Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

ནཱ་ལནྡཱའི་ཆོས་བརྒྱུད་ཐད་ཇི་ཙམ་དཔྱད་པ་གནང་བ་དེ་ཙམ་གྱིས་ངེས་ཤེས་རྙེད་རྒྱུ་ཡོད།

དེ་རིང་ཨི་ཊ་ལིའི་ནང་པའི་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཐུན་ཚོགས་ལ་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་བཀའ་ཆོས་སྩལ་བ་དང་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་སྐབས་སངས་རྒྱས་པའི་ཆོས་སྒོས་སུ་ནཱ་ལནྡཱའི་ཆོས་བརྒྱུད་ཐད་ཇི་ཙམ་དཔྱད་པ་གནང་བ་དེ་ཙམ་གྱིས་ངེས་ཤེས་རྙེད་ཐུབ་སྐོར་བཀའ་སྩལ་སོང་། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ནས་དྲ་ལམ་བརྒྱུད་ཨི་ཊ་ལིའི་ནང་པའི་མཐུན་ཚོགས་ལ་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་སྐོར་བཀའ་ཆོས་དང་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་བ་དང་སྦྲགས། མགོན་པོ་༸གང་ཉིད་མཆོག་གིས་བཀའ་ཆོས་ཀྱི་ཐོག་མར་བདེན་བཞི་དང་དེའི་རྣམ་གཞག་སྐོར་བཀའ་སྩལ་བ་དང་དེ་ལས་འཕྲོས་ནས་སྤྱིར་ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱེད་དགོས་པ་གསུངས་ཀྱི་ཡོད་པ་དང་དེར་ངེས་པར་དུ་གུས་བརྩི་ཞུ་དགོས་པ་དང་། ལྟ་གྲུབ་ཀྱི་ཐོག་ནས་རྒྱ་གར་ནས་བྱུང་བའི་ཆོས་ལུགས་དེ་དག་དང་དེའི་ཁྲོད་སངས་རྒྱས་པའི་ཆོས་དང་ནཱ་ལནྡཱའི་ཆོས་བརྒྱུད་རྣམས་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཞིག་ཆགས་ཀྱི་ཡོད་སྟབས་ཆོས་གྲོགས་ཚོས་དེར་སློབ་གཉེར་དང་དགོངས་པ་ཡང་ཡང་བཞེས་དགོས་པ་མ་ཟད་ལྷག་པར་དུ་སངས་རྒྱས་པའི་ཆོས་དང་ནཱ་ལནྡཱའི་ཆོས་བརྒྱུད་ཐད་ཇི་ཙམ་དཔྱད་པ་གནང་བ་དེ་ཙམ་གྱིས་ངེས་རྙེད་ཐུབ་སྐོར་བཀའ་སྩལ་སོང་། བཀའ་ཆོས་ལེགས་པར་གྲུབ་མཚམས་སུ་ཡོ་རོབ་ནང་པའི་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ron Eichhorn ལགས་ཀྱིས་ནང་ཆོས་ནི་ཡོ་རོབ་ནང་ཆོས་ལུགས་གསར་པ་ཞིག་ཆགས་ཡོད་པར་བརྟེན་ནང་ཆོས་སློབ་ཁྲིད་སྐབས་སྔར་སྲོལ་གང་ཡིན་དེ་དག་རང་སོར་བཞག་དགོས་པ་དང་། ཡུལ་དུས་དང་བསྟུན་ནས་བསྒྱུར་བཅོས་གང་གནང་དགོས་མིན་ཐད་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བོད་དུ་ནང་ཆོས་ཐོག་མར་དར་ཚུལ་གྱི་དེ་བྱུང་ཁག་བཀའ་སྩལ་བ་དང་འབྲེལ་ཏེ་སྤྱིར་ཆོས་ཟེར་དུས་མར་བཀའ་བཏང་ནས་དེ་གནང་དང་མི་གནང་བརྗོད་རྒྱུ་དཀའ་བ་དང་གང་ཟག་སྒེར་སོ་སོའི་ངོས་ནས་འདོད་མོས་གནང་དགོས་པ་དང་སྒོས་སོ་སོའི་ཕ་མེས་ཀྱི་ཆོས་ཉར་ཚགས་གནང་དགོས་སྐོར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད། དེ་བཞིན་ Nichiren shu ཞེས་པའི་ཉི་ཧོང་གི་ཆོས་བརྒྱུད་ཀྱི་སྐུ་ཚབ་ Shoryu Tarabini ལགས་ཀྱིས་འབྱུང་འགྱུར་ལོ་ལྔ་བཅུའི་ནང་ནང་ཆོས་ཀྱི་འཕེལ་རིམ་དང་ཞལ་ཕྱོགས་ཇི་ལྟར་འགྱུར་བ་ཞིག་ལ་གཟིགས་ཀྱི་འདུག་གམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ད་ཆ་གོ་ལོའི་ཁོར་ཡུག་གི་གནས་སྟངས་དེ་ཆེས་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་པར་ངོ་སྤྲོད་མཛད་པ་དང་འབྲེལ། འདས་པའི་དུས་ཡུན་ནང་སངས་རྒྱས་རིམ་པ་ཕེབས་པ་དང་ཆོས་འཁོར་རིམ་པ་སྐོར་ཡོད་པ་སོགས་བཀའ་སྩལ་དང་ཆབས་ཅིག གཞུང་ཆེན་ཁག་ཏུ་ལྷོ་འཛམ་བུ་གླིང་འདི་ཇི་ལྟར་སྟོང་བའི་ཚུལ་གསུངས་པ་ཁག་ལུང་འདྲེན་གྱིས་བཀའ་ལན་སྩལ་སོང་། གཞི་རྩའི་ཨི་ཊ་ལི་ནང་པའི་ཆོས་ཚོགས་དེ་ནི་ཕྱི་ལོ་ ༡༩༨༥ ལོར་ཆེད་འཛུགས་གནང་སྟེ་ ༢༠༡༢ ལོར་ཁྲིམས་མཐུན་གྱི་དེབ་སྐྱེལ་གནང་ཡོད་པ་དང་། ཆོས་ཚོགས་དེའི་དམིགས་ཡུལ་གཙོ་བོ་ནི་ཁོར་ཡུག་སྲུང་སྐྱོབ་གཙོས་མི་མང་ལ་རོགས་འདེགས་ཞུ་རྒྱུ། ལྷག་པར་དུ་རྒྱ་བལ་གཉིས་ཀྱི་ནང་དུ་ནང་ཆོས་བསྐྱར་གསོ་ཐད་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱར་མཛད་འཆར་བསྐྱང་གཏན་ཁེལ་ཁག་ཆེད་བཀོད་གནང་བར་གཞིགས་ན།  ཟླ་བ་འདིའི་ཚེས་ ༡༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་དྲ་ལམ་བརྒྱུད་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ ནས་ ༡༠ བར་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་སློབ་སྩལ་རྒྱུ་དང་། དེ་བཞིན་ཟླ་བ་ ༥ ཚེས་ ༡ ཉིན་༸གོང་ས་མཆོག་གིས་ཐའེ་ཝན་བོད་ཀྱི་ནང་བསྟན་སྨོན་ལམ་ཚོགས་ཆུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠།༣༠ བར་ཤེས་རབ་སྙིང་པོའི་བཀའ་ཆོས་དང་བཀའ་འདྲི་དགོངས་སྐོར་ཞུ་མཁན་ཚོར་བཀའ་ལན་མཛད་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

