་ཡོད་པ་རེད་འདུག

འཛམ་གླིང་གི་འཁྲུག་ཆ་ཞི་འཇགས་མ་ཡོང་བར་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ་ཁག་པོ་ཡིན་པ་གསུངས་སོང་།

ཨ་རིའི་སྲིད་འཛིན་ཊམ་མཆོག་གིས་དེ་རིང་ནས་ཉིན་གྲངས་གཉིས་རིང་གི་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་དངོས་སུ་འགོ་འཛུགས་དང་འབྲེལ།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།  ད་ལྟའི་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་འཁྲུག་ཆ་དོད་པོའི་གནས་སྟངས་དེ་ཉིད་ཞི་འཇགས་མ་ཡོང་བར་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ལ་ཡར་རྒྱས་འགྲོ་རྒྱུ་ཁག་པོ་ཡིན་པ་གསུངས་སོང་། དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྲིད་འཛིན་ཊམ་མཆོག་དང་ཞི་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་ཁྲོད།  རྒྱལ་ཁབ་ཕྱོགས་གཉིས་བར་ཚོང་འབྲེལ་དང་།  མིས་བཟོས་རིག་ནུས།  ཐེ་ཝན་གྱི་གནད་དོན།  དེ་བཞིན་ད་ལྟའི་དབུས་ཤར་ཨེ་ཤི་ཡའི་རྩོད་རྙོག་སོགས་ཀྱི་བརྗོད་གཞི་ཁག་གི་སྐོར་ཕན་ཚུན་གླེང་སློང་གནང་ཡོད་པ་དང་།  སྤྱིར་བཏང་ཨ་རིའི་སྲིད་འཛིན་ཊམ་མཆོག་གི་ཐེངས་འདིའི་རྒྱ་ནག་ཏུ་འཚམས་དེ་བཞིན་ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ལོ་ངོ་ ༩ ཡི་རྗེས་སུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་མ་ཟད།  ཉིན་གྲངས་གཉིས་རིང་གི་རྒྱལ་དོན་འཚམས་གཟིགས་དེའང་གཙོ་བོ་ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཕྱོགས་གཉིས་བར་གནད་དོན་མང་དག་ཅིག་གི་ཐོག་མོས་མཐུན་མེད་པའི་རྐྱེན་གྱིས་ཕན་ཚུན་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་དེ་བསྐྱར་གསོ་ཡོང་ཆེད་དུ་དམིགས་པ་ཞིག་རེད་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེ་རིང་ཨ་རྒྱ་གཉིས་སྲིད་འཛིན་ཐུག་འཕྲད་སྐོར་གྱི་གནད་དོན་ཐོག   ཕྱོགས་གཉིས་ནས་གཙོ་བོ་ད་ལྟའི་དབུས་ཤར་ཨེ་ཤི་ཡ་ཁུལ་གྱི་རྩོད་རྙོག་དང་། ཐེ་ཝན་གྱི་གནད་དོན།  དེ་བཞིན་ཚོང་འབྲེལ་དང་བདེ་འཇགས་སོགས་གནད་དོན་མང་དག་ཅིག་སྐོར་གླེང་སློང་གནང་ངེས་ཡིན་ཡང་།  བོད་ཀྱི་གནད་དོན་སྐོར་ཐེངས་འདིའི་ཐུག་འཕྲད་ཁྲོད་ཇི་ཙམ་གླེང་ཐུབ་མིན་ཐད་ཞུ་ཚོད་ཁག་པོ་ཡིན་པ་དང་།  སྤྱིར་བཏང་རྒྱ་ནག་ངོས་ནས་བོད་ཀྱི་གནད་དོན་དེ་ཨ་རིས་བེད་སྤྱོད་གཏང་སྲིད་པའི་དོགས་པ་ཡོད་པ་དེ་ལྟར་ཡང་།  