Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པ་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུག

ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པའི་མཐའ་མའི་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུགབགྲོ་གླེང་དེའི་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གཙོས་ཚོགས་མི་རྣམས་དང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་རྩོམ་སྒྲིག་པ་རྣམ་པ། གཞན་ཡང་༸གོང་ས་མཆོག་གི་རྒྱ་སྐད་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་དང་། ཨིན་བསྒྱུར་ལོ་ཙཱ་བ་བདེ་ཆེན་ལགས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་བཤེས་རྣམ་པ་བཞི་དང་ཟུར་ཉན་ཁག་ཅིག་བཅས་ལྷན་བཞུགས་གནང་འདུགབགྲོ་གླེང་གི་ཐོག་མ་དེར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་གྱི་རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་། དགའ་ལྡན་བྱང་རྩེའི་དཔྱི་ས་རིན་པོ་ཆེ། དེ་བཞིན་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས་དང་། བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས་ལགས་བཅས་ནས་ས་བཅད་ཆ་བགོས་ཐོག་ལྟ་གྲུབ་ཀུན་བཏུས་ཀྱི་བརྗོད་དོན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་པར་བསྐྲུན་ཟིན་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་དེ་དག་བོད་ཡིག་ཙམ་མ་ཟད། དབྱིན་སྐད་དང་རྒྱ་སྐད་སོགས་ཀྱི་ཐོག་ཕབ་བསྒྱུར་གནང་ཐུབ་པ་དེས་འགྲོ་བ་སྤྱིའི་བདེ་དོན་ཐོག་ལ་ཕན་ཐོགས་་ཆེན་པོ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་དཔེ་དེབ་དེ་དག་ཐོག་ལ་རྒྱ་ནག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སློབ་དཔོན་དང་ཤེས་ལྡན་མི་སྣ། དེ་བཞིན་ཚན་རིག་མཁས་པ་དང་མཐོ་རིམ་སློབ་མ་སོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ད་ལྟའི་དུས་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཅན་ཞིག་ཡིན་པ་བཀའ་བསྩལ་འདུགགཞི་རྩའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དེ་དག་༸གོང་ས་མཆོག་ནས་རྒྱུན་དུ་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་ཀྱི་ལག་ལེན་ཞེས་རིམ་པ་གསུམ་དུ་དབྱེ་རུང་བ་དང་། དེ་དག་ཁྲོད་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནང་པ་ཙམ་མ་ཟད། འཛམ་གླིང་ཀུན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་དོན་ལྟར། གདན་ས་ཁག་གི་དགེ་བཤེས་ཁག་ཅིག་ནས་ལོ་མང་སྐུ་ངལ་བསྐྱོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆ་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་པར་བསྐྲུན་ཟིན་ཏེ་དབྱིན་ཡིག་དང་རྒྱ་སྐད་སོགས་སྐད་ཡིག་མི་ཉུང་བ་ཞིག་གི་ཐོག་ཕབ་བསྒྱུར་གནང་དང་གནང་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། ད་རེས་༸གོང་ས་མཆོག་དང་ལྷན་དུ་གྲོས་བསྡུར་མཛད་པའི་གླེགས་བམ་གསུམ་པ་དང་བཞི་པ་དེ་ནི་ནང་པའི་གཞུང་ནས་གསུངས་པའི་གྲུབ་མཐའ་དང་ལྟ་གྲུབ་སྐོར་ཆགས་ཀྱི་འདུག    

ང་ཚོ་ཕྱོགས་གཉིས་ཀས་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་སྒུག་བཞིན་ཡོད།  

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་ཐེ་ཝན་དུ་འགྲོ་རྒྱུར་གྲ་སྒྲིག་ཡོད་ལ། ང་ཚོ་ཕྱོགས་གཉིས་ཀས་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་སྒུག་བཞིན་ཡོད་ཅེས་བཀའ་བསྩལ་འདུགདེའང་ཉེ་ལམ་བཞུགས་སྒར་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དབར་ཉིན་གྲངས་གསུམ་གྱི་རིང་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཐོག་ཆེས་ཐོག་མའི་བགྲོ་གླེང་གནང་བ་དང་བསྟུན། ཐེ་ཝན་ CTS