Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

རྒྱ་ནག་གཞུང་ནས་འགྲེམས་སྟོན་ཁང་དེ་འཁྱོག་བཤད་ཀྱི་ལག་ཆར་སྤྱོད་བཞིན་ཡོད།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་རྒྱལ་སྤྱི་ཁྱོན་ཡོངས་ལ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་ཁང་གི་འཕེལ་རིམ་དང་དེའི་གལ་གནད། དེ་བཞིན་ཤུགས་རྐྱེན་སོགས་ཀྱི་ཐོག་གསུང་བཤད་ལས་རིམ་གནང་ཐོག་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།    འགྲེམས་སྟོན་ཉིན་མོའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དེང་སྐབས་རྒྱལ་སྤྱིའི་ཐོག་འགྲེམས་སྟོན་ཁང་གི་ནུས་པ་ཆེན་པོ་འཐོན་བཞིན་ཡོད་སྟབས། རྒྱ་ནག་གཞུང་ནས་དེ་སྔ་རྩེ་ཕོ་བྲང་པོ་ཏཱའི་ནང་ཡོད་པའི་བོད་ཀྱི་ལོ་རྒྱུས་དངོས་རྫས་རྣམས་དབྱེ་འབྱེད་བྱས་ནས་རྒྱ་ནག་རང་ཉིད་དང་འབྲེལ་བ་ཡོད་པའི་ཡིག་ཆ་དང་དངོས་རྫས་རྣམས་འགྲེམས་སྟོན་བརྒྱུད་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་སྒྲུབ་ཐབས་བྱེད་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་འགྲེམས་སྟོན་ཁང་དེ་འཁྱོག་བཤད་ཀྱི་ལག་ཆ་ཞིག་ཏུ་སྤྱོད་བཞིན་ཡོད་པ་གསུངས་སོང་། དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲེམས་སྟོན་ཁང་མི་ཉུང་བ་ཞིག་གསར་རྒྱག་བྱས་ཏེ་བོད་འདི་རྒྱ་ནག་གི་བཅིང་བཀྲོལ་བཏང་རབས་སྐོར་དྲིལ་བསྒྲགས་རྒྱ་ཆེར་སྤེལ་བཞིན་པའི་དུས་སྐབས་འདིར་བོད་མིའི་ངོས་ནས་འགྲེམས་སྟོན་ཁང་ནང་ཡོད་པའི་བོད་དོན་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་རྣམས་རྒྱུས་ལོན་དང་ཚོར་ཐུབ་པ་ཞིག་གནང་དགོས་པ་མ་ཟད། ཕྱིའི་མི་ལ་དངོས་ཡོད་གནས་ཚུལ་དེ་དག་འགྲེལ་བརྗོད་གང་ཐུབ་ཐུབ་ཀྱིས་གནང་དགོས་ཞེས་གསུངས་ཡོད།གཞི་རྩའི་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་འདི་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ནས་མང་ཚོགས་ལ་འགྲེམས་སྟོན་གྱི་གལ་ཆེའི་རང་བཞིན་ངོ་སྤྲོད་གནང་རྒྱུ་དང་། ལྷག་པར་དུ་རྒྱལ་ཁབ་དང་རྒྱབ་ལྗོངས་འདྲ་མིན་གྱི་མི་སྣ་དང་ཚོགས་སྡེའི་དབར་ལ་རིག་གཞུང་བརྗེ་རེས་གནང་ཐབས་སུ་ཕྱི་ལོ་ ༡༩༧༧ ལོར་གསར་གཏོད་གནང་བ་ཞིག་ཡིན་པ་དང་། འདི་ལོ་འགྲེམས་སྟོན་ཉིན་མོར་སྲུང་རྩི་ཞུ་རྒྱུའི་རྩ་ཚིག་ནི་འགྲེམ་སྟོན་ཁང་ནི་རིག་གཞུང་གི་ལྟེ་གནས་དང་མ་འོངས་ཀྱི་རྒྱུན་སྲོལ་ཞེས་པ་དེ་ཡིན་པ་རེད།

༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཆེད་སྦག་སྦག་སྐོར་སྐྱོད་དང་རྔམ་སྟོན་ཁྲོམ་སྐོར།