ཨ་མཆོག་མཚན་ཉིད་དགོན་གྱི་ཆབ་སྲིད་བཙོན་པ་གཉིས་གློད་གྲོལ།

ཕྱི་ལོ་ ༢༠༠༨ སྟེ་ས་བྱི་ལོའི་ཞི་རྒོལ་སྐབས་རྒྱ་ནག་གིས་བོད་མདོ་སྨད་རྔ་བ་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་ཁོངས་ནས། མི་ལོ་བཅུ་གསུམ་ལྷག་གི་ཁྲིམས་ཐག་བཅད་པའི་གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་འདི་ལོའི་ཟླ་བ་གསུམ་པའི་ཚེས་ ༡༩ དང་༢༠ ཉིན་གློད་གྲོལ་གྱིས་གྲྭ་ཀླུ་སྒྲུབ་ལགས་དངོས་སུ་རང་དགོན་དུ་ཕེབས་ཐུབ་པ་བྱུང་འདུག བཞུགས་སྒར་དུ་གནས་སྡོད་བྱེད་མཁན་གྱི་ཨ་མཆོག་མཚན་ཉིད་དགོན་གྱི་ཡུལ་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གྲྭ་ཀླུ་སྒྲུབ་ཡེ་ཤེས་ལགས་ཕྱིར་མཚན་ཉིད་དགོན་གྲོང་དུ་འབྱོར་ནས་གྲྭ་མང་གིས་ལོག་ཕེབས་ཀྱི་མཇལ་དར་སྒྲོན་གྱི་ཡོད་པའི་པར་ཞིག་དང་བཅས་གནས་ཚུལ་མཁོ་མཁོ་སྤྲོད་གནང་བ་དང་ལྷན་དུ། ད་ལྟའི་ཆར་གྲྭ་ཀླུ་སྒྲུབ་ཕུན་ཚོགས་ལགས་གློད་གྲོལ་ཐོབ་ཡོད་པ་ཙམ་ལས། གང་དུ་བཞུགས་ཡོད་པ་སོགས་ཀྱི་གནས་ཚུལ་གསལ་བོར་ཤེས་རྟོགས་བྱུང་མེད་པར་ངོ་སྤྲོད་གནང་སོང་། གཞན་ཡང་ཁོང་གིས་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་དམ་དྲག་གི་རྐྱེན་གྱིས་གནས་ཚུལ་ཆ་ཚང་རྒྱུས་ལོན་བྱེད་ཐབས་བྲལ་བར་བརྟེན། ད་ལྟའི་ཁོང་གཉིས་ཀྱི་གཟུགས་གཞིའི་གནས་བབ་སོགས་ཀྱི་ཐད་ནས་གནས་སྐབས་སུ་སྐད་ཆ་གང་ཡང་ཤེས་ཐབས་བྲལ་ནའང་། རིམ་པའི་གནས་ཚུལ་ཞིབ་རྒྱས་ཕྱི་ལ་ཐོན་པར་རེ་བ་ཡོད་པར་ངོ་སྤྲོད་གནང་སོང་། གཞི་རྩའི་ས་བྱིའི་ལོའི་ཞི་རྒོལ་གྱི་སྐབས་སུ། ཨ་མཆོག་མཚན་ཉིད་དགོན་དུ་དགེ་འདུན་ཁག་ཅིག་གི་སྣེ་ཁྲིད་ཀྱི་ཐོག་ནས། སྐྱ་སེར་ཕོ་མོ་མང་པོ་འདུ་འཛོམས་ཀྱིས་དགོན་པའི་ཉེ་འཁྲིས་ཀྱི་ས་གནས་མི་དམངས་སྲིད་གཞུང་གི་ཐོག་ཁའི་རྒྱ་ནག་གི་དར་དམར་མར་ཕབ་སྟེ་བོད་ཀྱི་གངས་སེང་གི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ། དེ་བཞིན་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་དུ་ཀློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་འོག་རྒྱ་ནག་གིས་བོད་ནང་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། ཕྱི་ཟླ་ ༣ པའི་ཚེས་ ༡༨ ཉིན་ནས་རྒྱ་ནག་གི་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་གྱིས་ཨ་མཆོག་མཚན་ཉིད་དགོན་པའི་བྱེད་སྒོ་ཡོངས་དང་དགེ་འདུན་པ་ཡོངས་ཀྱི་འགྲོ་སྐྱོད་རང་དབང་ལ་བཀག་སྡོམ་གྱིས་དགེ་འདུན་པ་ཁག་ཅིག་འཛིན་བཟུང་བྱས་པའི་ཁྲོད་དུ་གྲྭ་ཀླུ་སྒྲུབ་ཡེ་ཤེས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་ལ་མི་ལོ་ཧྲིལ་བོ་༡༣ ལྷག་གི་བཙོན་ཐག་བཅད་ཡོད་པ་དང་། སྐབས་དེར་འཛིན་བཟུང་བྱས་པའི་དགེ་འདུན་པ་ཁག་ཅིག་རྗེས་སུ་ག་ལེར་གློད་གྲོལ་བཏང་ཡོད་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀརྟི་བྱིས་བ་གྲྭ་ཚང་གིས་འདོན་སྤེལ་བྱས་པའི་མི་ཐོག་གསུམ་གྱི་རྨ་ཁ་ཞེས་པའི་དཔེ་དེབ་ཀྱི་ནང་དུ་གྲྭ་ཀླུ་སྒྲུབ་ཡེ་ཤིས་དང་ཀླུ་སྒྲུབ་ཕུན་ཚོགས་གཉིས་ཀྱི་ལོ་རྒྱུས་འཁོད་པའི་ནང་དུ། རྔ་བ་མཚན་ཉིད་དགོན་གྱི་དགེ་འདུན་པ་ཁག་ཅིག་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་ཟླ་བ་དྲུག་ལྷག་ལ་མི་སྤྱོད་ལས་འདས་པའི་གཅར་རྡུང་བྱས་མཐར། རྔ་བ་ཁུལ་རྐ་ཁོག་རྫོང་གི་ཨ་མཆོག་ཕྱུགས་ལས་ཀྱི་ཞལ་དཀར་ཚང་གི་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་ཀླུ་སྒྲུབ་ཕུན་ཚོགས། རང་ལོ་ ༢༣ ཡིན་པ་ཡིན་པ་ཁོངས་ལ་ཁྲིམས་ཐག་ལོ་ ༡༣ བཅད་པ་དང་། ཁོང་ནི་ཨ་མཆོག་མཚན་ཉིད་དགོན་གྱི་འཛིན་གྲྭ་ཞིག་གི་སྐྱོར་དཔོན་ཡིན་པ་དང་། སྨྲ་སེང་བཞད་སྒྲ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པར་འཁོད་ཡོད་པ་དང་། རྐ་ཁོག་ཨ་མཆོག་མའི་ཚེ་རིང་བཀྲ་ཤིས་ཚང་གི་བུ་ཀླུ་སྒྲུབ་ཡེ་ཤེས་ལགས་ནི་སྐབས་དེར་དགུང་ལོ་ ༣༣ ཡིན་པ་ཁོང་ལ་བཙོན་ཐག་ ༡༣ དང་ཟླ་བ་ ༦ ལྷག་གི་ཁྲིམས་ཐག་བཅད་ཡོད་པར་གསལ་བོར་འཁོད་འདུག