ད་ལྟའི་གནས་སྟངས་མང་པོ་ཞིག་གི་ཐོག་ཨ་རིས་རྣམ་འགྱུར་སྟོན་སྟངས་ལ་བལྟས་ན་བོད་དོན་ཐོག་བཟང་ཕྱོགས་ཀྱི་མ་གཏོགས་ངན་ཕྱོགས་ཀྱི་འགྱུར་བ་ཡོད་པ་གཟིགས་ཀྱི་མེད་པ་གསུངས་སོང་།   གནས་ཚུལ་ནང་གསལ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་དང་འབྲེལ།  རྒྱལ་ཁབ་ཕྱོགས་གཉིས་ཀྱིས་རང་སོ་སོའི་གཞུང་འབྲེལ་བསྒྲགས་གཏམ་འདོན་སྤེལ་གནང་ཡོད་པ་དེའི་ནང་།  ཨ་རིས་ཐེངས་འདིའི་ཐུག་འཕྲད་ཡག་པོ་བྱུང་ཡོད་པའི་ཐོག་ཕྱོགས་གཉིས་བར་ཚོང་དོན་མཉམ་ལས་གོང་འཕེལ་དང་།  ད་ལྟའི་དབུས་ཤར་ཨེ་ཤི་ཡའི་འཁྲུག་རྩོད་ཀྱི་གནད་དོན་ཁྲོད་ The Strait of Hormuz ཞེས་ཁུལ་དེའི་རྡོ་སྣུམ་དང་ཅ་དངོས་སོགས་མཚོ་ཐོག་སྐྱེལ་འདྲེན་བྱེད་སའི་ས་ཚིགས་དེར་འགོག་རྐྱེན་མེད་པའི་ཐོག་འགྲོ་འོང་ཆེད་དུ་སྒོ་འབྱེད་དགོས་པར་མོས་མཐུན་བྱུང་ཡོད་པ།  མ་ཟད་སྲིད་འཛིན་ཞི་ཅིན་ཕིང་གིས་མཚོ་ཐོག་སྐྱེལ་འདྲེན་བྱེད་སའི་ས་ཚིགས་དེ་དམག་དོན་ཅན་དུ་བསྒྱུར་བའམ་ཡང་ན་དེའི་བརྒྱུད་འགྲོ་འོང་བྱེད་མཁན་ཚོར་རིན་གོང་ལེན་པའི་འབད་བརྩོན་རིགས་ལ་ངོ་རྒོལ་ཡོད་པ་གསལ་སྟོན་བྱས་ཡོད་པ།  དེ་བཞིན་མ་འོངས་པར་རྒྱ་ནག་ངོས་ནས་ཁུལ་དེའི་རྡོ་སྣུམ་ལ་རྟེན་རྒྱུ་ཉུང་དུ་གཏང་སྟེ་ཨ་རིའི་རྡོ་སྣུམ་ཉོ་རྒྱུ་མང་དུ་གཏང་བར་འདོད་པ་བསྟན་ཡོད་པ་དང་།  རྒྱལ་ཁབ་གཉིས་ཀས་ཨི་རན་ནས་རྡུལ་ཕྲན་མཚོན་ཆ་ནམ་ཡང་མཁོ་སྒྲུབ་བྱེད་ཆོག་གི་མེད་པར་མོས་མཐུན་བྱུང་ཡོད་པ་འཁོད་འདུག ཕྱོགས་མཚུངས་རྒྱ་ནག་གིས་འདོན་སྤེལ་བསྒྲགས་གཏམ་ནང་ཐེངས་འདིའི་ཐུག་འཕྲད་ཁྲོད།  ཐེ་ཝན་གྱི་གནད་དོན་དེ་བཞིན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་གནད་འགག་ཆེ་ཤོས་ཡིན་པ་འགྲེལ་བརྗོད་ཀྱིས།  ཐེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་སྟངས་ནོར་ན་ཨ་རི་དང་རྒྱ་ནག་བར་འགལ་ཟླ་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་ལུགས་དང་།  རྒྱལ་ཁབ་ཕྱོགས་གཉིས་བར་བརྟན་ལྷིང་ལྡན་པའི་ཐབས་ཇུས་ཀྱི་འབྲེལ་བ་ཞིག་གོང་འཕེལ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་མ་ཟད།  ཨ་རིའི་ཚོང་དོན་ལས་ཁང་ཁག་རྒྱ་ནག་ཏུ་ཚོང་འབྲེལ་བྱ་རྒྱུར་སྒོ་འབྱེད་རྒྱུ་དང་། གཞན་ཡང་ཡུཀ་རེན་དང་དཀྱིལ་ཤར་ཁུལ་གྱི་དམག་འཁྲུག་སོགས་ཀྱི་གནད་དོན་སྐོར་ཕན་ཚུན་གླེང་སློང་བྱས་ཡོད་པ་བརྗོད་འདུག ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་ཁྲོད་ཐེ་ཝན་གྱི་གནད་དོན་གླེང་ཡོད་པ་ལ་བརྟེན་ནས།  ཐེ་ཝན་སྲིད་གཞུང་གིས་ཀྱང་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད།  