དེ་རིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་བར་གར་ཡོད་གནས་སྟངས་ཤེས་རྟོག་མེད་པར་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༤ འཁོར་བའི་ཉིན་མོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ་ནས་མངའ་སྡེའི་གྲོང་ཁྱེར་མེ་སོར་བར་དུ་རྒྱང་ཐག་སྤྱེ་ལོ་ ༧༢ སར་རྒྱ་ནག་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་གང་མྱུར་གློད་བཀྲོལ་དང་ཁོང་གི་གནས་སྟངས་སོགས་རྒྱལ་སྤྱིའི་ཐོག་གསལ་འདོན་དགོས་པའི་དགོས་འདུན་འོག་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།ལས་འགུལ་དེའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་དང་མོན་གྷོ་འདོད་རྒུ་གླིང་། ཧུན་སུར་རབ་རྒྱས་གླིང་། སྦེལ་ཀོབ་གཞིས་ཆགས་གཉིས་བཅས་ཁྱོན་གཞིས་ཆགས་ཁག་ལྔའི་དང་བླངས་ལས་འགུལ་བ་མི་གྲངས་ ༤༤ ནས་མཉམ་ཞུགས་གནང་འདུག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ལས་འགུལ་འདིའི་ཐོག་ནས་རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་རྟོག་ཞིབ་ཆེད་གཏོང་དགོས་པ་དང་ཉེ་ལམ་སེར་ཤུལ་ནས་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཡོང་བའི་སྨོན་ཚིག་བསྒྲགས་པ་དང་ཕྱི་ཕྱོགས་ལ་གནས་ཚུལ་སྤེལ་བའི་ཉེས་མིང་འོག་བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་མི་གཉིས་ལ་ཉེས་ཆད་བཏང་ཡོད་པ་ཁོང་རྣམས་གང་མྱུར་གློད་བཀྲོལ་དགོས་པའི་དགོས་འདུན་ཡང་ཆེད་བཏོན་གནང་འདུགདེ་དང་ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧུན་སུར། སྦེལ་ཀོབ་བཅས་ས་གནས་ཁག་གསུམ་གྱི་བོད་ཀྱི་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། མེ་སོར་སློབ་ཕྲུག་ཚོགས་པ་བཅས་ནས་ཀྱང་དེ་རིང་མངའ་སྡེའི་གྲོང་ཁྱེར་མེ་སོར་རྒྱལ་ཁང་མདུན་ཐང་ནས་རྫོང་དཔོན་ལས་ཁུངས་བར་མི་གྲངས་ ༢༠༠ བརྒལ་བས་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། རྫོང་དཔོན་བརྒྱུད་རྒྱ་གར་སྲིད་བློན་མཚན་ཐོག་ཏུ་བོད་དོན་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་པ་རེད།དེ་མཚུངས་དེ་རིང་བཞུགས་སྒར་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཐོག་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་མཉམ་ཞུགས་ཐོག་ནས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་བཙན་ཁྲིད་བྱས་ནས་མི་ལོ་ཉེར་བཞི་འཁོར་བའི་མཛད་སྒོ་དང་འབྲེལ། ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་བགྲོ་གླེང་ཞིག་ཚོགས་སོང་། བགྲོ་གླེང་གི་ལས་རིམ་ནང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་དབུ་བཞུགས་ཐོག་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱི་འཐུས་ཚབ་མི་སྣ་ཁག་མཉམ་ཞུགས་གནང་ཡོད་པ་དང། ཁོང་རྣམས་ནས་སྐབས་དེར་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བོད་ཀྱི་ཆོས་སྲིད་རིག་གནས་དང་བཅས་པའི་ཐོག་ལ་གལ་གནད་ཆེན་པོ་ཇི་ཙམ་ཆགས་ཡོད་པའི་ཐོག་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་ཡོད་པ་རེད།   