༸གོང་ས་མཆོག་གིས་ཐེ་ཝན་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།

གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་ཐེ་ཝན་གྱི་གྲོང་ཁྱེར་ Hualien ནང་མེ་འཁོར་བརྡབ་སྐྱོན་བྱུང་སྟེ་འགྲུལ་བཞུད་པ་མང་དག་ཅིག་རྐྱེན་འདས་སུ་གྱུར་བའི་ཡོད་སྐྱོའི་གནས་ཚུལ་བྱུང་བ་དང་སྦྲགས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་སྐུ་ Tsai Ing-wen གྱི་མཚན་ཐོག་ལ། Hualien གྲོང་ཁྱེར་ནང་མེ་འཁོར་བརྡབ་སྐྱོན་བྱུང་ནས་མང་ཚོགས་ཀྱི་ཚེ་སྲོག་ཤོར་བར་ཐུགས་ཕམ་ཡོད་པ་དང་སྦྲགས། ཐེ་ཝན་མང་ཚོགས་རྣམས་ནི་ ༸མགོན་པོ་༸གང་ཉིད་མཆོག་གི་ཐུགས་མཉེས་བོ་གནང་ས་ཞིག་དང་ཡང་སྒོས་རྐྱེན་ངན་འདིའི་རིགས་བྱུང་མཚམས་སུ་རྐྱེན་ངན་དེ་ང་ཚོ་ཚང་མའི་ཐོག་ཏུ་ཡོང་བ་ལྟར་ཚོར་བ་ཡོང་གི་ཡོད་པས། ཐེ་ཝན་གྱི་སྲིད་འཛིན་གཙོས་པའི་གོད་ཆགས་དེའི་འོག་རྐྱེན་འདས་སུ་གྱུར་མཁན་རྣམས་ཀྱི་ནང་མི་སོགས་ལ་ཐུགས་གསོ་སྩལ་འདུག གཞན་ཡང་ཐེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་གནས་ཚུལ་དེ་བྱུང་མ་ཐག འཕྲལ་དུ་མེ་འཁོར་བརྡབ་སྐྱོན་ཁྲོད་འདས་གྲོངས་སོང་བར་བསྔོ་སྨོན་དང་རྨས་སྐྱོན་བྱུང་བ་རྣམས་མྱུར་དུ་དྲག་སྐྱེད་སླད་ས་གནས་ཧོ་ལན་དུ་གསོལ་འདེབས་བསྔོ་སྨོན་ཆེད་ཕེབས་འདུག་པ་དང་། སྐབས་དེར་ལྕམ་སྐུ་ཚ་ཡི་ཨིང་ཝིན་ནས་ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་དེ་གའི་ངོ་དེབ་ནང་འཁོད་འདུགགཞི་རྩའི་བརྒྱུད་ལམ་ཁག་གིས་གནས་ཚུལ་ལ་གཞིགས་ན། ཉེ་ལམ་ཐེ་པི་ནས་ Taitung གྲོང་ཁྱེར་དུ་བསྐྱོད་མཁན་གྱི་ Taiwan Express མེ་འཁོར་དེ་དོས་སྐྱེལ་རླངས་འཁོར་ཞིག་དང་རྡུང་ཁ་བརྒྱབ་ནས། མེ་འཁོར་ནང་འགྲུལ་བཞུད་པ་ ༤༩༠ ཙམ་ཡོད་པའི་ཁྲོད། མེ་འཁོར་གྱི་ཁ་ལོ་བ་གཙོས་པའི་མི་གྲངས་ ༥༠ ཙམ་རྐྱེན་འདས་སུ་གྱུར་ཡོད་པ་དང་། དེ་བཞིན་མི་གྲངས་ ༦༠ ཙམ་ཞིག་ Hualien གྲོང་ཁྱེར་གྱི་སྨན་ཁང་ཁག་ནང་སྨན་བཅོས་གནང་བཞིན་ཡོད་པར་འཁོད་འདུག རྩ་བའི་ཐེ་ཝན་ནང་དེ་སྔ་ཕྱི་ལོ་ ༡༩༤༨ ལོར་མེ་འཁོར་གྱི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས་མི་གྲངས་ ༦༤ ཙམ་ཞིག་འདས་གྲོངས་སུ་གྱུར་ཡོད་པའི་འཕྲོར་ད་ཐེངས་ཀྱི་མེ་འཁོར་དོན་རྐྱེན་དེ་ལོ་ངོ་བཅུ་ཕྲག་བདུན་ནང་གི་ཛ་དྲག་གི་དུས་བབ་ཅིག་ཆགས་འདུག

