Tibetan Royal Year of 2151 | Year of the Wood Dragon

ཁ་མཆུ་ཨང་ ༢༠

བཀའ་ཤག་གིས་ཁྲིམས་ཞིབ་ཁང་གི་དཔྱད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་གསུངས་འདུག

བྱང་ཨ་རིའི་སྐུ་ཚབ་དོན་བཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིག་ལགས་ཀྱི་སྲིད་སྐྱོང་བློ་བཟང་སེང་དགེ་མཆོག་བརྒྱུད་འཛིན་སྐྱོང་བཀའ་ཤག་གི་ཁོང་ལ་མ་ཉེས་ཁག་གཡོགས་བྱས་པའི་ཁ་མཆུ་ ༢༠ པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲ་བཏང་བ་བཞིན། བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔྱད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་གསུངས་འདུག དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཁ་མཆུ་ཨང་ ༢༠ པའི་རྩོད་ལེན་པ་བཀའ་ཤག་གི་མཚན་ཐོག་ལ་བཀོད་ཁྱབ་ཞིག་བཏང་ཡོད་པའི་ནང་དུ། དེ་རིང་ཕྱི་ཟླ་ ༡༢ པའི་ཚེས་ ༢༧ བར་དཔྱད་ཁྲ་ཉམས་ལེན་གནང་རྒྱུའི་གོ་སྐབས་མཐའ་མ་ཞིག་གནང་སྟེ། དེ་ལྟར་མ་བྱུང་ཚེ་སྲིད་སྐྱོང་གཙོ་བྱས་པའི་བཀའ་ཤག་གི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་སྐོར་བཀོད་པ་བཞིན། དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༤ པའི་ཐོག་བཀག་ཤག་གི་ངོས་ནས་དེ་གའི་གཞུང་འབྲེལ་དྲ་གནས་ཐོག་གསལ་བསྒྲགས་ཤིག་འདོན་སྤེལ་གནང་བའི་ནང་དུ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་སྤེལ་བའི་བཅད་ཁྲའི་ནང་། བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་གཏན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་པའི་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་ལ་མ་ཉེས་ག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན།”ཞེས་བརྗོད་བྱ་འདི་རང་བཀོད་དགོས་པའི་བཅད་ཁྲའི་དགོངས་དོན་བཞིན་བཟོད་གསོལ་ཞུ་ཡི་ཡོད་ཅེས་འཁོད་འདུག གཞི་རྩའི་ཁ་མཆུ་ཨང་ ༢༠ ཞེས་པ་དེ་ནི་གཙོ་བོ་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་འབྲེལ་དོན་ཚན་བཅུ་ཅན་གྱི་གསལ་བཤད་ཅིག་འདོན་སྤེལ་གནང་སྟེ་ཁོང་གིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་གནང་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་ལ་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་ལྟར་གནང་དགོས་བྱུང་ཡོད་པ་སོགས་གསལ་བཤད་གནང་རྗེས། སྤེན་པ་ཚེ་རིགས་ལགས་ཀྱིས་ ཁོང་གི་ལས་དོན་ལ་འཐུས་ཤོར་ཕྱིན་པ་སོགས་ཀྱི་གནད་དོན་ཁག་ལ་ངོས་ལེན་མེད་པ་དང་། ལྷག་དོན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་དང་མང་ཚོགས་ཁྲོད་ཐག་གཅོད་དེ་ཁྲིམས་དང་མཐུན་པ་ཞིག་བྱུང་ཡོད་མེད་ཐག་གཅོད་གནང་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་རྒྱུ་མ་གཏོགས་ཐབས་ལམ་གཞན་མེད་པར་འགྲེལ་བརྗོད་གནང་ཡོད་པ་བཞིན་ཁོང་གིས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་ཞུས་ཡོད་པ་ཞིག་ཡིན་པ་རེད། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༡ བར་ཁ་མཆུ་དེ་དང་འབྲེལ་གནད་དོན་གསལ་བཟོའི་ཉན་ཞིབ་ཅིག་དང་། གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས། དེ་བཞིན་ཞིབ་གཅོད་ཉན་ཞིབ་དགུ་བཅས་ཁྱོན་ཉིན་ ༡༢ རིང་ཉན་ཞིབ་ཚོགས་པའི་རྗེས་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཤོག་གྲངས་ ༡༠༢༨ ཅན་གྱི་བཅད་ཁྲ་འདོན་སྤེལ་གནང་སྟེ། ཁ་མཆུ་འདིའི་བརྒྱུད་རིམ་ཁྲོད་གྱོད་ཡ་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང་། རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༥ པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན། བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ལས་གནས་ནས་འཕོ་འགྱུར་དང་དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་བཅུ་གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་གཏན་མེད་པ་དང་། ཁ་ཡིན་ལ་གོ་ནོར་ཐེབས་པའི་དབང་གིས་སྤེན་པ་ཚེ་རིང་གི་ལྷག་བསམ་དང་འཇོན་ཐང་། བཟང་སྤྱོད་བཅས་ལ་མ་ཉེས་ཁ་གཡོགས་ཤོར་བ་སོགས་ཐག་གཅོད་གནང་སྟེ་བཀའ་ཤག་ནས་སྤེན་པ་ཚེ་རིང་ལགས་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་ཞིག་དབྱིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ་དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་ ༩༨༠༠༠ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པའི་བཅད་ཁྲ་བཏང་བ་དེ་ལྟར་ཡང་། བཀའ་ཤག་གིས་དུས་བཀག་ནང་ཚུད་དཔྱད་ཁྲའི་དགོངས་དོན་ཉམས་ལེན་མ་ཞུས་སྟབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སླར་ཡང་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་བཀདོ་ཁྱབ་ཞིག་བཏང་སྟེ། རྩོད་ལེན་པ་བཀའ་ཤག་གི་ངོས་ནས་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༧ ཕྱི་འདྲོ་ཕྱག་ཚོད་ ༤ པའི་སྔོན་ཚུད་དུ་དཔྱད་ཁྲ་ཉམས་ལེན་མ་བྱས་ཚེ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༡ གཞིར་བཟུང་། སྲིད་སྐྱོང་གཙོ་བྱས་པའི་བཀའ་ཤག་གི་བཀའ་བློན་རྣམ་པ་ཚང་མས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་དེ་རིང་བཀའ་ཤག་གི་བཟོད་གསོལ་གསལ་བསྒྲགས་འདི་དང་འབྲེལ། བཀའ་ཤག་ལ་འབྲེལ་བ་ཞུ་ཐབས་བྱས་ཀྱང་བཀའ་དྲུང་དང་སྲིད་ཚབ་བཅས་ཀྱིས་བཅར་འདྲིར་དྭངས་ལེན་གནང་མེད་ལ། ཞལ་པར་བརྒྱུད་སྐུ་ཞབས་སྤེན་པ་ཚེ་རིང་ལགས་སུའང་འབྲེལ་བ་ཞུ་ཐབས་བྱས་ཀྱང་འབྲེལ་བ་མཐུད་ཐུབ་མ་སོང་། གང་ལྟར་ཁ་མཆུ་ཨང་ ༢༠ ཞེས་པ་དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཉེ་བའི་དུས་ཡུན་ནང་ཧ་ཅང་རྩོད་གླེང་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད་པ་དང་། བོད་མི་ཁག་ཅིག་གིས་གནད་དོན་དེར་དགྲ་དགའ་གཉེན་སྡུག་གི་ངོ་བོར་གཟིགས་མཁན་ཡོད་ཀྱང། ཁག་གཅིག་གིས་དེ་ནི་མང་གཙོའི་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་མཁན་ཡོད་པ་རེད། རྩོད་ལེན་པ་བཀའ་ཤག་ངོས་ནས་དེ་སྔོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་དེའི་ཐོག་མཐའ་མའི་དཔྱད་ཁྲ་བཏང་སྐབས་བཀའ་ཤག་གི་ངོས་ནས་དཔྱད་ཁྲ་དེ་འདོད་བློ་ཁེངས་བ་ཞིག་བྱུང་མེད་པའི་འགྲེལ་བརྗོད་གནང་བ་དེ་ལྟར་ཡང་། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་དེ་ནི་མང་གཙོ་དང་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཡོད་སྐོར་གསུངས་ཡོད་པ་རེད།

ཁ་མཆུ་ཨང་ ༢༠ པའི་ཞིབ་གཅོད་ཉན་ཞིབ་མཐའ་མ་ཚོགས་པ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༢༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བརྒྱུད་འཛིན་སྐྱོང་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁག་གཡོག་གནང་བའི་ཁ་མཆུ་ཨང་ ༢༠ ཐོག་དངོས་དོན་གྱི་གནད་དོན་བརྒྱད་པ། ཞུ་སྦྱོར་བའི་ཞུ་རྩ་ ༤་༢ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་འདོད་བློ་ཁེངས་པ་ཞིག་གནང་ཐུབ་མེད་པ་མ་ཟད་ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐུགས་རེ་བཞིན་ལས་དོན་བསྒྲུབ་མ་ཐུབ་པ་དང་། ཡིད་ཆེས་བློས་འགེལ་མི་ཐུབ་པ། དེ་བཞིན་འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་བ་བཅས་ཀྱི་གནད་དོན་ཐོག་གྱོད་ཡ་ཕྱོགས་གཉིས་ནས་ཁུངས་སྐྱེལ་དང་གསལ་བཤད་ཀྱི་རྩོད་བཤད་གནང་ཐོག་ཞིབ་གཅོད་ཉན་ཞིབ་མཐའ་མ་ཚོགས་སོང་། ཁ་སང་སྔ་དྲོ་ཚོུད་ ༡༠ ཐོག་དབུ་འཛུགས་ཀྱིས་ཕྱི་དྲོ་ཚོུད་ ༧༌༣༠ བར་ཉིན་འཁྱོངས་རིང་ཉན་ཞིབ་མཐའ་མའི་ཐོག་གྱོད་ཡ་ཕྱོགས་གཉིས་ཀའི་ངོས་ནས་དངོས་དོན་གྱི་གནད་དོན་མཐའ་མའམ་བརྒྱད་པའི་དོན་ཚན་ཀ་པའི་ནང་གསལ་བཞིན་ཞུ་སྦྱོར་བ་བཀའ་ཤག་ནས་མུ་མཐུད་ཡིད་ཆེས་བློས་འགེལ་མི་ཐུབ་པ་དང་། བཀའ་ཤག་གི་ཐུགས་རེ་ལྟར་ལས་དོན་བསྒྲུབ་མ་ཐུབ་པ། འཛིན་སྐྱོང་བྱ་སྤུ་གནོན་གྱི་གོ་རིམ་ལ་ལྟོས་མེད་གནང་བ་བཅས་ཇི་ལྟར་གནང་མིན་ཐད་རྩོད་ལན་པས་ཁུངས་སྐྱེལ་དང་ཞུ་སྦྱོར་བའི་རྩོད་བཤད། དེ་བཞིན་དངོས་དོན་བརྒྱད་པའི་ནང་གསེས་ཁ་པ་སྟེ་བཛིན་སྐྱོང་བཀའ་ཤག་གིས་ཞུ་སྦྱོར་བའི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་སྤྱི་ཡོངས་ནས་དམའ་འབེབས་བྱེད་ཐབས་ལ་དམིགས་པ་ཞིག་ཡིན་པ་ཞེས་པར་ཇི་ལྟར་ཡིན་སྐོར་ཞུ་སྦྱོར་བས་ཁུངས་སྐྱེལ་དང་རྩོད་ལན་པས་རྩོད་བཤད་གནང་ཡོད་པ་དང་། གྱོད་ཡ་ཕྱོགས་གཉིས་ཀའི་ངོས་ནས་ཁ་མཆུ་འདིའི་ནང་གཏན་འབེབས་བྱུང་བའི་དངོས་དོན་གྱི་གནད་དོན་ ༧ པ་བར་གནད་དོན་རེ་རེའི་ཐོག་ད་བར་ཕུལ་བའི་ཞུ་རྩ་དང་ཞུ་ལན། དེ་བཞིན་རྩོད་བཤད་དང་ཁུངས་སྐྱེལ་གནང་ཁག་ལུང་འདྲེན་གྱིས་ཕྱོགས་སོ་སོའི་གནད་དོན་ཁུངས་སྐྱེལ་གནང་བའི་བྱ་རིམ་ཐོག་ཕེབས་ཡོད་པ་རེད། ཉིན་རྒྱབ་ཏུ་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་ཁ་མཆུ་ཨང་ ༢༠ ཐོག་ཞིབ་གཅོད་ཉན་ཞིབ་ཡོངས་རྫོགས་མཇུག་སྒྲིལ་ཟིན་པའི་གསལ་བསྒྲགས་བསྐྱངས་ཡོད་པ་དང་འབྲེལ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༤༨ པའི་ནང་གསེས་ཀ་པ་དང་ཁ་པ་དེ་བཞིན་ག་པ་བཅས་གཞིར་བཞག་གྱོད་ཡ་ཕྱོགས་གཉིས་ཀར་དཔང་རྟགས་འདོན་འབུལ་མཐའ་བསྡོམས་ཀྱི་རྩོད་བཤད་གནང་རྒྱུའི་གོ་སྐབས་རེ་རེ་གནང་ཐོག་གྱོད་ཡ་ཕྱོགས་གཉིས་ཀྱི་ཁྲིམས་རྩོད་པའི་ངོས་ནས་ཁ་མཆུ་དེའི་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་བཅས་སོ་སོའི་ཐོག་དཔང་རྟགས་ཕུལ་བ་དང་། ཁུངས་སྐྱེལ་ཇི་ལྟར་གནང་ཡོད་མིན་སྐོར་གསུངས་པ་དང་འབྲེལ། གྱོད་ཡ་ཕྱོགས་གཉིས་ཀའི་དགོས་འདུན་ཁག་སྒྲོག་ལྗངས་གནང་བའི་ནང་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིག་ཁང་ནས་དཔྱད་ཁྲ་གནང་བསྒྲུབས་རྗེས་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དཔྱད་ཁྲ་བཏང་རྗེས་གཞུང་འབྲེལ་མཛད་སྒོ་དང་པོའི་ཐོག་ཡོངས་བསྒྲགས་ཀྱིས་ཞུ་སྦྱོར་བར་དགོངས་གསོལ་ཞུ་དགོས་པ་དང་། དེ་སྔ་ཡིག་ངག་གཉིས་ཐོག་ནས་གསལ་བཤད་གནང་བ་བཞིན་ཡིག་ངག་གཉིས་ཐོག་ནས་སགོངས་གསོལ་ཞུས་དགོས་པ། དེ་བཞིན་ལས་གནས་བསྐྱར་གསོ་དང་གུན་གསབ་རིགས་མི་དགོས་ཀྱང་ཁྲིམས་རྩོད་པའི་འགྲོ་གྲོན་གནང་དགོས་པ་སོགས་དགོས་འདུན་འགོད་འབུལ་ཞུས་སོང་། འོན་ཀྱང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དཔྱད་ཁྲ་བཏང་རྗེས་སྤྱི་ཚོགས་ནང་ལྷིང་འཇགས་དང་བོད་མི་ནང་ཁུལ་ཆིག་སྒྲིལ་བཅས་ལ་གཞིགས་ཏེ་དགོས་འདུན་གང་ཡང་མེད་ཅེས་གསུངས་སོང་། རྩ་བའི་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༢༡ བར་གནད་དོན་གསལ་བཟོའི་ཉན་ཞིབ་གཅིག་དང། གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གཉིས། དེ་བཞིན་ཞིབ་གཅོད་ཉན་ཞིབ་དགུ་བཅས་ཁྱོན་ཉིན་ ༡༢ རིང་ཉན་ཞིབ་ཚོགས་ཡོད་པ་དང་། ཁ་སང་ཉན་ཞིབ་མཐའ་མ་བསྒྲུབས་རྗེས་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་རིམ་པའི་ཐོག་སྒྲ་འཇུག་གནང་བའི་འཁོར་ཐག་རྣམས་ཡིག་ཐོག་ཏུ་ཕབ་དགོས་པ་དང་། དེ་དག་ལ་བསྐྱར་ཞིབ་ཡང་གནང་དགོས་པར་བརྟེན་དུས་ཚོད་གང་ཙམ་ཞིག་འགོར་རྒྱུ་རེད་འདུག མཐར་ཁྲིམས་ཞིབ་ཁང་ནས་བརྡ་ཐོ་བཏང་བ་བརྒྱུད་ནས་དཔྱད་ཁྲའི་གསལ་བསྒྲགས་ཉན་ཞིབ་ཐོག་གྱོད་ཡ་དོ་བདག་གམ་འཐུས་མི། ཡང་ན་ཁྲིམས་རྩོད་པ་གང་རུང་ཕེབས་འཐུས་ཆོག་གི་འདུག

Latest news