རྒྱ་ནག་ནི་ས་ཁུལ་བརྟན་ལྷིང་དང་ཞི་ཇགས་ཐད་ཉེན་ཁ་ཆེ་ཤོས་དེ་ཡིན་པ་གསུངས་ཏེ།  རྒྱ་ནག་ལ་ཐེ་ཝན་གྱི་ཚབ་བྱས་ཏེ་རྒྱལ་སྤྱིའི་ཐོག་གླེང་སློང་བྱ་རྒྱུའི་དབང་ཆ་གང་ཡང་མེད་པ་གསུངས་འདུག རྩ་བའི་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན།  དེ་རིང་ཨ་རིའི་སྲིད་འཛིན་ཊམ་མཆོག་གི་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་ཀྱི་ཉིན་དང་པོ་ཡིན་པར་བརྟེན།  ཕྱོགས་གཉིས་བར་གོང་དུ་ཞུས་པའི་གནད་དོན་ཁག་གི་སྐོར་གླེང་སློང་ཙམ་ལས་གནས་ཚུལ་ཞིབ་ཕྲ་གསལ་ཁ་མེད་པ་མ་ཟད།  སྲིད་འཛིན་གཉིས་ཕན་ཚུན་ཐུག་འཕྲད་ཁྲོད་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་སློང་རིགས་ད་ལྟའི་ཆར་གང་ཡང་བྱུང་མེད་པའི་ཚོད་དཔག་གིས་ཁག་གཅིག་ནས་དེར་བློ་འཚབ་གནང་བཞིན་འདུག

༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་དོན་བདེན་མཐའ་གསལ་ཐབས་བཅས་ཀྱི་སླད་དུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག

ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཐེངས་འདིའི་འོས་བསྡུའི་ནང་ཁོང་ལ་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཐོག་དངོས་གཞིའི་འོས་བསྡུའི་བརྒྱུད་རིམ་འགྲོ་མི་དགོས་པ་གནང་བར་ཐུགས་རྗེ་ཆེ་ཞུ་དང་སྦྲགས། ཁོང་གི་ངོས་ནས་འདས་པའི་ལོ་ལྔའི་རིང་འབད་བརྩོན་གནང་བ་བཞིན། མ་འོངས་པར་ཡང་༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་བོད་ཀྱི་རྩ་དོན་སླད་ཕྱག་ལས་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་བཅས་ཀྱི་སླད་དུ་འབད་བརྩོན་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཟླ་ ༢ པའི་ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྒྲ་བརྙན་ཚན་པའི་དྲྭ་གནས་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱ་ཆེ་མང་ཚོགས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་དུ། ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་མཆོག་ལ་འོས་ཤོག་བརྒྱ་ཆ་ ༦༠ ལྷག་ཐོབ་པ་དང་འབྲེལ་ནས་དངོས་གཞིའི་འོས་བསྡུའི་ལས་རིམ་འགྲོ་མི་དགོས་པའི་ཐོག་སྔོན་འགྲོ་རང་ནས་མ་འོངས་ལོ་ལྔའི་རིང་སྲིད་སྐྱོང་གི་འགན་ཁུར་བཞེས་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཁོང་དང་ཁོང་གི་སྣེ་ཁྲིད་པའི་བཀའ་ཤག་གི་ངོས་ནས་གང་ཐུབ་སྤྱི་ཐུབ་ཀྱི་འབད་བརྩོན་གནང་བ་བཞིན་མང་ཚོགས་ཀྱི་ངོས་ནས་ཀྱང་བཟང་ཕྱོགས་ཀྱི་རྣམ་འགྱུར་མང་པོ་གཅིག་བསྟན་ཡོད་པ་ལྟར། ཁོང་དེ་སྔོན་ཕྱི་ལོ་ ༢༠༢༡ ལོར་སྲིད་སྐྱོང་གི་འོས་མིར་བཞེངས་པའི་སྐབས་སུ་སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་། རྩ་དོན་བརྟན་པོ་བཅས་བསྒྲགས་ཚིག་གསུམ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུའི་དམ་བཅའ་བཞེས་པ་བཞིན་འདས་པའི་ལོ་ལྔ་མིན་ཙམ་རིང་ཞབས་ཞུ་སྒྲུབ་པར་མང་ཚོགས་ཀྱི་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཐེངས་འདིའི་འོས་བསྡུའི་བརྒྱུད་རིམ་གྱི་ནང་དུའང་ཁོང་ནས་སྤྱི་ཚོགས་དུམ་བུ་འགྲོ་ཡག་གི་རྒྱུ་རྩ་བ་ནས་བསྐྲུན་མེད་པ་དེ་དགའ་སྤོབས་ངང་གསུངས་ཐུབ་རྒྱུ་ཡོད་པ་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ལྔ་མིན་ཙམ་གྱི་ལས་ཡུན་འདིའི་ནང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་ཨ་རིའི་ཁྲིམས་ཡིག་གཏན་འབེབས་གནང་ཐུབ་པ་བྱུང་བ་དང་། ཉེ་བའི་ཆར་ཨ་རིའི་སྔོན་རྩིས་གཏོང་ལེན་ཁྲིམས་ཡིག་ནང་དུ་བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་གཞུང་ཞེས་ཚིག་བརྗོད་བཀོད་ཐུབ་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱུང་བ། དེ་བཞིན་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་༸གོང་ས་མཆོག་དང་བོད་མི་མང་ཚོགས་ཀྱི་དགོངས་པ་བརྒྱུད་བསྒྲགས་གནང་ཐུབ་པ། ལྷག་པར་དུ་སྔ་ལོ་རྒྱལ་སྤྱི་ཁྱོན་ལ་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་ཁྲོད་ནས་༸གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་འོག་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་ཕྱེད་ཀ་ཙམ་རག་ཐུབ་པ་དང་། ལོ་རྗེས་མའི་སྔོན་རྩིས་ནང་དུའང་རོགས་དངུལ་ཆ་ཚང་བསྐྱར་གསོ་གནང་ཐུབ་པ། དེ་བཞིན་ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་རེ་ཞིག་བསྐྱར་གསོ་ཐུབ་པ་སོགས་བཟང་ཕྱོགས་ཀྱི་འགྱུར་བར་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག ལྷག་པར་ད་ལྟ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་སྐབས་སུ་ཁོང་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་དང་། རྒྱལ་ཁབ་དང་སྒྲིག་འཛུགས་གཞན་གྱི་ལྷན་དུ་འབྲེལ་བ་ཡག་པོ་ཡོད་པ་དང་། བོད་མི་རྣམས་ལ་ཆེ་མཐོང་ཆེན་པོ་ཐོབ་ཀྱི་ཡོད་པ་བཞིན་མ་འོངས་པར་འབྲེལ་བ་དེ་དག་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་དག་