རྩ་བའི་བགྲོ་གླེང་ཐོག་གཙོ་བོ་༸པཎ་ཆེན་ཆུང་སྲིད་རིན་པོ་མཆོག་གང་མགྱོགས་གློད་བཀྲོལ་དགོས་པའི་གལ་གནད་སྐོར་ལ་བགྲོ་གླེང་གནང་བ་དང་མཉམ་དུ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པར་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་པའི་སྐོར། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་ཐད་ནས་ཀྱང་༸རྒྱལ་བ་ཡབ་སྲས་གཉིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འབྲེལ་ལམ་དེ་གལ་ཆེན་ཡིན་སྐོར་སོགས་ཀྱི་ཐད་ནས་བགྲོ་གླེང་གནང་སོང་། གཞན་ཡང་ཚོགས་པ་གསུམ་པོས་ཕྱི་དྲོ་བཞུགས་སྒར་གྱི་ཉིན་མོ་སློབ་གྲྭར་༸པཎ་ཆེན་ཆུང་སྲིད་དང་འབྲེལ་བའི་དངོས་བྱུང་གི་གློག་བརྙན།  རྐུ་འཁྱེར་བྱས་པའི་བོད་ཀྱི་བྱིས་པ་ཞེས་པའི་གློག་བརྙན་མི་མང་ལ་གཟིགས་འབུལ་ཞུས་ཡོད་པ་རེད།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས།

དེ་རིང་ཟླ་ ༥ ཚེས་ ༡༥ ཉིན་སྔ་ཐོག་དྷ་སྟེང་བོད་ཁྱིམ་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་ Asia Health Resorts གསོལ་མགྲོན་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་ཞུགས་ཐོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༣༡ པ་དབུ་འཛུགས་གནང་སོང་།ཐེངས་འདིའི་ཚོགས་འདུའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ ༢༢ ཡོད་པ་ལས་ ༡༨ ནས་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གཉིས་ཀྱི་རིང་ཚོགས་དུས་ཐོག་གཙོ་བོ་ཡོ་རོབ་དང་རྒྱ་ནག་དབར་གྱི་ད་ལྟའི་འབྲེལ་བ་དང་ཨ་རི་དང་རྒྱ་ནག་གཉིས་ཀྱི་ད་ལྟའི་ལབྲེལ་བ། དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་གནས་བབས་བཅས་ཀྱི་ཐོག་བོད་རྒྱ་ཞི་མོལ་ཡོང་ཐབས་ཐད་བཀའ་བསྡུར་གནང་གི་ཡོད་པ་རེད།གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ད་རེས་ཀྱི་ཚོགས་འདུའི་ཐོག་སྐུ་འདས་གྲོངས་སུ་གྱུར་བ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དམ་པ་མཆོག་གི་སྐུ་ཚབ་ཏུ་ཚོགས་མི་བསྐོ་གཞག་གནང་འཆར་ཡོད་མེད་དང་། བོད་མིའི་ངོས་ནས་དེ་སྔ་འབྲེལ་མོལ་ཐེངས་ ༨ སྐབས་སུ་རྒྱ་ནག་ལ་ཕུལ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གཏང་སྲིད་མིན་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ད་ལྟའི་ཆར་ཚོགས་མི་གསར་པ་བསྐོར་གཞག་གནང་རྒྱུའི་འཆར་གཞི་གང་ཡང་མེད་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་འགྱུར་བ་གང་གནང་མེད་པ་ལྟར་དེར་གཞི་འཛིན་ཐོག་རྒྱ་ནག་དང་ལྷན་དུ་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཞེས་སོགས་གསུངས་ཡོད།གཞི་རྩའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་འདི་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐབས་སུ་ཕྱོགས་གཉིས་དབར་འབྲེལ་བ་དགོས་རྒྱུ་གལ་ཆེན་པོ་ཞིག་ཏུ་གཟིགས་ཏེ་ཕྱི་ལོ་ ༡༩༩༨ ལོར་ཆེད་བཙུགས་གནང་བ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་གཉིས་དབར་འབྲེལ་མོལ་ཐེངས་ ༩ བྱུང་ཡང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་སོན་མེད་པ་མ་ཟད། འབྲེལ་མོལ་སྣེ་ཁྲིད་གནང་མཁན་གཉིས་ཀྱང་ལས་གནས་ནས་དགོངས་ཞུ་གནང་རྗེས་ད་བར་འབྲེལ་མོལ་བསྐྱར་མཐུད་གནང་མ་ཐུབ་པར་དེ་མུར་ལྷག་ཡོད་པ་རེད། འོན་ཀྱང་སྲིད་སྐྱོང་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་གནང་རྒྱུ་དེ་གནད་དོན་གཙོ་གྲས་ཤིག་ལ་ངོས་འཛིན་བཞིན་ཡོད་པ་དང་བོད་མིའི་ཕྱོགས་ནས་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གཉིས་དབར་གྱི་འབྲེལ་མོལ་དུས་དང་ས་གནས་གང་ཞིག་ཏུ་གནང་ཡང་གྲ་སྒྲིག་ཨང་སར་ཡོད་སྐོར་གསུངས་ཡོད་པ་རེད།

ཁེ་ན་ཌའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་སུ་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩི།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡༣ ཉིན་ཁེ་ན་ཌའི་ Ontario མངའ་སྡེའི་གྲོས་ཚོགས་སུ་ལོ་ངོ་ ༦༠ རིང་གི་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩི་ཞུས་ཡོད་པ་ལྟར། དུས་སྟོན་དེའི་ཐོག་གྲོས་ཚོགས་འཐུས་མི་ ༤༠ ཙམ་ནས་ལྷན་ཞུགས་གནང་འདུགཁེ་ན་ཌའི་ Ontario མངའ་སྡེའི་གྲོས་ཚོགས་སུ་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་ཀྱི་གྲོགས་པོ་དང་ཨོན་ཊ་རོ་བོད་རིགས་སྤྱི་མཐུན་ཚོགས་པ། གངས་ལྗོངས་ཆོས་ལྡན་གླིང་། ས་གནས་བེུད་ལྷན་ཚོགས་དང་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ཆུ་བཞི་སྒང་དྲུག་བཅས་ཀྱིས་གོ་སྒྲིག་འོག་ Ontario མངའ་སྡེའི་གྲོས་ཚོགས་སུ་ལོ་ངོ་ ༦༠ རིང་གི་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་ཉིན་མོ་ཐེངས་བདུན་པ་སྲུང་བརྩི་ཞུས་འདུག་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་ ༤༠ ཙམ་ནས་དུས་སྟོན་དེའི་ཐོག་ལྷན་ཞུགས་གནང་བ་མ་ཟད། གྲོས་ཚོགས་འཐུས་མིའི་ལས་ཁུངས་ནང་ཕྱག་ལས་གནང་མཁན་གྱི་ལས་བྱེད་མང་དག་ཅིག་ཆེད་བཅར་གནང་འདུགའདུ་འཛོམས་དེའི་ཐོག་ཁེ་ན་ཌའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་བསོད་ནམས་ཆོས་སྐྱིད་ལགས་ཀྱིས་ལོ་ངོ་ ༦༠ རིང་གི་འགོ་རྒོལ་དང་འཐབ་རྩོད། བོད་ཀྱི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཞུ་སླད་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོས་ཞུམ་པ་མེད་པའི་ཐོག་ནས་ཞི་རྒོལ་གནང་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ཆེས་དམ་དྲག་གི་སྲིད་བྱུས་འོག་ཨ་མ་དང་ཨ་ཕ། དགེ་འདུན་པ་དང་བཙུན་མ། གཞོན་སྐྱེས་དང་ཕྲུ་གུ་བཅས་བོད་མི་ ༡༦༥ ནས་བོད་བསྟན་སྲིད་སྤྱིའི་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་ངོ་སྤྲོད་དང་འབྲེལ། ད་ཆ་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་མི་སྣ་སྟོང་ཕྲག་མང་པོས་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གཙོ་གནད་ཅིག་ཡིན་པ་དང་ང་ཚོ་བོད་དང་མཉམ་དུ་ཡོད་ཅེས་གསུང་བཞིན་ཡོད་པ་ལྟར་བོད་དེ་དུས་ད་ལྟའང་ཆེས་དམ་དྲག་གི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་མ་ཟད། ལྷག་དོན་སྐུ་ལུས་ཞུགས་འབུལ་གྱི་གནད་དོན་འབྱུང་བཞིན་ཡོད་པ་དང་འདི་བཞིན་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་རྒྱུར་དཀཀ་འགོག་བྱེད་མུས་ཡིན་སྟབས་ཁྱེད་རྣམས་ནས་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་དང་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་སྟེ་བཞེངས་པ་ནི་ནོར་མེད་པ་རེད་ཅེས་གསུངས་འདུག

བཙུན་མ་གཉིས་ལ་ཨེ་མོ་རི་གཙུག་ལག་ཁང་ནས་ཚན་རིག་གི་ཆེས་ཐོག་མའི་ཕྱག་འཁྱེར་ཐོབ་པ།

ཨ་རིའི་ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༠ ལོར་དབུ་འཛུགས་ཀྱིས་བོད་པའི་གདན་ས་ཁག་ནས་ནང་པའི་དགེ་འདུན་པ་དྲུག་ལ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་བསྟན་འཛིན་རྒྱ་མཚོའི་ཚན་རིག་སློབ་ཡོན་མཚན་བྱང་འོག་ཚན་རིག་ཐོག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་གནང་གི་ཡོད་པ་ལྟར། ཁ་ཉིན་ཚེས་ ༡༣ ཉིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་སྐབས་བཞི་པའི་ཚན་རིག་སློབ་ཐོན་གྱི་མཛད་སྒོ་ཚོགས་ཤིག་ཡོད་པ་རེད། སྐབས་དེར་ནང་པའི་དགེ་འདུན་པ་བཞི་དང་ལྷན་དུ་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་གཉིས་བཅས་ནས་མཉམ་ཞུགས་ཀྱིས་སློབ་ཐོན་ཕྱག་འཁྱེར་བཞེས་ཡོད་པ་དང་དེ་ནི་ལས་འཆར་དེའི་ནང་བཙུན་མས་ལྷན་ཞུགས་གནང་བ་ཆེས་ཐོག་མ་ཡིན་པ་རེད།  རླུང་འཕྲིན་ཁང་གིས་ལས་རིམ་དེའི་ནང་མཉམ་ཞུགས་གནང་མཁན་བཙུན་མ་ཐུབ་བསྟན་སྒྲོལ་མ་ལགས་དང་བསྟན་འཛིན་ཆོས་དབྱངས་ལགས་རྣམ་གཉིས་ལ་ཕྱི་རྒྱལ་གྱི་སློབ་ཕྲུག་དམངས་དང་ལྷན་དེང་དུས་དང་མཐུན་པའི་ཚན་རིག་སློབ་སྦྱོང་གནང་རྒྱུའི་གོ་སྐབས་དེའི་བརྒྱུད་མྱོང་ཚོར་གང་བྱུང་མིན་ཐོག་བཅར་འདྲི་ཁག་ཅིག་ཞུས་ཡོད།རྩ་བའི་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར་དེའི་འོག་ཕྱི་ལོ་  ༢༠༡༠ ལོར་སྐབས་དང་པོའི་ནང་པའི་དགེ་འདུན་པ་དྲུག་ཨེ་མོ་རི་མཐོ་སློབ་ཏུ་ལོ་གསུམ་གྱི་རིང་ཚན་རིག་སློབ་སྦྱོང་གནང་ཕྱིར་ཕེབས་ཡོད་པ་དང་དེ་ནས་རིམ་པས་ཚན་རིག་ཐོག་སློབ་སྦྱོང་གནང་རྒྱུ་དབུ་འཛུགས་གནང་དོན་ལྟར་ད་ལན་སྐབས་བཞི་པ་དེ་ཆགས་ཀྱི་ཡོད་པ་རེད། ཐེངས་འདིའི་ལས་འཆར་ནང་བཙུན་མས་ཆ་ཤས་བཞེས་པ་ད་རེས་འདི་ཆེས་ཐོག་མ་ཆགས་ཀྱི་ཡོད་སྟབས། ད་བར་ཨེ་མོ་རི་ནས་གྲྭ་བཙུན་ཁྱོན་ ༢༤ སློབ་ཐོན་སོན་ཡོད་པ་རེད།ཨེ་མོ་རིར་ལོ་གཉིས་ཀྱི་རིང་སློབ་སྦྱོང་གནང་རྒྱུའི་བརྒྱུད་རིམ་ཁྲོད་བཙུན་མ་ཁོང་གཉིས་ནས་གཙོ་བོ་སྐྱེས་དངོས་ཚན་རིག་དང་དེང་དུས་སེམས་ཁམས་རིག་པ། དེ་བཞིན་ཚན་རིག་སྤྱི་ཡོངས་ཐོག་སློབ་གཉེར་གནང་འདུག་པ་དང་།  