གོ་ལ་གཅིག་གྱུར་གྱི་སློབ་གསོ་སྤྲོད་དགོས་པ་བཀའ་སྩལ་བ།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷལ་ཊིག་མཚོ་རྒྱུད་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ཁག་གཅིག་དང་ལྷན་དུ་ད་ལྟ་དང་མ་འོངས་པའི་ཡ་རབས་དང་སྤྱོད་བཟང་བརྗོད་གཞིའི་བགྲོ་གླེང་ཐོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་འགྲོ་བ་མི་རྣམས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་སྟབས་འགྲོ་བ་མིའི་རང་བཞིན་དེའང་བྱམས་བརྩེའི་བདག་ཉིད་ཡིན་སྐོར་དང་འབྲེལ་ནས་གོ་ལ་གཅིག་གྱུར་དང་འབྲེལ་བའི་སློབ་གསོ་སྤྲོད་དགོས་པའི་ལམ་སྟོན་མཛད་སོང་།དེ་རིང་སྔ་དྲོ་ཕྱག་ཚོད་ ༩ ཐོག་༸གོང་ས་༸སྐྱབས་མགོན་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲྭ་ལམ་ཐད་གཏོང་བརྒྱུད་བྷལ་ཊིག་མཚོ་རྒྱུད་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣའི་སྐུ་ཚབ་ཁག་ལ་བཀའ་སློབ་ལམ་སྟོན་སྩལ་སྐབས་གོ་ལ་འདིར་འཚོ་གནས་བྱེད་བཞིན་པའི་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་ཀུན་ཆོས་ཁས་ལེན་མིན་ལ་ལྟོས་མེད་བདེ་སྐྱིད་འདོད་པ་གཅིག་མཚུངས་ཡིན་སྟབས་ང་ཚོ་ཕན་ཚུན་དབར་གཅེན་གཅུང་གི་འདུ་ཤེས་འཛིན་དགོས་གལ་ཡིན་པ་དང་དེ་ལྟར་གནང་ཚེ་མ་འོངས་པའི་འཛམ་གླིང་འདི་ཡང་བདེ་སྐྱིད་དང་ཞི་བདེ། བྱམས་བརྩེ་ལྡན་པ་ཞིག་ཡོང་ཐུབ་ངེས་ཡིན་པར་བཀའ་སྩལ་སོང་། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ལ་ཊི་ཝི་ཡ་དང་ཨིས་ཊོ་ནི་ཡ། བྷལ་ཊིག་བཅས་ཀྱི་མི་མང་ཚོར་འགྲོ་བ་མི་ཐེར་འབུམ་བདུན་པོ་རྣམས་གཅིག་གྱུར་གྱི་འདུ་ཤེས་ཐོག་ཞབས་འདེགས་ཞུ་རྒྱུའི་ནུས་པ་ཁྱད་པར་བ་ལྡན་ཡོད་པར་ལམ་སྟོན་སྩལ་བ་དང་སྦྲགས། ལྷག་པར་དུ་དེང་གི་ཆར་དམག་འཐབ་ཀྱི་ཐོག་ནས་ངལ་བ་ཁག་སེལ་རྒྱུའི་བསམ་བློ་ཡོད་པ་ནི་དུས་ཚོད་ཡོལ་བའི་སྐད་ཆ་ཞིག་ཡིན་པ་མ་ཟད་གོ་མཚོན་ཐོག་འགྲོ་གྲོན་བཏང་བ་ནི་དེ་བས་ཀྱང་བེད་མེད་ཡིན་པ་བཀའ་སྩལ་སོང་།དེ་རིང་གི་བརྗོད་གཞི་དང་འབྲེལ་ནས་ཚོགས་ཞུགས་པས་བཀའ་འདྲི་དགོངས་སྐོར་ཞུ་མཁན་མང་དག་ཅིག་བྱུང་ཡོད་པ་ལྟར་དེ་དག་ཁོངས་ནས་ལ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་དང་ཚན་རིག་དང་ཤེས་ཡོན་བློན་ཆེན་ཞིག་གིས་མིའི་མི་ཚེ་སྐྱེལ་སྟངས་ཁྲོད་རང་ཉིད་ཀྱིས་སྔར་སློབ་གཉེར་གནང་ཟིན་པའི་སློབ་སྦྱོང་དེ་དག་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་གོང་འཕེལ་གཏོང་ཐབས་སུ་གང་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་ང་ཚོ་འགྲོ་བ་མི་ཡིན་པའི་ཆ་ནས་ཐུན་མིན་གྱི་ཀླད་པ་ཞིག་ཡོད་སྟབས་ཀླད་པ་དེ་སྤྱད་ནས་ཤེས་ཡོན་གོང་འཕེལ་གཏོང་གནད་ཡིན་པ་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ལ་མིའི་ལྷན་སྐྱེས་བཟང་སྤྱོད་གོང་འཕེལ་གཏོང་ཐབས་དང་གོ་ལ་གཅིག་གྱུར་དང་འབྲེལ་བའི་སློབ་གསོ་སྤྲོད་དགོས་པ་སོགས་ཀྱི་ལམ་སྟོན་སྩལ་སོང་།ལ་ཊི་ཝི་ཡའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Davis Stalts ལགས་ཀྱིས་མིའི་མི་ཚེར་འཕྲད་པའི་དཀའ་ངལ་སྤྱི་དང་སྒོས་སུ་ཆབ་སྲིད་དང་འབྲེལ་བའི་ངལ་བ། དེ་བཞིན་དབང་ཆ་དང་དཔལ་འབྱོར་ལ་ཞེན་པའི་ངལ་བ་དེ་དག་སེལ་ཐབས་ཇི་ལྟར་གནང་དགོས་སམ་ཞེས་པའི་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་སྔ་མོ་ཡིན་ན་དམག་དང་འབྱོར་བའི་སྟབས་ཤུགས་གཙིགས་ཆེར་འཛིན་ན་ཡང་རིམ་བཞིན་འགྱུར་བ་ཕྱིན་ནས་དེང་སྐབས་སྤྱི་ཚོགས་རིང་ལུགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་སྟབས། སྤྱི་ཚོགས་རིང་ལུགས་ཚད་ལྡན་བཟང་སྤྱོད་ཀྱི་རང་བཞིན་ཡོད་པ་ཞིག་དགོས་གལ་ཡིན་པར་བཀའ་སྩལ་སོང་།དེ་བཞིན་བཟོད་སྒོམ་གནང་རྒྱུ་དེ་ཆེས་དཀའ་བའི་གནད་དོན་ཞིག་ཡིན་སྟབས་དེར་གཉེན་པོ་ཇི་ལྟར་བསྟེན་དགོས་སམ་ཞེས་བཀའ་འདྲིར་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོར་ངལ་བ་གང་ཞིག་འཕྲད་ཀྱང་དེའི་རྒྱུ་རྐྱེན་གང་ཡིན་ཞིབ་དཔྱད་གནང་གལ་དང་། ཅི་སྟེ་ངལ་བ་དེ་སེལ་ཐབས་ཡོད་ཚེ་སྙིང་སྟོབས་ཆེན་པོས་སེལ་ཐབས་གནང་དགོས་པ་སོགས་ལམ་སྟོན་མཛད་སོང་། དེ་རིང་གི་བརྗོད་གཞི་ད་ལྟ་དང་མ་འོངས་པའི་ཡ་རབས་དང་སྤྱོད་བཟང་ཐོག་བགྲོ་གླེང་གནང་གྲུབ་མཚམས་སུ་ལ་ཊི་ཝི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Uldis Budrikis ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཉམ་ཞུགས་བ་ཡོངས་ཀྱི་ཚབ་ཞུས་ནས་བཀྲིན་ཆེ་ཞུ་རྒྱུ་དང་། ལྷག་དོན་༸གོང་ས་མཆོག་གིས་བྱམས་བརྩེ་དང་བཟང་སྤྱོད་ཐོག་བཀའ་སློབ་གནང་ཁག་གོང་འཕེལ་ཐད་འབད་བརྩོན་གང་ཐུབ་ཞུ་ངེས་ཡིན་ཞེས་ཞུས་པ་དང་ཆབས་ཅིག བོད་མི་ཚོར་ད་ལྟ་འཕྲད་བཞིན་པའི་ཆབ་སྲིད་ཀྱི་དཀའ་ངལ་དེ་འདྲ་ཞིག་ལོ་མང་གོང་ནས་ང་ཚོ་ལའང་འཕྲད་མྱོང་ཡོད་པ་ཞིག་རེད། དེས་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འབྲུ་དོན་ལྟར་བོད་མི་ཚོར་རང་དབང་ཆ་ཚང་བ་ཞིག་རག་པར་ང་ཚོས་དུས་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་དང་ལྷན་དུ་༸གོང་ས་མཆོག་གི་དྲུང་ནས་དྲན་ཤེས་བཞིན་བཅས་ཀྱི་བཀའ་ཆོས་ཞུ་རྒྱུ་བྱུང་བར་བཀྲིན་བླ་མེད་དུ་ཆེ་ཞེས་གསུངས་པ་དང་སྦྲགས། དེ་བཞིན་ཁོང་གིས་མ་འོངས་པར་བོད་ལ་རང་དབང་འཐོབ་ཚེ་ང་ཚོའི་དབར་གྲོགས་པའི་འདུ་ཤེས་ཡོད་པ་དེ་སྔར་ལྷག་སྲ་བརྟན་ཡོང་བར་ཐུགས་རེ་ཡོད་ཅེས་ཞུས་སོང་།རྩ་བའི་དེ་རིང་དྲྭ་ཐོག་གི་བགྲོ་གླེང་ལས་རིམ་ཁག་ལེགས་གྲུབ་དང་བསྟུན་མགོན་པོ་༸གང་ཉིད་མཆོག་གིས་ཐུགས་བསྐྱེད་ཆེན་པོ་བཞིའི་དགོངས་གཞི་དང་འབྲེལ་བའི་ངོ་སྤྲོད་སྙིང་བསྡུས་ཤིག་མཛད་ཡོད་པ་རེད། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱར་མཛད་འཆར་བསྐྱང་གཏན་ཁེལ་ཁག་ཆེད་བཀོད་གནང་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༧ ཉིན་ཨི་ཊ་ལིའི་ནང་པའི་ཚོགས་པ་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་༸གོང་ས་མཆོག་གིས་དྲ་ལམ་བརྒྱུད་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་བཀའ་ཆོས་སྩལ་རྒྱུ་དང་དེ་བཞིན་ཚེས་ ༡༢ ཉིན་འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་དྲ་ལམ་བརྒྱུད་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཀའ་སློབ་དང་བཀའ་འདྲི་དགོངས་སྐོར་ཞུ་མཁན་ཚོར་བཀའ་ལན་མཛད་རྒྱུའི་མཛད་འཆར་ཐུགས་གཏན་ཁེལ་འདུག