གསར་ཁང་གིས་ཉིན་མཐའ་མའི་བགྲོ་གླེང་དབུ་འཛུགས་མ་གནང་གོང་དུ་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་༸གང་ཉིད་མཆོག་ལ་ཐེ་ཝན་དུ་ཆིབས་བསྒྱུར་མཛད་འཆར་ཡོད་མེད་སྐོར་བཀའ་འདྲི་ཞུས་འདུགསྐབས་དེར་༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུར་གྲ་སྒྲིག་ཡོད་པ་དང་། ༸གང་ཉིད་མཆོག་དང་ཐེ་ཝན་གྱི་དད་ལྡན་ཚོའི་ངོས་ནས་ཀྱང་རྒྱ་ནག་ལས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་ཡོང་བར་ཐུགས་རེ་གནང་བཞིན་ཡོད་པ་དེ་ལྟར་ཡང་། ཐེ་ཝན་བ་ཚོའི་ཕྱོགས་ནས་ཏོམ་ཙམ་སྟབས་བདེ་མེད་པ་ལྟར་༸གང་ཉིད་མཆོག་ལའང་དེ་འབྲེལ་དཀའ་ཚེགས་ཕྲན་བུ་ཡོད་སྐོར་བཀའ་བསྩལ་དང་ཆབས་ཅིག མ་འོངས་པར་གང་བྱུང་མིན་ནི་ཚོད་དཔག་དཀའ་བ་ཞིག་ཡིན་པར་བཀའ་བསྩལ་མཛད་འདུག རྩ་བའི་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་ཐེ་ཝན་གྱི་རྒྱ་རིགས་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་ལྷན་ཞུགས་གནང་ཡོད་པ་དང་། ཁོང་གིས་ལྷན་ཚོགས་མཇུག་ཏུ་༸གོང་ས་ཐེ་ཝན་དུ་ཆིབས་བསྒྱུར་མཛད་རྒྱུར་དགའ་བསུ་ཡོད་པ་དང་ཁུལ་དེར་འདི་ལྟ་བུའི་བགྲོ་གླེང་ཞིག་ཀྱང་ཚོགས་ཐུབ་པར་ཐུགས་རེ་ཡོད་སྐོར་གསུངས་ཡོད།

རྒྱལ་སྤྱིའི་ཚན་རིག་ལྷན་ཚོགས་ཤིག་ཆེད་བསྐོང་གནང་དགོས་གལ་ཡིན་པ་བཀའ་བསྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེ་རིང་ཟླ་ ༡༡ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་ཉིན་མཐའ་མའི་བགྲོ་གླེང་ལེགས་གྲུབ་ངང་མཇུག་སྒྲིག་གནང་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོའི་ཚོགས་དུས་ཐོག་ང་རང་ཚོའི་ངོས་ནས་འགྲོ་བ་མིའི་བསམ་བློ་དེ་ངེས་པར་དུ་འགྱུར་བཅོས་གཏོང་དགོས་གལ་ཡིན་པ་དང་། དེའང་ང་ཚོས་ཇི་ལྟར་བྱས་ནས་རང་གཅེས་འཛིན་གྱི་བསམ་བློ་དེ་དོར་དགོས་པའི་ཐད་ལ་དགོངས་པ་བཞེས་དགོས། དེ་ནི་ཧ་ཅང་གི་གནོད་འཚེ་ཅན་ཞིག་ཡིན་པ་མ་ཟད་དེ་བཞིན་དེང་སྐབས་དཀའ་ངལ་འཕྲད་བཞིན་པའི་གོ་ལའི་ཚ་དྲོད་དེ་དག་མིའི་བསམ་བློ་དང་ཆེས་འབྲེལ་བ་ཡོད་སྐོར་སོགས་ལམ་སྟོན་བསྩལ་སོང་། དེ་བཞིན་༸གོང་ས་མཆོག་གིས་མ་འོངས་པར་རྒྱལ་སྤྱིའི་ཚན་རིག་ལྷན་ཚོགས་ཤིག་ཆེད་བསྐོང་གནང་དགོས་པ་དང་དེའང་གོ་ལའི་ཚ་དྲོད་དང་གནས་བབ་སོགས་ལ་སྨིན་པའི་ང་ཚོས་གང་བྱ་རྒྱུ་ཡོད་པའི་ཀ་ཁ་ག་ང་ཞེས་སྡེ་ཁག་འཆར་འགོད་ཐོག་ནས་དངོས་ཀྱི་གྲུབ་དོན་སོན་པར་ཕན་ནུས་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་ཐུབ་ཚེ་གཏན་གཏན་འགྱུར་བ་འགྲོ་ངེས་ཡིན་པར་བཀའ་བསྩལ་སོང་། ད་དུང་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོས་ཕྱིའི་གནས་ལུགས་དང་འབྲེལ་བའི་ཚད་རྡུལ་དངོས་ཁམས་རིག་པ་སོགས་ཀྱི་ཐོག་ཕན་ཚུན་དབར་གླེང་སློང་བྱེད་བཞིན་ཡོད་པ་རེད། དེ་དག་ནང་སེམས་ཀྱི་བདེ་སྡུག་དང་འབྲེལ་ནས་ཡོད་པ་ཞིག་ཡིན་སྟབས། ནང་བསམ་བློའི་ཐོག་ལ་དམིགས་བསལ་གོ་བསྡུར་གནང་ཐུབ་ཚེ་ལེགས་པོ་ཡོད་སྐོར་ལམ་སྟོན་མཛད་ཡོད། དེ་རིང་བགྲོ་གླེང་གི་ལས་ཉིན་མཐའ་མ་དང་འབྲེལ་གསུང་བཤད་གནང་མཁན་དང་ཚོགས་བཅར་བ་རྣམས་ལ་དམིགས་བསལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཕུལ་དོན་ལྟར་གསུང་བཤད་པ་ཞིག་གིས་ཚད་རྡུལ་དངོས་ཁམས་ནས་བཤད་པ་དེ་དག་༸གོང་ས་མཆོག་གིས་ཉམས་བཞེས་གནང་བའི་དཔྱད་སྒོམ་དང་འབྲེལ་བ་གང་ཡོད་མེད་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་སྟོང་པ་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་པོ་ནི་༸གང་ཉིད་མཆོག་གི་ཉམས་བཞེས་ཀྱི་གཙོ་བོ་ཡིན་པ་དང་། ༸གང་ཉིད་མཆོག་ནས་སྟོང་ཉིད་ཀྱི་ལྟ་བ་རྟོགས་ཡོད་པ་བཀའ་བསྩལ་མཛད་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ཚོགས་འདུའི་མཇུག་ཏུ་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་གིས་༸གོང་ས་ཐེ་ཝན་དུ་ཕེབས་པར་དགའ་བསུ་ཡོད་པ་དང་འདི་ལྟ་བུའི་བགྲོ་གླེང་ལྷག་ཚོགས་ཚོགས་ཐུབ་པར་ཐུགས་རེ་ཡོད་སྐོར་ཞུས་སོང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་དབུ་བཞུགས་དང་གསུང་བཤད་གནང་ཡོད་པ་མ་ཟད། རྒྱརིགས་ཚན་རིག་པ་སྐུ་ཞབས་ Shih Chang Lee ལགས་དང་། Chii Dong Chen ལགས། Yueh Nan Chen ལགས། དེ་བཞིན་ Shawn Y.Lin ལགས། Ting Kuo Lee ལགས། Maw Kuen Wu ལགས། Albert M.Chang ལགས། དེ་བཞིན་ Chung Yuan Mon ལགས་བཅས་ནས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་༸སྐུའི་དབྱིན་སྐད་གསུང་སྒྱུར་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་ལགས་སུ་ཐེངས་འདིའི་བགྲོ་གླེང་སྤྱི་ཡོངས་ཐོག་ལ་བཀའ་འདྲི་ཞུས་ཡོད། རྩ་བའི་༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་བགྲོ་གླེང་ཆེས་ཐོག་མ་འདི་ཏཱ་ལའི་བླ་མའི་དགེ་རྩེ་ཁང་གིས་གོ་སྒྲིག་དང་མཐུན་འགྱུར་གནང་བ་ཞིག་ཡིན་པ་རེད།

རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཐོག་བྱསམ་བརྩེ་ལྡན་པའི་དུས་རབས་ཤིག་སྐྲུན་དགོས་པའི་ལམ་སྟོན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གྲོང་ཁྱེར་ Toronto ནང་འཚོགས་བཞིན་པའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ཐོག་འཚམས་འདྲིའི་བརྙན་པར་ཞིག་བསྩལ་བའི་བརྒྱུད། ཆོས་ལུགས་ལྷན་ཚོགས་ལ་གཞན་ཕན་སྒྲུབ་རྒྱུའི་བློ་འཛིན་ཐོག་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་སྐྲུན་རྒྱུར་འབད་པ་གནང་དགོས་པར་ལམ་སྟོན་མཛད་འདུག དེ་ཡང་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་འདི་བཞིན་ Toronto གྲོང་ཁྱེར་དུ་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཚེས་ ༧ བར་ཚོགས་གནང་གི་ཡོད་པ་དང། ལྷན་ཚོགས་ཐོག་༸གོང་ས་མཆོག་༸སྐུ་དངོོས་ཆིབས་བསྒྱུར་མཛད་ཐུབ་མེད་ཀྱང་། མགོན་པོ་མཆོག་ནས་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་གྲོས་ཚོགས་ཀྱི་ཚོགས་མི་ཚོར་བརྙན་པར་ལམ་ནས་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་ཡོད་པ་ལྟར། ཚོགས་འདུའི་ཐོག་ཆེད་བཅར་ཞུས་པའི་ Tibet Fund འམ་བོད་ཀྱི་ཐེབས་རྩ་ཁང་གི་ཚོགས་གཙོ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་ཁ་ཉིན་ཚེས་ ༡ ཉིན་ཚོགས་འདུ་དབུ་བྱེད་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་དེ་ཚོགས་བཅར་བ་རྣམས་ལ་གཟིགས་འབུལ་ཞུས་འདུག༸གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་འབྲེལ། ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པའི་ད་ལྟའི་དུས་རབས་ཉེར་གཅིག་འདིའི་ནང་རང་བྱུང་གོད་ཆག་དང་དབུལ་ཕྱུག་དབར་བར་ཁྱད་ཆེན་པོ་ཡོད་པ་དེ་དག་འགྲོ་བ་མིས་བཟོས་པའི་དཀའ་ངལ་འབའ་ཞིག་ཆགས་ཀྱི་ཡོད་པ་དང་འཛམ་གླིང་ཐོག་བཟང་ཕྱོགས་ཀྱི་རིན་ཐང་འདང་ངེས་མེད་པའི་རྣམ་པ་གསལ་པོ་ཡིན་སྟབས། དེང་གི་དུས་རྙོག་འདིར་ཆོས་ཞེས་པ་དེ་དགོས་ངེས་ཤིག་ཡིན་པ་དང། སྤྱིར་ཆོས་ལུགས་གང་འདྲ་ཞིག་ཡིན་ཡང་ཚང་མས་བྱམས་པ་དང་བརྩེ་བ། བཟོད་སྒོམ་སོགས་ཀྱི་བློ་གཅིག་མཚུངས་གོང་འཕེལ་གནང་གི་ཡོད་སྟབས། ཆོས་ཁས་བླངས་མིན་ནི་མི་སྒེར་གྱི་འདོད་པ་ཡིན་པ་དེ་ལྟར་ཡང་ཆོས་ཁས་བླངས་ཕྱིན་ཆོས་ལུགས་དེའི་བྱམས་བརྩེའི་བརྡ་ལན་གོང་འཕེལ་གནང་རྒྱུར་འབད་དགོས་གནད་ཡིན་པ་སོགས་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད། རྩ་བའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་འདི་བཞིན་འཛམ་གླིང་གི་ཆོས་ལུགས་དང་ཆོས་དད་ཀྱི་སྤྱི་ཚོགས་འདྲ་མིན་དབར་འཆམ་མཐུན་གྱི་བློ་སྐྲུན་པའི་བརྒྱུད་དྲང་ལྡན་དང་ཞི་བདེ་རྒྱུན་སྐྱོང་ཐུབ་པའི་འཛམ་གླིང་ཞིག་སྐྲུན་རྒྱུར་དམིགས་ཏེ་གསར་འཛུགས་གནང་བ་ཞིག་ཡིན་པ་རེད། ཐེངས་འདིའི་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ ༨༠ ཙམ་ནས་ཆོས་ལུགས་དང་ཆོས་དད་འདྲ་མིན་ ༢༠༠ ཙམ་གྱི་སྐུ་ཚབ་གྲངས་ཆིག་ཁྲི་ཙམ་ནས་མཉམ་ཞུགས་གནང་ཡོད་པ་རེད།  

༸གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་རིགས་ཚན་རིག་པ་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཐོག་བགྲོ་གླེང་ཐེངས་དང་པོ་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་དེ་རིང་ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་ནས་རྒྱ་རིགས་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་དང་ཉམས་ཞིབ་པ། དེ་བཞིན་གཙུག་ལག་སློབ་དཔོན་ཁག་ཅིག་དབར་ཚད་རྡུལ་དངོས་ཁམས་རིག་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཆེས་ཐོག་མ་དབུ་འཛུགས་གནང་སོང་། སྐབས་དེར་༸གོང་ས་མཆོག་གིས་༸གང་ཉིད་མཆོག་ནས་ཚོགས་བཅར་བ་ཡོངས་ལ་དགའ་བསུའི་འཚམ་འདྲི་དང་འབྲེལ། ནུབ་ཕྱོགས་པའི་ཚན་རིག་པའི་དབར་ལོ་ངོ་ ༣༠ ལྷག་གི་རིང་བགྲོ་གླེང་གནང་མྱོང་ཡོད་པ་ལས་རྒྱ་རིགས་ཚན་རིག་པའི་དབར་འབྲེལ་བ་དེ་ཙམ་བྱུང་ཐུབ་མེད་ཀྱང་། ད་རེས་རྒྱ་རིགས་ཚན་རིག་པ་དང་ལྷན་བགྲོ་གླེང་གནང་རྒྱུ་བྱུང་བ་འདི་ནི་ཆེས་ཐོག་མ་ཆགས་ཀྱི་ཡོད་སྐོར་ངོ་སྤྲོད་མཛད་སོང་།༸གོང་ས་མཆོག་ལ་དེ་སྔ་ཐེ་ཝན་རྒྱ་རིགས་ཤིག་གིས་རང་ཉིད་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་ཡིན་སྐོར་སྙན་གསེང་ཞུས་པར་བརྟེན་དེ་དང་འབྲེལ་ནས་ད་རེས་བགྲོ་གླེང་འདི་ཚོགས་ཐུབ་པ་བྱུང་བ་རེད་ཅེས་བཀའ་བསྩལ་ཡོད། མགོན་པོ་༸གང་ཉིད་མཆོག་གིས་འདི་ལྟ་བུའི་བགྲོ་གླེང་ཆེད་ཚོགས་གནང་བའི་དགོས་དམིགས་གཙོ་བོ་གཉིས་ཡོད་པ་གསལ་བཤད་གནང་དོན་ང་ཚོ་ཕན་ཚུན་དབར་རང་ཉིད་ཀྱི་ཤེས་ཡོན་རྒྱ་སྐྱེད་གནང་རྒྱུ་དང་། དེའང་དུས་རབས་ཉི་ཤུའི་སྔོན་དུ་ཚན་རིག་པ་ཚོས་ཕྱིའི་དངོས་པོ་ཁོ་ནའི་རྣམ་གཞག་ཐོག་དཔྱད་པ་བྱས་ཡོད་པ་མ་གཏོགས་ནང་སེམས་ཀྱི་རྣམ་གཞག་ཐད་དེ་ཙམ་དོ་སྣང་གནང་གི་མེད་པས་ནང་སེམས་ཀྱི་རྣམ་གཞག་ཐོག་ཐུགས་སྣང་ཡོང་ཐབས་དང་། དེ་བཞིན་ཚན་རིག་པའི་བརྟག་དཔྱད་ཀྱི་གྲུབ་དོན་དུ་ཁོང་ཁྲོས་ལུས་ཟུངས་མ་ལག་ཟད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་ལྟར་ཆོས་ལུགས་ཀྱི་ཐོག་ནས་བྱམས་བརྩེ་དང་ཞི་བདེ་སོགས་གོང་འཕེལ་གནང་བར་ཐབས་ལམ་ཚད་ངེས་ཅན་ཞིག་ལས་མེད་སྟབས། ཚན་རིག་གི་བརྟག་དཔྱད་གནང་བའི་ཡོ་བྱད་དེ་དག་ཡར་རྒྱས་ཕྱིན་ཡོད་པ་སོགས་ཀྱི་རྒྱུ་མཚན་ཐོག་ནས་བགྲོ་གླེང་འདི་གོ་སྒྲིག་གནང་བ་ཞིག་ཡིན་པར་བཀའ་བསྩལ་ཡོད། ད་དུང་༸གོང་ས་མཆོག་གིས་དེང་སྐབས་ཚན་རིག་པ་ཚོས་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་མངོན་གསལ་གནང་ཡོད་པ་ལྟར་ཆོས་ལུགས་དང་མ་འབྲེལ་བའི་ནང་སེམས་ཀྱི་འཕྲོད་བསྟེན་ཐོག་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པར་ལམ་སྟོན་བསྩལ་སོང་།དེ་རིང་གི་བགྲོ་གླེང་ཚོགས་འདུའི་ཐོག་གཞན་ཡང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐོག་ནས་བོད་དང་རྒྱ་ནག་དབར་དམག་འཁྲུག་དང་གཉེན་སྒྲིག་སོགས་གནང་མྱོང་ཡོད་པ་རེད། འོན་ཀྱང་ད་ལྟའི་ཆར་ང་ཚོས་རྒྱ་ནག་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པ་ལས་རང་བཙན་རྩོད་ཀྱི་མེད་སྐོར་བསྐྱར་ནན་མཛད་པ་དང་ཆབས་ཅིག འཛམ་གླིང་སྣེ་གསུམ་པ་བོད་ཀྱི་ཁོར་ཡུག་དེ་གོ་ལའི་ཚ་དྲོད་དང་ཤིན་ཏུ་ནས་འབྲེལ་བ་ཡོད་པས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་དགོས་གལ་ཡིན་པར་བཀའ་བསྩལ་ཡོད་པ་རེད། དེ་རིང་གི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་ཁེལ་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ Yuan Tseh Lee མཆོག་དབུ་བཞུགས་དང་གསུང་བཤད་གནང་ཡོད་པ་མ་ཟད། རྒྱརིགས་ཚན་རིག་པ་སྐུ་ཞབས་ Shih Chang Lee ལགས་དང་། Chii Dong Chen ལགས། Yueh Nan Chen ལགས། དེ་བཞིན་ Shawn Y.Lin ལགས་བཅས་ནས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པ་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་དོན་ཇི་ཡིན་ཐད་བཀའ་འདྲི་ཞུས་ཡོད། རྩ་བའི་དེ་རིང་༸གོང་ས་མཆོག་དབུ་བཞུགས་ཐོག་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་བགྲོ་གླེང་ཐོག་རྒྱ་རིགས་ཁོངས་ནས་ཐེ་ཝན་རྒྱ་རིགས་བདུན་ཕེབས་ཡོད་པ་དང་རྒྱ་རིགས་ཚོགས་བཅར་བ་ཁྱོན་བཞི་བཅུ་ཞེ་གྲངས་ལྷག་ཆེད་བཅར་གནང་འདུག་པ་མ་ཟད་དེ་བཞིན་བོད་པའི་དགོན་ཁག་དང་བོད་སློབ་ཁག་གི་སྐུ་ཚབ་སོགས་ཚོགས་བཅར་བ་ཁྱོན་ ༢༠༠ ལྷག་ནས་མཉམ་བཞུགས་གནང་ཡོད་པ་རེད།