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་མ་འོངས་པར་༸གོང་ས་མཆོག་ཞལ་མ་བཞུགས་པ་སོགས་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན་ལ་མ་ལྟོས་པར་སྐབས་དེ་དུས་ཀྱི་སྲིད་སྐྱོང་རྣམས་ལ་ད་ལྟ་བཞིན་ཆེ་མཐོང་རག་ཐུབ་ཡག་དང་། དུས་དེ་འདྲའི་སྐབས་སུ་ཡིན་ནའང་༸གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ཡང་དག་པ་རྒྱུན་སྐྱོང་གནང་རྒྱུའི་ལམ་ཐོག་བསྐྱོད་རྒྱུ། ལྷག་པར་དུ་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་བོད་རྒྱའི་དཀའ་རྙོག་སེལ་དགོས་ན་ཐབས་ལམ་དེ་རྒྱ་ནག་རང་ནས་ཡོང་དགོས་པ་ལྟར། རྒྱ་ནག་གི་ཕྱི་ནང་གི་གནས་སྟངས་དང་འགྱུར་བ། གོ་སྐབས་བཅས་ལ་དོ་སྣང་གནང་རྒྱུ། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས། མང་ཚོགས་དང་སྒྲིག་འཛུགས་དབར་འབྲེལ་བ་མཐུད་ཡག་སླད་མུ་མཐུད་བོད་མི་འདུ་སྡོད་ཁག་ལ་སྐོར་སྐྱོད་སོགས་གནང་རྒྱུ་ཡིན་པ་དང་། ལས་དོན་དེ་དག་སྐོར་རིང་མིན་བཀའ་ཤག་གི་མ་འོངས་བོད་ཀྱི་འགན་སྲུང་གི་ཡིག་ཆའི་ནང་དུ་ཁ་སྣོན་རྒྱག་རྒྱུ་ཡིན་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་ལྷག་པར་དུ་ད་བར་གྱི་ལོ་ལྔ་མིན་ཙམ་གྱི་ལས་ཡུན་ནང་དུ། དབྱེ་འབྱེད་དང་ཕྱོགས་ཞེན་རིགས་མེད་པའི་ཐོག་ནས་མཐུན་སྒྲིལ་གོང་འཕེལ་ཐོག་ཕྱག་ལས་གནང་ཡོད་པར་དགའ་སྤོབས་སྐྱེ་བཞིན་ཡོད་སྐོར་དང་འབྲེལ། བོད་མི་རྣམས་ནས་ཀྱང་༸རྒྱལ་བའི་དགོངས་པ་སྒྲུབ་རྒྱུ་དང་སྒྲིག་འཛུགས་སྲ་བརྟན། སྤྱི་ཚོགས་འཆམ་མཐུན་ཡོང་རྒྱུའི་ཐོག་མཉམ་རུབ་གནང་དགོས་གལ་ཡིན་པ་དང་། བོད་ཀྱི་གནད་དོན་དང་བོད་ཀྱི་ལོ་རྒྱུས་བཅས་ལ་ཐུགས་སྣང་གནང་དགོས་པའི་སྐུལ་འདེབས་གནང་འདུག གཞི་རྩའི་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་གནང་བའི་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ནང་དུ། ལས་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་ ༣༡༣༢༥ ཐོབ་པ་དང་སྦྲགས་ནས་འོས་ཐོབ་བརྒྱ་ཆ་ ༦༡་༠༢༥ ཐོབ་སྟེ་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་ཡོད་པ་ལྟར། རིང་མིན་ཕྱི་ཟླ་ ༤ པའི་ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུའི་ནང་དུ་བོད་ཆོལ་ཁ་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག དེ་བཞིན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་འོས་འདེམས་ཀྱི་བརྒྱུད་རིམ་ཐོག་འགྲོ་རྒྱུ་ཡིན་པ་རེད།

Latest news