ཡོ་རོབ་རྒྱལ་ཁབ་བཅུ་དྲུག་གི་དཔེ་མཛོད་ཁང་དུ་༸གོང་ས་མཆོག་ཕྱག་དེབ་འགྲེམས་སྤེལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་བོད་མིའི་སླད་དུ་བསྐྱངས་གནང་མཛད་པའི་བླ་ན་མེད་པའི་བཀྲིན་ལ་རྗེས་དྲན་ཞུ་ཕྱིར་འཛམ་གླིང་མང་ཚོགས་ལ་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཁག་ལ་གོ་རྟོགས་རྒྱ་ཆེ་ཡོང་བར་ཆེད་དམིགས་ཀྱིས་དབུས་ཤར་ཡོ་རོབ་རྒྱལ་ཁབ་བཅུ་དྲུག་ནང་རྟེན་གཞི་བྱས་པའི་དཔེ་མཛོད་ཁང་ ༡༡༣ ལ་༸གོང་ས་མཆོག་ཕྱག་དེབ་ཁག་འགྲེམས་སྤེལ་ཞུ་རྒྱུའི་ལས་རིམ་ཞིག་དབུ་འཛུགས་གནང་སོང་། ལས་གཞི་དེ་གཅོ་བོ་དབུས་ཤར་ཡོ་རོབ་རྒྱལ་ཁབ་ནང་་ཡོད་པའི་དཔེ་མཛོད་ཁང་ཁག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་འགྲེམས་སྤེལ་བརྒྱུད་དེ་འཛམ་གླིང་གི་མང་ཚོགས་ལ་མགོན་པོ་མཆོག་གིས་འགྲོ་བ་མིའི་བདེ་རྩར་སྨིན་པའི་བྱམས་བརྩེ་དང་འཚེ་མེད་ཞི་བ། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཐུགས་བསྐྱེད་ཁག་ལ་གོ་རྟོགས་སྔར་ལྷག་རྒྱ་ཆེ་ཡོང་ཐབས་སུ་ཆེད་དམིགས་གནང་བ་ཞིག་ཆགས་ཀྱི་འདུག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རླུང་འཕྲིན་ཁང་ལ་༸གོང་ས་མཆོག་གི་ཕྱག་དེབ་འགྲེམས་སྤེལ་ཞུ་ཡུལ་དབུས་ཤར་ཡོ་རོབ་རྒྱལ་ཁབ་ ༡༦ དང་དཔེ་མཛོད་ཁང་ ༡༡༣ བཅས་ཀྱི་གྲངས་ཚད་ངེས་ཅན་བཞག་པའི་རྒྱུ་མཚན་ནི་མགོན་པོ་༸གང་ཉིད་མཆོག་གི་དགུང་གྲངས་ ༡༦ ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་མཛད་འགན་བཞེས་པར་བོད་འབངས་ཡོངས་ནས་མགོན་པོ་མཆོག་ལ་བཀྲིན་རྗེས་དྲན་ཞུས་པ་མཚོན་ཆེད་དང། དེ་བཞིན་འགྲེམས་སྤེལ་ཞུ་ཡུལ་གྱི་དཔེ་མཛོད་ཁང་ ༡༡༣ གྱིས་མགོན་པོ་༸གང་ཉིད་མཆོག་གིས་དགུང་གྲངས་ ༡༡༣ བར་༸སྐུ་བཞུགས་མཛད་རྒྱུའི་ཞལ་བཞེས་གནང་བར་རྟེན་འབྲེལ་མཚོན་ཆེད་དུ་ཡིན་པ་གསུངས་ཡོད། སྤྱིར་ད་ལན་༸གོང་ས་མཆོག་གི་ཕྱག་དེབ་འགྲེམས་སྤེལ་ཞུ་རྒྱུའི་ལས་གཞི་ཐོག་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་ནི་སུད་སི་བོད་རིགས་མི་རིགས་མང་སྒྲིག་འཛུགས་ཁྱབ་ཁོངས་ Wadenswil ས་གནས་ཚོགས་ཆུང་ཆགས་ཀྱི་འདུག་ཅིང། སྐབས་ ༡༧ པའི་ཚོགས་ཆུང་གི་འཐུས་མི་ནོར་བུ་ཚེ་རིང་ལགས་ཀྱིས་ཚོགས་ཆུང་གི་ངོས་ནས་ད་ལན་མགོན་པོ་༸གང་ཉིད་མཆོག་གི་ཕྱག་དེབ་འགྲེམས་སྤེལ་ཞུ་རྒྱུའི་ལས་གཞིར་དཔལ་འབྱོར་གྱི་མཐུན་འགྱུར་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་། དབུས་ཤར་ཡོ་རོབ་རྒྱལ་ཁབ་ཁག་ཏུ་འགྲེམས་སྤེལ་ཞུ་རྒྱུའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་ཁག་ནི་བདེ་སྐྱིད་ཀྱི་ལམ་བུ་དང་ཆོས་ལུགས་ཀྱི་མཚམས་ལས་འདས་པ། བཙན་འབྱོལ་ནང་གི་རང་དབང། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་བཅས་ཆགས་ཀྱི་འདུག