ནང་བསམ་བློའི་ཐོག་ནས་ངོས་རང་ཁྱེད་རྣམས་ལས་རྒྱ་གར་བ་ཚད་ལྡན་པ་ཞིག་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱ་གར་གྱི་མཐོ་རིམ་སློབ་མ་ཁག་ཅིག་ལ་ཐུགས་བརྩེ་བ་ཆེན་པོས་རྒྱ་གར་གྱི་གནའ་བོའི་རིག་གནས་ཀྱི་གལ་གནད་ཐད་བཀའ་སློབ་བསྩལ་བར་མགོན་པོ་༸གང་ཉིད་མཆོག་རྒྱ་གར་གྱི་གནའ་བོའི་རིག་གནས་གོང་འཕེལ་གནང་མཁན་གྱི་ཕོ་ཉ་ལྟ་བུ་ཞིག་ཡིན་སྐོར་བཀའ་བསྩལ་བ་མ་ཟད་སྤྱིར་ནང་བསམ་བློའི་ཐོག་ནས་ངོས་རང་ཁྱེད་ཚོ་ལས་རྒྱ་གར་བ་ཚད་ལྡན་པ་ཞིག་ཡིན་ཞེས་བཀའ་བསྩལ་འདུག དྷ་སའི་ཉེ་འཁོར་དུ་རྟེན་གཞི་བྱས་པའི་ Hamirpur ནང་འཚོགས་བཞིན་པའི་Coexistence ཞེས་ཕན་ཚུན་མཉམ་གནས་ཀྱི་ཚོགས་འདུ་དང་སྟབས་བསྟུན། Haryana ཧརཡཱནཱ་དང་ Chandigarh ཅནྡི་གྷར། ཝཱ་རཱ་ཎ་སཱི་ལ་སོགས་པའི་རྒྱ་གར་གྱི་ས་གནས་འདྲ་མིན་གྱི་མཐོ་སློབ་ཆེ་གྲས་ཁག་ཅིག་ལས་བསྡུས་པའི་སློབ་མ་དེ་དག་ལ་༸གོང་ས་མཆོག་གིས་ལོ་ངོ་སྟོང་ཕྲག་གསུམ་ལྷག་ཕྱིན་པའི་དཔལ་ནཱ་ལནྡཱ་ནས་བརྒྱུད་པའི་རྒྱ་གར་གྱི་གནའ་བོའི་རིག་གནས་དེ་ཆེས་རྩོད་རྙོག་ལྡན་པའི་དེང་གི་འཛམ་གླིང་དེའི་ནང་ཧ་ཅང་གི་དགོས་མཁོ་ཆེན་པོ་ཆགས་ཡོད་སྐོར་བཀའ་བསྩལ་བ་མ་ཟད། དབུལ་ཕྱུག་དབར་བར་ཁྱད་ཆེ་བའི་དཀའ་ངལ་དང་། ཆོས་ལུགས་ཀྱི་མིང་ཐོག་རྩོད་རྙོག་ཧ་ཅང་ཆེ་བའི་དུས་སྐབས་འདིར་རྒྱ་གར་གྱི་ངོས་ནས་ཆོས་ལུགས་མཉམ་གནས་ཀྱི་རིག་གནས་བཟང་པོ་དེ་འཛམ་གླིང་ཐོག་གོང་འཕེལ་གནང་རྒྱུའི་དུས་ལ་བབ་ཡོད་ཅེས་བཀའ་བསྩལ་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་མ་དེ་དག་ལ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་སྒེར་གྱི་ཐུགས་བསྐྱེད་དམ་བཅའ་ཆེན་པོ་རྣམས་ངོ་སྤྲོད་མཛད་པ་དང་འབྲེལ། དེ་དག་ལས་གོ་ལའི་ཁོར་ཡུག་ལ་བདག་གཅེས་བྱ་རྒྱུའི་གལ་གནད་སྐོར་ལ་བཀའ་བསྩལ་བར་དེ་སྔ་ཕྱི་ལོ་ ༡༩༦༠ ལོར་༸གང་ཉིད་མཆོག་བཞུགས་སྒར་དྷ་སར་ཆེས་ཐོག་མ་ཆིབས་བསྒྱུར་མཛད་སྐབས་ཀྱི་༸སྐུའི་མྱོང་བ་ཁག་དཔེ་མཚོན་དུ་བཀོད་ནས་ལོ་དེའི་དགུན་དུས་སུ་དྷ་སར་གངས་ཧ་ཅང་མང་པོ་འབབ་ཡོད་ཀྱང་། ད་ཆ་ལོ་རེ་ནས་ལོ་རེ་བཞིན་གངས་ཉུང་དུ་འགྲོ་གི་ཡོད་པས་དེ་ནི་གོ་ལའི་ཚ་དྲོད་རྒྱས་པའི་རྟགས་མཚན་ཛ་དྲག་གི་རང་བཞིན་ཆགས་ཡོད་སྟབས་ང་ཚོས་གོ་ལའི་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་ཉར་གནང་དགོས་གལ་ཡིན་པར་ལམ་སྟོན་མཛད་འདུགམགོན་པོ་༸གང་ཉིད་མཆོག་ནས་སྐར་མ་ཉི་ཤུའི་རིང་བཀའ་སློབ་བསྩལ་གྲུབ་རྗེས་སློབ་མ་མང་དག་ཞིག་ནས་༸གོང་ས་མཆོག་ལ་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཁོང་ཁྲོ་དང་ཞེ་སྡང་ལ་སོགས་པར་གཉེན་པོ་བསྟན་སྟངས་དང་། རྩོད་རྙོག་ཅན་གྱི་འཛམ་གླིང་དེའི་ཁྲོད་ཕན་ཚུན་ཞི་བདེའི་ངང་མཉམ་གནས་གནང་སྟངས་བཅས་ཀྱི་ཐོག་བཀའ་འདྲི་འདྲ་མིན་ཁག་ཅིག་ཕུལ་ཡོད་པ་རེད།ལས་རིམ་དེའི་མཇུག་ཏུ་དགེ་རྒན་ཞིག་གིས་ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁར་བཅར་བའི་མཐོ་རིམ་སློབ་མ་དེ་དག་དང་ལྷན་དུ་སློབ་གྲྭ་ཁག་གི་དགེ་རྒན་དང་འགོ་ཁྲིད། དེ་བཞིན་སྦྱིན་བདག་ཁག་ཅིག་ཀྱང་བཅར་ཡོད་པ་སྙན་གསེང་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ལ་དམིགས་བསལ་ལམ་སྟོན་ཞུས་པར་༸གོང་ས་མཆོག་ནས་ཤེས་ཡོན་གྱི་སྡེ་ཁག་དང་འབྲེལ་བའི་ཆེད་ལས་པ་དང་འབྲེལ་ཡོད་མི་སྣ་ཚོས་བྱམས་བརྩེ་ལྡན་པའི་སློབ་མ་སྐྱེ་སྲིང་གནང་རྒྱུར་དགོངས་བཞེས་གནང་བའི་དུས་ལ་བབ་ཡོད་པ་དང་། ༸གོང་ས་མཆོག་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་དང་མཉམ་དུ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་དང་འབྲེལ་བའི་ལས་གཞི་ཞིག་དབུ་འཛུགས་ཟིན་ཡོད་པ་མ་ཟད། རིང་མིན་ལོ་རྗེས་མའི་ཕྱི་ཟླ་ ༤ པའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཤེས་ཡོན་གྱི་སློབ་གསོའི་ཁྲོད་དུ་ནང་སེམས་ཀྱི་རིན་ཐང་གོང་འཕེལ་གྱི་བསླབ་གཞི་གཏན་འབེབས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཀྱང་འཚོགས་གཏན་ཁེལ་བ་ལྟར། དེ་རིང་གི་མཇལ་ཁར་བཅར་བའི་སློབ་གྲྭ་ཁག་གི་འགོ་གཙོ་དང་འབྲེལ་ཡོད་རྣམས་ལས་གཞི་དེའི་ཐོག་ཐུགས་སྣང་དང་ཚོགས་འདུར་ནང་མཉམ་ཞུགས་གནང་ཚེ་དགའ་བསུ་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། ༸སྐུ་པར་དཔལ་ལྡན་དགའ་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་གནང་བ།