རྒྱ་གར་གྱི་སྲིད་འཛིན་RamNathKovindམཆོག་གི་སྨན་བཅོས་ལེགས་གྲུབ་བྱུང་བར་འཚམས་འདྲི།

རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་RamNathKovindམཆོག་ཉེ་ལམ་བྲང་ཁོག་བདེ་མིན་གྱི་རྐྱེན་གྱིས་སྨན་ཁང་ཁག་ལ་བསྟེན་གཏུགས་གནང་འབྲས་སུ་སྙིང་རྩར་གཤག་བཅོས་གནང་རྒྱུའི་ལམ་སྟོན་ཕེབས་པ་ལྟར། ཁ་སང་ཞོགས་པ་AIIMSསྨན་ཁང་དུ་སྙིང་རྩར་གཤག་བཅོས་གནང་ནས་གཤག་བཅོས་ལེགས་གྲུབ་བྱུང་བའི་གནས་ཚུལ་ཐོན་པ་དང་འབྲེལ། དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་twitterདྲྭ་ལམ་བརྒྱུད་སྲིད་འཛིན་མཆོག་གི་སྨན་བཅོས་ལེགས་གྲུབ་བྱུང་བར་མགོན་པོ་༸གང་ཉིད་མཆོག་ཐུགས་བདེ་བོ་བྱུང་ཞེས་སྲིད་འཛིན་གྱི་མཚན་ཐོག་ཏུ་འཚམས་འདྲི་ཞིག་སྩལ་གནང་མཛད་འདུགམགོན་པོ་༸གང་ཉིད་མཆོག་གིས་སྲིད་འཛིན་མཆོག་སྙུང་གཞི་ལས་མགྱོགས་མྱུར་དྲག་སྐྱེད་ཡོང་རྒྱུའི་ཐུགས་སྨོན་མཛད་པ་དང་ཆབས་ཅིགསྲིད་འཛིན་ཁོང་ནི་ལོ་མང་ནས་ཡིད་ཆེས་གནང་སའི་གྲོགས་པོ་རྙིང་པ་ཞིག་ཡིན་པ་བཀའ་སྩལ་འདུག གཞི་རྩའི་སྲིད་འཛིན་RamNathKovindམཆོག་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་བྲང་ཁོག་བདེ་མིན་གྱི་རྐྱེན་གྱིས་ལྡི་ལིར་རྟེན་གཞི་བྱས་པའི་Army Hospital ResearchAndReferralཞེས་པའི་སྨན་ཁང་ལ་བརྟག་དཔྱད་གནང་བར་ཕེབས་ནས་རྟོག་ཞིབ་སླད་ཟུར་འཇོག་གནང་འདུག་པ་དང་།ཕྱི་ཉིན་དེར་AIIMSསྨན་ཁང་ལ་བརྗེ་ལན་གནང་ནས་སྨན་པས་སྙིང་རྩ་གཤག་བཅོས་གནང་རྒྱུའི་ལམ་སྟོན་གནང་དོན་བཞིན་ཁ་སང་ཕྱི་ཚེས་༣༠ ཉིན་གྱི་ཞོགས་པ་གཤགབཅོས་ལེགས་གྲུབ་བྱུང་ནས་ད་ཆ་ཁོང་སྨན་ཁང་དེའི་སྨན་པ་རྒན་གྲས་ཁག་ཅིག་གིས་གཟིགས་རྟོག་དང་སྨན་བཅོས་གནང་བ་བཞིན་སྐུ་ཁམས་བདེ་ཐང་ཡོད་པ་རེད་འདུག

དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་པའི་གཞན་སེམས་བསྐྱེད་གལ་བཀའ་སྩལ་བ།

དེ་རིང་སྟེ། ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༢༩ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩་བའི་ཐོག   བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་གཙུག་ལག་སློབ་གཉེར་ཁང་ལྔ་ཡི་སློབ་ཕྲུག་རྣམས་ལ་འགྱུར་ལྡོག་དུས་རིམ་ཁྲོད་ཀྱི་ང་ཚོའི་འཛམ་གླིང་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ་མ་ཟད། སློབ་ཕྲུག་ཁག་ཅིག་གིས་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བཀའ་དྲིན་ཆེ་བ་སྩལ་སོང་།དེ་རིང་གི་བཀའ་སློབ་ཀྱི་ཐོག་མར། མགོན་པོ་གང་གིས་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་པ་མ་ཟད། ཐ་ན་སེམས་ཅན་གཞན་དང་འབུ་སྲིན་ཕྲ་མོ་རྣམས་ཀྱིས་ཀྱང་བདེ་སྐྱིད་འདོད་ཀྱི་ཡོད་པར་བཀའ་སྩལ་བ་དང་འབྲེལ་ནས། འགྲོ་བ་མི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆས་ཤིག་ཡོད་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ཆགས་ཡོད་སྟབས། ང་ཚོས་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་ཕྱིར་རྣམ་དཔྱོད་དེ་བེད་སྤྱོད་གཏོང་གི་ཡོད་ནའང་། སྐབས་འགར་ང་ཚོའི་མཐོང་རྒྱ་ཆུང་དྲགས་པ་དང་བསམ་བློ་གུ་དོག་པའི་དབང་གིས་དཀའ་ངལ་མང་པོར་འཕྲད་བཞིན་ཡོད་པའི་བཀའ་འབྲེལ་དང་སྦྲགས། དུས་རབས་སྔ་མོའི་ནང་དུ་འགྲོ་བ་མིའི་རིགས་ཀྱི་རང་ཞེན་གྱི་བསམ་བློ་གཙོ་འཛིན་གྱི་དབང་གིས་འཛམ་གླིང་གི་དམག་ཆེན་སྔ་རྗེས་གཉིས་ཀྱི་མཚོན་པའི་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་དང་། སྐབས་དེར་འགྲོ་བ་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་དེ་རྡུལ་མཚོན་དང་གོ་མཚོན་བཟོ་བ་སོགས་མིའི་རིགས་ལ་གཏོར་རྒོལ་གཏོང་ཐབས་སུ་བེད་སྤྱོད་བཏང་ཡོད་པར་དྲན་གསོ་མཛད་དེ། ད་ཆ་འགྲོ་བ་མི་ཡོངས་ཀྱིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་རང་ཞེན་གྱི་བསམ་བློ་དོར་ནས་འཛམ་གླིང་ལ་དམིགས་པའི་བསམ་བློ་དེ་གོང་འཕེལ་བྱེད་དགོས་བར་བཀའ་སྩལ་སོང་།དེ་བཞིན་མགོན་པོ་གང་གིས་ད་ལྟའི་ཆར་ང་ཚོས་འདོད་མོས་ཡོད་མེད་ལ་མ་བལྟས་པར་གོ་ལ་གཅིག་གྱུར་གྱི་འཛམ་གླིང་འདིའི་ནང་དུ་འགྲོ་བ་མི་ཐེར་འབུམ་བདུན་པོ་མཉམ་གནས་བྱེད་དགོས་བའི་དུས་ལ་བབ་ཡོད་སྟབས། ཕན་ཚུན་ནང་ཁུལ་དུ་དམག་འཁྲུག་བརྒྱབ་པ་དེ་ཡིས་རང་གཞན་གང་ལ་ཡང་ཕན་ཐོགས་མེད་པར་བཀའ་གནང་བ་དང་འབྲེལ་ནས། འཛམ་གླིང་ཞི་བདེ་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་དགོས་ན། ང་ཚོའི་འཛམ་གླིང་ཤར་ནུབ་གྱི་ཡུལ་ལུང་དང་རིག་གཞུང་། དེ་བཞིན་ཆོས་ལུགས་བཅས་ནི་རིམ་པ་གཉིས་པའི་མི་འདྲ་བའི་ཆ་ཞིག་ཡིན་པ་ཤེས་དགོས་བའི་ཐོག  ཚང་མ་བདེ་སྐྱིད་དང་ལྡན་པའི་ངང་ནས་མཉམ་གནས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལྟར། ཨུ་རུ་སུ་ལ་ཆ་མཚོན་ན་ཡང་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འཛམ་གླིང་ཞི་བདེ་སྐྲུན་ཐབས་ལ་ནུས་པ་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། མགོན་པོ་གང་ཉིད་མཆོག་གིས་ཨུ་རུ་སུའི་སློབ་ཕྲུག་ཚོར་བཀའ་སློབ་གནང་རྒྱུའི་གོ་སྐབས་བྱུང་བར་ཐུགས་མཉེས་པོ་བྱུང་ཡོད་པར་བཀའ་སྩལ་སོང་། དེ་རིང་གི་བཀའ་སློབ་ཀྱི་ལས་རིམ་དེ་གྲུབ་མཚམས་སུ། ཨུ་རུ་སུའི་སློབ་ཕྲུག་ཁག་ཅིག་གིས་མགོན་པོ་གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ཁྲོད། ཁལ་མུག་གཙུག་ལག་སློབ་ཆེན་གྱི་སློབ་མ་ཞིག་གིས་སྔར་ལོར་རིམས་ནད་ཁྱབ་བརྡལ་དུ་ཕྱིན་པ་ན་བཟུང་། སློབ་མ་རྣམས་ཀྱིས་དབང་བོ་སྐྱོན་ཅན་དང་ཁེར་རྐྱང་དུ་ལྷག་པ་རྣམས་ལ་སྨན་དང་ཞལ་ལག་སྐྱེལ་འདྲེན་བྱས་ཡོད་པར་ངོ་སྤྲོད་དང་འབྲེལ་ནས། གཞན་དོན་གྱི་ཕྱིར་དུ་རང་གི་ཚེ་སྲོག་ལ་ཉེན་ཁ་འཕྲད་ཀྱང་བློས་གཏོང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་མིན་གྱི་ཐད་ནས་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་ཁ་ཡོད་ལག་ཡོད་ཀྱི་བྱམས་སྙིང་རྗེ་གཙིགས་སུ་བཟུང་ནས་ལག་བསྟར་བྱེད་མཁན་ཞིག་ཡིན་ན། གཙོ་བོ་གཞན་གྱི་བདེ་སྡུག་དང་ཁེ་ཕན་གཙོར་བཟུང་བྱེད་དགོས་བར་བཀའ་གནང་བ་དང་འབྲེལ་ནས། སྔར་ལོའི་རིམས་ནད་ཁྱབ་བརྡལ་དང་འབྲེལ་ནས་སྨན་པ་དང་སྨན་ཞབས་པ་མང་པོའི་རང་སྲོག་ལ་མ་འཛེམ་པར་སྤྱི་ཚོགས་ལ་ཞབས་འདེགས་ཆེན་པོ་སྐྲུན་ཡོད་པར་བཀའ་དྲིན་ཆེ་ཞུས་གནང་བ་དང་འབྲེལ་ནས། སྙིང་རྗེ་ངོ་མ་དེ་ནི་རང་གི་དཀའ་སྡུག་ལ་འཛེམ་མེད་ཀྱི་གཞན་དོན་སྒྲུབ་རྒྱུ་དེ་ཡིན་པར་བཀའ་གནང་སྟེ། ནང་པ་རྣམས་ལ་མཚོན་ན་ཚེ་རབས་དུ་མའི་ལས་ཀྱི་འཁོར་སྐྱོད་ལ་ཁས་ལེན་མཁན་ཞིག་ཡིན་པར་བརྟེན་ཚེ་འདིར་གཞན་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བ་ཡིན་ཚེ་རྗེས་མར་བཟང་ཕྱོགས་སུ་འགྱུར་རྒྱུ་ཡིན་པར་ངེས་བ་རེད་ཅེས་བཀའ་སྩལ་སོང་།དེ་བཞིན་སློབ་ཕྲུག་གཞན་ཞིག་གིས་དད་པ་དང་འབྲེལ་བའི་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས། བོད་རྒྱུད་ནང་བསྟན་གྱི་གཞུང་དུ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང་དབང་རྡུལ་དད་པའི་རྗེས་འབྲངས་ཞེས་པའི་དད་པ་ལ་ཡང་གང་ཟག་གི་རྣམ་དཔྱོད་ལ་དཔག་པའི་རིགས་གཉིས་ཡོང་གི་ཡོད་པར་བཀའ་སྩལ་དང་འབྲེལ། ནང་པའི་གཞུང་གི་ནང་དུ། དད་པ་དང་ཤེས་རབ་དེ་གཉིས་གཅིག་ཕན་གཅིག་གྲོགས་ཀྱིས་མཉམ་དུ་འགྲོ་དགོས་བ་ཞིག་ཡིན་པ་དང་། དད་པ་ཟེར་དུས་དངོས་ཡོད་གནས་ཚུལ་ལ་དཔྱད་པ་ཡང་ཡང་བྱས་ཏེ། དཔྱད་དོན་དེར་ངེས་ཤེས་ཟབ་མོ་རྙེད་པའི་ཐོག་ནས་དད་པ་བྱས་པ་ཡིན་ན་དད་པ་དེ་ཡང་དག་པའི་དད་པ་ཞིག་ཆགས་ཀྱི་ཡོད་པར་བཀའ་སྩལ་སོང་།གཞན་ཡང་སློབ་ཕྲུག་ཅིག་གིས་མིའི་མི་ཚེ་དེ་རང་གི་དཀའ་སྡུག་གིས་སྐྲུན་དགོས་བ་ཞིག་གམ། ཡང་ནང་ལས་དབང་གིས་ཡོད་ཚད་བཀོད་སྒྲིག་ཟིན་པ་ཞིག་ཡིན་པར་བཀའ་འདྲི་ཞུས་པར་མགོན་པོ་གང་གིས། རྩ་བའི་འཛམ་གླིང་གི་ནང་དུ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་ཆོས་ལུགས་ཁག་ཅིག་ཡོད་ནའང་། ནང་པ་དང་གཅེར་བུ་བ་ལྟ་བུར་མཚོན་ན་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་སྟབས། འཁོར་བ་ལ་ཐོག་མཐའ་མེད་པ་ཡིན་དུས། རང་གི་ད་ལྟའི་བྱེད་ལས་དེས་སྐྱེ་བ་རྗེས་མའི་རྒྱུ་བྱེད་ཀྱི་ཡོད་སྟབས། རང་གིས་བྱམས་སྙིང་རྗེ་གཞི་ལ་བཞག་པའི་ཉམས་ལེན་ཡག་པོ་ཞིག་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པར་བཀའ་སྩལ་སོང་།དྲི་བ་དྲིས་ལན་གྱི་མཛད་རིམ་གྲུབ་མཚམས་སུ། མགོན་པོ་གང་ཉིད་མཆོག་གིས། ནང་པ་ཞིག་ཡིན་པའི་ངོས་ནས། ཞལ་འདོན་གསོག་སྒྲུབ་དང་དད་པ་ཁོ་ན་བྱས་ཏེ་ཡིད་ཚིམས་རྒྱུ་མེད་པར།  དུས་རྒྱུན་ནས་ནང་པའི་ལྟ་གྲུབ་དང་མཚན་ཉིད་རིག་པའི་གཞུང་ལ་སློབ་སྦྱོང་གནང་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས། རང་གཞན་གཉིས་ཀྱིས་དཔེ་ཀློག་མཛད་ནས་སློབ་སྦྱོང་གནང་སྟེ་དེང་རབས་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་བློ་ཡང་ཡང་གཏོང་བའི་ནང་པ་ཞིག་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་དང་འབྲེལ་ནས། དེ་རིང་གི་བཀའ་སློབ་ལམ་སྟོན་གྱི་ལས་རིམ་དེ་རེ་ཞིག་མཇུག་སྒྲིལ་སོང་།