ཁ་སང་ཟླ་ ༡༠ ཚེས་ ༢༩ ཉིན་ཨ་རི་ནང་གི་སྔ་དྲོ་ཚོུད་ ༦།༡༥ སྟེང་གྲོང་ཁྱེར་ San Francisco ནང་དུ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགུང་ལོ་ ༦༩ ཐོག་མཆིན་སྐྲན་དབང་གིས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་བསྟུན། དེ་རིང་ཉིན་རྒྱབ་ཚོུད་ ༢༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་བཀའ་ཤག་གི་ཚོགས་ཁང་གསར་པའི་ནང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་ལས་བྱེད་ཡོངས་ནས་བཀའ་ཟུར་དམ་པ་མཆོག་ལ་མྱ་ངན་གུས་བཏུད་ཞུ་ཕྱིར་ལྷན་འཛོམས་ཀྱིས་བསྔོ་སྨོན་གསུང་འདོན་གནང་བ་མ་ཟད། དེ་རིང་གི་ཉིན་མོར་དབུས་ལས་ཁུངས་ཁག་ནས་ལས་མཚམས་བཞག་ཡོད་པ་རེད།སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྐུ་གཤེགས་དམ་པ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་ཆེན་པོས་མྱ་ངན་གུས་བཏུད་ཡོད་ཅེས་གསུངས་པ་དང་སྦྲགས།  དམ་པ་དེ་ཉིད་ཀྱི་ཤུལ་ལུས་སྐུ་འཁོར་ནང་མི་ཉེ་འབྲེལ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་གསོ་གནང་སོང་།རྩ་བའི་རིན་པོ་ཆེ་མཆོག་ཁ་སང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་འབྲེལ་ཏེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཚོགས་སྐྱིད་ཁག་གིས་ཀྱང་ངོ་དེབ་དང་ Instagram དེ་བཞིན་ Twitter སོགས་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་ཏུ་མྱ་ངན་གུས་འདུད་དང་ཐུགས་གསོའི་གསུང་འཕྲིན་སོགས་ཀྱང་སྤེལ་འདུག་པ་དང་། ལྷག་པར་དུ་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་བདེ་དོན་སླད་དུ་བསྐྱེལ་ཡོད་པར་འགྲེལ་བརྗོད་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༤༩ ལོར་བོད་ཤར་ཕྱོགས་མདོ་ཁམས་ཉག་རོང་རྫོང་དུ་སྐུ་འཁྲུངས་ཡོད་པ་དང།  ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་པོས་བཙན་གནོན་འོག་བོད་ལ་དུས་གྱུར་ཆེན་པོ་བྱུང་རྐྱེན་བཙན་བྱོལ་རྒྱ་གར་དུ་ཕེབས་ཡོད་པ་རེད།རིན་པོ་ཆེ་དམ་པ་མཆོག་ནི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་ཁོངས་སུ་ཡོད་པ་མ་ཟད་དགུང་ལོ་ ༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བ་དང་། ཕྱི་ལོ་ ༡༩༨༨ ལོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ཡང་གནང་ཡོད་པ་བཅས་སྐབས་དེའི་ བོད་མི་མང་སྤྱི་འཐུས་དང་བཀའ་བློན་དགུང་ལོ་ཆུང་ཤོས་དེ་ཡིན་པ་རེད།ཁྱད་པར་དུ་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༠ ཐམ་པའི་ལོ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་དང་།ཕྱི་ལོ་ ༡༩༨༢ ལོ་དང་དེ་རྗེས་ཕྱི་ལོ་ ༡༩༨༤ ལོ་སོ་སོར་བོད་ནང་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་མི་སྣ་གཙོ་བོ་གསུམ་ཡོད་པའི་ནང་ནས་གཅིག་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༢ ལོ་ནས་ཕྱི་ལོ་ ༢༠༡༡ བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་བོད་མིའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་དང།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་དགོས་པའི་བསམ་ཆར་ཡིག་ཆ་བོད་ཨིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་ཕུལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་མང་ཚོགས་ནས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་མགོན་པོ་༸གང་ཉིད་མཆོག་གི་སྲིད་དབང་ཡོངས་རྫོགས་གསོལ་བསྩལ་མཛད་ཡོད་སྟབས།  རིན་པོ་ཆེ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་དམིགས་བསལ་སྐུ་ཚབ་ནས་དགོངས་ཞུ་གནང་རྒྱུར་དགོངས་བཞེས་གནང་ཡོད་ནའང་ལོ་གཅིག་གི་རིང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐུགས་རེ་དང་དེར་ཐུགས་བརྩོན་ཤུགས་ཆེ་གནང་དོན་བཞིན་གྲུབ་འབྲས་ལེགས་སོན་གང་ཡང་མེད་པར་དེ་མུར་ལྷག་རྐྱེན་ཕྱི་ལོ་ ༢༠༡༢ ཟླ་ ༥ པའི་ནང་དངོས་སུ་ལས་གནས་ནས་དགོངས་ཞུ་གནང་ཡོད།རྩ་བའི་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༩༡ ནས་ ༡༩༩༩ བར་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གནང་བ་དང་ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡང་གནང་འདུག