མགོ་ལོག་རྨ་ཆེན་རྫོང་གི་བོད་མི་ཞིག་ལ་ལོ་གཅིག་གི་ཁྲིམས་ཆད།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་ལ་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུགHuman defender  ཞེས་པའི་རྒྱ་ཡིག་གི་དྲ་རྒྱའི་ནང་དུ་གནད་དོན་འཁོད་པ་ལྟར་ན།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་འབྲོག་མི་བཀྲ་ཤིས་རྒྱལ་ལགས་སྔར་ལོའི་ཟླ་བ་༥ བའི་ཚེས་ ༣༠ ཉིན་འཛིན་བཟུང་བྱས་ཡོད་པ་དང་། རྗེས་སུ་ སུ་ཟླ་བ་ ༡༠ བའི་ཚེས་ ༡༣ ཉིན་མགོ་ལོག་རྨ་ཆེན་རྫོང་གི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་ཁོང་གིས་ཕྱི་ལོ་ ༢༠༡༤ དང་༢༠༡༥ ལོར་སྔ་རྗེས་སུ་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་༸གོང་ས་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐུ་པར་བཞག་ཡོད་པ་མ་ཟད། ད་དུང་དྲ་ཐོག་ནས་ཁྲིམས་འགལ་རང་བཞིན་གྱི་པར་རིས་དང་མགོན་པོ་གང་གི་གསུང་བཤད་སོགས་ཕབ་ལེན་གྱིས་སྐད་འཕྲིན་གྱི་ནང་དུ་བརྒྱུད་སྤེལ་བྱས་ཡོད་པར་བསྙད་དེ། གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་ས་ཁོངས་ཀྱི་ཆིག་སྒྲིལ་བཅས་ལ་ཉེན་ཚབ་བཟོས་ཡོད་པའི་ཉེས་མིང་གི་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་འདུག དྲ་གནས་སུ་འཁོད་པའི་ནང་།  རྒྱ་ནག་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་སུ་ཉེས་འཛུགས་བྱས་པའི་ཁོངས་སུ་༸གོང་ས་མཆོག་དང་སྲིད་སྐྱོང་གཉིས་ཀྱི་སྐུ་པར་བརྒྱུད་འགོད་བྱས་པ་མ་ཟད། ལོ་གསར་དང་སྟབས་བསྟུན་གྱིས་བོད་རང་བཙན་དང་འབྲེལ་བའི་གངས་སེང་ཅན་གྱི་བོད་ཀྱི་རྒྱལ་དར་དྲ་ཚོམས་སུ་སྐུར་བ་དང་། དེ་བཞིན་༸གོང་ས་མཆོག་བོད་ཏུ་ཕྱིར་ཕེབས་ཀྱི་རེ་སྒུག་སོགས་ཀྱི་བརྙན་སྐུར་བ་སོགས་ཀྱི་ཉེས་འཛུགས་ཀྱང་བྱས་ཡོད་པར་འཁོད་འདུག དེ་བཞིན་གསར་ཁང་གིས། མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བཀྲ་ཤིས་རྒྱལ་ལགས་ལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་གསང་བའི་སྒོ་ནས་ཐག་བཅད་ཡོད་སྟབས་མང་ཚོགས་ཀྱི་ཁྲོད་ནས་གནད་དོན་དེ་ཤེས་རྟོག་མ་ཐུབ་པར་ལུས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱི་བཀྲ་ཤིས་རྒྱལ་ལགས་ཀྱི་ལགས་ཀྱི་ཁ་པར་ཡང་གཞུང་བཞེས་བཏང་ཡོད་པར་འཁོད་འདུག གཞི་རྩའི་ས་བྱི་ལོའི་བོད་མིའི་ཞི་རྒོལ་ཆེན་མོ་དང་འབྲེལ་ནས། རྒྱ་ནག་གིས་བོད་ཁུལ་ཡོངས་སུ་དམ་དྲག་གི་སྲིད་བྱུས་ཇེ་དོམ་དང་བཏང་བ་དང་། དེ་བཞིན་བོད་ཁུལ་དུ་དངུལ་དངོས་ཀྱི་བསླུ་བྲིད་ཀྱི་བོད་མི་ནང་ཁུལ་དུ་ཡང་གསང་མྱུལ་བ་རྩ་འཛུགས་ཀྱིས་བོད་དང་འབྲེལ་བའི་ལས་གཞི་ཁག་གམར་ཤོག་སྲིད་གཞུང་ལ་ཡར་ཞུ་བྱས་ཚེ་བྱ་དགའ་སྤྲོད་རྒྱུའི་ལས་གཞི་རྒྱ་བསྐྱེད་བྱས་པ་བརྒྱུད་ནས། བོད་ཁུལ་དུ་ཕྱོགས་གཅིག་ནས་བོད་དོན་ཀྱི་ལས་འགུལ་རིགས་སྤེལ་རྒྱུ་ཁག་པོ་ཆགས་ཡོད་པ་དང་། དེ་བཞིན་གནད་དོན་གང་ཞིག་བྱུང་ཡང་ཕྱི་ལོག་ཏུ་གནད་དོན་བརྒྱུད་སྤྲོད་བྱེད་རྒྱུར་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། ཉེ་བའི་ལོ་འགའི་རིང་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཁག་བོད་ཕྱི་ལ་རག་རྒྱུ་ཁག་པོ་ཆགས་ཡོད་པ་མ་ཟད། མཐའ་མཚམས་བཀག་རྒྱ་སོགས་ཀྱི་རྐྱེན་གྱིས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྒྱུ་ཡང་ཧ་ཅང་དཀའ་ཁག་ཆེ་བའི་གནས་སུ་ལྷུད་ཡོད་པའི་ཁྲོད། བོད་ནང་གི་རང་ལས་མེར་བསྲེགས་ཀྱི་མཚོན་པའི་གནད་དོན་དང་འབྲེལ་བའི་ལས་འགུལ་ཆེ་འབྲིང་ཆུང་གསུམ་མི་མངོན་པའི་དབྱིངས་སུ་ལྷག་ཡོད་པ་རེད།

འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོར་ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་རྒྱུ།

འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་ཞི་ཕྱིར་ཕྱི་ཟླ་ ༥ ཚེས་ ༡ ཉིན་བསྐོང་ཚོགས་གནང་རྒྱུའི་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་ཞུགས་ཐོག་ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་གཏན་ཁེལ་འདུགཁ་སང་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ཐེ་ཝན་ཁུལ་གྱི་བོད་བརྒྱུད་ནང་བསྟན་འཛིན་མཁན་གྱི་ཆོས་ཚོགས་བརྒྱ་ལྷག་གིས་མཉམ་རུབ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་དུག་ཞི་བའི་སླད་ཕྱི་ཟླ་ ༥ཚེས་ ༡ ཉིན་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་ཞེས་པ་ཞིག་བསྐོང་ཚོགས་གནང་རྒྱུ་དང་། སྐབས་དེར་ཚོགས་མགོན་དུ་དྲྭ་ཐོག་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་རྒྱུར་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་མགོན་པོ་༸གང་ཉིད་མཆོག་ནས་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་དང་། སྨོན་ལམ་ཆེན་མོའི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྒྱུ་གཙོས་ཤེས་རབ་སྙིང་པོའི་བཀའ་ཆོས་སྩལ་གནང་མཛད་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་འདུགཐེ་ཝན་ཁུལ་དུ་གནས་བཞུགས་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གི་ཁོངས་སུ་ཡོད་པ་རྫོགས་ཆེན་མགོན་པོ་རིན་པོ་ཆེ་མཆོག་ལ་ཞལ་པར་བརྒྱུད་བཀའ་འདྲི་ཁག་གཅིག་ཞུས་ཡོད་པས་གསན་པར་ཞུ།།

Latest news