རིན་པོ་ཆེ་མཆོག་གིས་བོད་དང་བོད་མིའི་བདེན་དོན་སླད་ཕྱག་ལས་ཇི་སྙེད་ཅིག་གནང་བ་ལས་ཕྱི་ལོ་ ༡༩༩༡ ནས་ ༢༠༡༡ བར་ཨ་རིའི་གཞུང་གི་ངོས་ནས་བོད་མིར་ཨ་སྒོར་ས་ཡ་ ༡༨༥ རོགས་སྐྱོར་རག་ཐུབ་ཡོད་པར་མ་ཟད་ལྷག་དོན་ Tibet Policy Act 2002 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེའང་གཏན་འབེབས་གནང་ཐུབ་པར་ཐུགས་བརྩོན་ཤུགས་ཆེ་གནང་ཡོད།  དེ་བཞིན་བོད་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་པའི་ཚོགས་གཙོ་གནང་བའི་རིང་ལ་ཕྱི་ལོ་ ༡༩༩༡ ལོའི་ཟླ་ ༨ པའི་ནང་རྒྱལ་ཚོགས་སུ་བོད་དོན་ཐོག་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད།རྒྱ་རི་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་མཆོག་བོད་ཀྱི་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་གསང་སྔགས་སྔ་འགྱུར་རྙིང་མའི་དགོན་པ་ཀླུ་མོ་རབ་མགོན་གྱི་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་བོད་ཀྱི་གནའ་སྲོལ་ལྟར་དགོན་པའི་ནང་གཞུང་ཆེན་དག་ལ་སློབ་གཉེར་གནང་ཡོད་པ་རེད། གཞི་རྩའི་རྒྱ་རི་རིན་པོ་ཆེ་མཆོག་ཨ་རིའི་ Mclean ནང་གནས་བཞུགས་གནང་གི་ཡོད་པ་དང། ་ཁོང་གི་སྐུ་ཟླ་ཟླ་བ་ཆོས་སྐྱིད་ལགས་རྣམ་གཉིས་ལ་སྲས་སྲས་མོ་ཁྱོན་དྲུག་ཡོད་པ་རེད།

འགྲེམས་སྟོན་ཁང་གི་བརྒྱུད་བཟང་སྤྱོད་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བགྲོ་གླེང་ཚོགས་འདུ།

དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་ཨ་རི་དང་འཇར་མ་ནི་ནས་ཕེབས་པའི་འགྲེམས་སྟོན་ཁང་ཁག་ཅིག་གི་སྤྱི་ཁྱབ་འགན་འཛིན་དང་འབྲེལ་ཡོད་མཁས་ལས་མི་སྣའི་རུ་ཁག་ལ་འགྲེམས་སྟོན་ཁང་གི་བརྒྱུད་བཟང་སྤྱོད་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་བགྲོ་གླེང་ཚོགས་བཅར་བར་བཀའ་སློབ་བཀྲིན་བསྩལ་ཡོད་པ་རེད། ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པ་གཉིས་ཀྱིས་གོ་སྒྲིག་འོག་ཨ་རི་དང་འཇར་མ་ནི་གཉིས་ནས་ཕེབས་པའི་འགྲེམས་སྟོན་འགན་འཁུར་མི་སྣ་དང་མཁས་ལས་པའི་རུ་ཁག་ཞིག་ཁ་སང་བཞུགས་སྒར་དུ་འབྱོར་ཡོད་པདང་། དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་མོལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད།དེ་རིང་ཉིན་རྒྱབ་ཏུ་མེག་གྷན་དུ་རྟེན་གཞི་བྱས་པའི་ Vaikunth གསོལ་མགྲོན་ཁང་དུ་རུ་ཁག་དེའི་མི་སྣ་ཁག་ཅིག་ནས་རང་ཉིད་ཀྱི་མཁས་ལས་ལས་དོན་དང་འབྲེལ་བའི་གཏམ་བཤད་ཀྱི་ལས་རིམ་ཞིག་དང་འབྲེལ་རུ་ཁག་གི་ལྷན་དུ་ཕེབས་པའི་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀའ་ཕེབས་བཞིན་སྤྱིར་དེང་སྐབས་སློབ་གྲྭ་ཁག་གི་ནང་དེའི་ཐོག་བསླབ་གཞི་གཏན་འབེབས་སོགས་གནང་མུས་ཡིན་པའི་ཁྲོད་ཤེས་ཡོན་གྱི་སྡེ་ཚན་ཙམ་མ་ཟད། མང་ཚོགས་རྒན་གཞོན་བར་གསུམ་བཅར་སའི་འགྲེམས་སྟོན་ཁང་ཁག་ཏུ་ཤེས་ཡོན་དང་འབྲེལ་བའི་ལས་གཞི་མང་དག་ཞིག་སྤེལ་བཞིན་ཡོད་སྟབས། འགྲེམས་སྟོན་གྱི་བརྒྱུད་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གནང་རྒྱུའི་གོ་སྐབས་ཤིག་ཡོད་པར་གཟིགས་ཀྱི་ཡོད་པ་ལྟར་ཆེས་ཐོག་མར་༸གོང་ས་མཆོག་གི༸སྐུའི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་གནད་ཡིན་པས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་ཡིན་པ་གསུངས་ཡོད།རུ་ཁག་དེ་སང་ཉིན་དང་གནངས་ཉིན་བཅས་བོད་ཀྱི་འགྲེམས་སྟོན་ཁང་གཙོ་གྱུར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་ལ་གཟིགས་སྐོར་དང་ནོར་བུ་གླིང་ཁ་བཅས་ལ་འཚམས་གཟིགས་གནང་གི་འདུག ཟླ་ ༡༡ ཚེས་ ༡ ཉིན་ཕྱིར་མ་ཕེབས་གོང་དུ་༸གོང་ས་མཆོག་དང་སླར་མཇལ་འཕྲད་ཞིག་ཀྱང་གནང་སྲིད་པ་རེད་འདུག

གཞོན་སྐྱེས་མགོ་ཁྲིད་ཚོས་ཞི་འགྲིག་ཕྱོགས་སུ་མདུན་བསྐྱོད་བྱེད་དགོས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཞི་བདེའི་ལས་འཆར་འགན་ཁུར་བ་རྣམས་ལ་མཇལ་མོལ་དང་འབྲེལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་ཞི་འགྲིག་ཕྱོགས་སུ་མདུན་བསྐྱོད་གནང་དགོས་པར་སྐུལ་ལྕག་གནང་འདུགབཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཁ་སང་དང་དེ་རིང་བཅས་ཉིན་གྲངས་གཉིས་རིང་ United States Institute of Peace ཞེས་པའི་ཞི་བདེའི་ལྟེ་གནས་ཁང་གིས་འཛམ་གླིང་ནང་ཆོས་ལུགས་དང་མི་རིགས་ཕན་ཚུན་དབར་རྩོད་རྙོག་ཤུགས་ཆེན་པོ་ཡོད་པའི་ས་ཁུལ་ཁག་ཏུ་ཞི་འགྲིག་ཡོང་སླད་ཕྱག་ལས་གནང་མཁན་གྱི་གཞོན་སྐྱེས་མགོ་ཁྲིད་ ༢༧ གདན་ཞུས་ཀྱིས་༸གོང་ས་མཆོག་དང་ལྷན་དུ་གླེང་མོལ་བརྒྱུད་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ཡོང་ཆེད་ལམ་སྟོན་ཞུ་རྒྱུའི་ལས་འཆར་ཐེངས་གསུམ་པ་འཚོགས་བཞིན་པའི་ཁྲོད་དེ་རིང་བགྲོ་གླེང་གི་ཉིན་གཉིས་པར་མགོན་པོ་༸གང་ཉིད་མཆོག་གིས་ཐོག་མར་བོད་མི་དང་རྒྱ་གར་དབར་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་བྱུང་སྟངས་དང་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ནས་ད་ཆ་ལོ་ངོ་ ༧༠ ལྷག་ཙམ་འགྲོ་མུས་རིང་བོད་མིའི་ཐོག་ཐབས་ལམ་འདྲ་མིན་བརྒྱུད་དྲག་གནོན་ཤུགས་ཆེ་བྱས་ཀྱང་བོད་མིའི་སྙིང་སྟོབས་དང་ལྷག་བསམ་ལ་འགྱུར་བ་གང་ཡང་བཏང་ཐུབ་མེད་སྟབས། ད་ཆ་རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་མདུན་བསྐྱོད་བྱས་ཡོད་པར་བཀའ་བསྩལ་འདུགདེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཆོས་དད་ཡོད་མེད་ལ་ལྟོས་མེད་འགྲོ་བ་མི་རྣམས་ཨ་མའི་བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་བ་འབའ་ཞིག་ཡིན་པས་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བསམ་པ་དེ་གོང་མཐོར་གཏང་དགོས་གལ་དང་ལྷག་དོན་བེུད་རྣམས་ལ་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེའི་ནུས་པ་ཆེ་བ་ཡོད་སྟབས། སྤྱི་ཚོགས་ནང་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་སླད་བེུད་ཚོར་འགན་འཁྲི་འཕར་མ་ཞིག་ཡོད་སྐོར་ལམ་སྟོན་རྒྱ་ཆེ་མཛད་ཡོད་པ་རེད།བགྲོ་གླེང་ཐོག་ཕེབས་པའི་གཞོན་སྐྱེས་ཁག་ཅིག་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཁག་ཏུ་ཞི་བདེ་ཆེད་ཕྱག་ལས་གནང་སྐབས་ཆབ་སྲིད་ཀྱི་གནད་དོན་འདྲ་མིན་རྐྱེན་པས་ལས་དོན་ཚགས་ཚུད་གནང་མ་ཐུབ་པས་སྐབས་རེ་སེམས་ཤུགས་ཆག་པའི་དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས་སྐོར་ལམ་སྟོན་ཞུས་པར་དེ་དག་གི་སྙིང་སྟོབས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། སྤྱིར་བཟང་སྤྱོད་ལྡན་པ་ཞིག་ཡོང་བར་མང་ཚོགས་ཁྲོད་དུ་ཤེས་ཡོན་གྱི་གོ་རྟོགས་གོང་འཕེལ་གནང་གལ་ཡིན་ཀྱང་དེང་སྐབས་སྤྱི་ཚོགས་ནང་དཀའ་ངལ་བཟོ་མཁན་མང་ཆེ་བ་དེ་ཤེས་ཡོན་ཡོད་པ་ཤ་སྟག་ཆགས་ཀྱི་ཡོད་སྟབས་དུས་ཀྱི་ཤེས་ཡོན་ལ་ཞན་ཆ་ཡོད་པ་གསལ་པོ་ཆགས་ཀྱི་ཡོད་པར་བརྟེན། ནང་སེམས་ཀྱི་ཞི་བདེ་གོང་འཕེལ་ཡོང་ཆེད་ཤུགས་སྣོན་གནང་གནད་ཡིན་པ་སོགས་ལམ་སྟོན་མཛད་པ་དང་ཆབས་ཅིག་ཏུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་ནས་ཞི་འགྲིག་ཕྱོགས་སུ་མདུན་བསྐྱོད་གནང་དགོས་པར་སྐུལ་ལྕག་གནང་ཡོད།མཐའ་དོན་བགྲོ་གླེང་ལས་རིམ་དེ་གོ་སྒྲིག་ཞུ་མཁན་ཁོངས་སུ་ཡོད་པའི་ལྕམ་ Diane Zeleny ལགས་ཀྱིས་ད་ལན་འདི་གར་ཕེབས་པའི་གཞོན་སྐྱེས་རྣམས་རྩོད་རྙོག་ཅན་གྱི་རྒྱལ་ཁབ་ཁག་ཏུ་ཞི་འཇམ་ཆེད་ཕྱག་ལས་གནང་སྐབས་སྙིང་སྟོབས་ཞུམ་པ་མེད་པར་དཀའ་ཚེགས་ལ་གདོང་ལེན་གནང་ཐུབ་ཆེད་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དྲུང་ནས་ལམ་སྟོན་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་ནི་ཧ་ཅང་གི་སྐལ་པ་བཟང་པོ་དང་ལྷག་དོན་མགོན་པོ་མཆོག་གིས་བསྩལ་བའི་ལམ་སྟོན་རྣམས་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་ནང་ཕྱག་ལས་གནང་སྐབས་ཧ་ཅང་ཐུགས་ཕན་གསོ་རྒྱུར་ཐུགས་རེ་གནང་བཞིན་ཡོད་ཅེས་གསུངས་ཡོད། རྩ་བའི་ཨ་རིའི་ཞི་བདེ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པ་ལྟར་གཞོན་སྐྱེས་ཞི་བདེའི་མགོ་ཁྲིད་མཁན་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བགྲོ་གླེང་ཐེངས་བཞི་ཞུས་ཡོད་པ་དང་། ཨ་རིའི་ཞི་བདེ་བསྟི་གནས་ཁང་དུ་ཐེངས་གཅིག་དང་། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཐེངས་གསུམ་གནང་ཡོད་པ་རེད།

Latest news