དེའི་ནང་ནས་བཙུན་མ་བསྟན་འཛིན་ཆོས་དབྱངས་ལགས་ལ་མཚོན་ན་ཐོག་མའི་འཆར་གཞིར་དབང་རྩའི་ཚན་རིག་ཐོག་སློབ་སྦྱོང་གཏིང་ཟབ་གནང་རྒྱུ་རེད་འདུག་ཀྱང་། སློབ་ཚན་བྱེ་བྲག་པའི་ཐོག་རྨང་གཞི་དེ་ཙམ་མེད་རྐྱེན་ཁོང་གི་ཐུགས་འདོད་ལྟར་སློབ་ཚན་དེའི་ཐོག་སློབ་གཉེར་གནང་ཐུབ་མེད་པ་རེད།དེ་བཞིན་བཙུན་མ་ཐུབ་བསྟན་སྒྲོལ་མ་ལགས་ནས་ཀྱང་ཐོག་མ་ཨེ་མོ་རིར་ཕེབས་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་སློབ་སྦྱོང་གཏིང་ཟབ་གནང་རྒྱུའི་འཆར་གཞི་ཡོད་ཀྱང་། སྐབས་དེར་ཚད་རྡུལ་དངོས་ཁམས་རིག་པའི་སློབ་ཚན་དང་ལྷན་དུ་གཞན་སློབ་ཚན་མང་པོ་ཞིག་གི་ཐོག་སློབ་གཉེར་གནང་དགོས་སྟབས་དེའི་ཐོག་དུས་ཚོད་འཕར་མ་གནང་ཐུབ་མེད་སྐོར་འགྲེལ་བརྗོད་གནང་སོང་བ་དང་མ་འོངས་ལས་འཆར་དེའི་ཐོག་ནས་ཕེབས་མཁན་གྲྭ་བཙུན་རྣམས་ནས་སློབ་ཚན་འདམ་ཕྱོགས་ཐད་དོ་སྣང་དམིགས་བསལ་གནང་དགོས་པའི་སྐུལ་མ་གནང་ཡོད།སྐབས་བཞི་པའི་ཨེ་མོ་རིར་ཚན་རིག་སློབ་སྦྱོང་གནང་རྒྱུའི་ལས་འཆར་དེ་ཁ་ཉིན་མཇུག་སྒྲིལ་གནང་ཡོད་པ་དང་། བཙུན་མ་ཁོང་གཉིས་རིང་མིན་ཟླ་ ༥ ཚེས་ ༢༠ ཉིན་ཨ་རི་ནས་རྒྱ་གར་ལ་ཕྱིར་ཕེབས་གནང་གི་འདུག

རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་འཚོགས་གཏན་ཁེལ་བ།

བོད་ཀྱི་ཟློས་གར་ཚོགས་པ་ནས་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བར་བཞུགས་སྒར་དྷ་རྨ་ས་ལར་ཉིན་གྲངས་གསུམ་གྱི་རིང་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཐེངས་དང་པོ་སྐོང་ཚོགས་གནང་བ་བརྒྱུད་ནས་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་སོང་།དེ་རིང་སྔ་དྲོ་ཚོུད་ ༡༡ ཐོག་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས་རྣམ་གཉིས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་གནང་སྟེ་འདི་ལོ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་གྱི་ཡོད་པ་དང་བསྟུན་ཟློས་གར་ཚོགས་པའི་འགན་ལྷན་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་ཚོགས་ཁང་གསར་པ་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་མ་ཟད། སྐབས་དེར་ཟློས་གར་འགན་ལྷན་ཡོངས་ཀྱི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་རིག་གནས་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད།ལྷག་དོན་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ ༣༡ བཅས་ཉིན་གྲངས་གསུམ་གྱི་རིང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིག་གཞུང་ཐོག་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་ཆེས་ཐོག་མ་དེ་སྐོང་ཚོགས་གནང་རྒྱུ་དང་དེ་བཞིན་བོད་ཀྱི་ཟློས་གར་དགེ་ལས་དང་ཟློས་ཟུར་རྣམས་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ་ཡོང་སླད་གཞུང་འབྲེལ་གྱི་ཟློས་ཟུར་ཚོགས་པ་ཞིག་ཀྱང་གསར་འཛུགས་གནང་རྒྱུ་རེད་འདུགསྐབས་དེར་ཟློས་གར་འགན་འཛིན་ངག་དབང་ཡོན་ཏན་ལགས་ཀྱིས་རྒྱལ་སྤྱིའི་སྒྱུ་རྩལ་མཁས་པའི་ལྷན་ཚོགས་དེའི་སྐོར་ངོ་སྤྲོད་དང་འབྲེལ། འཛམ་གླིང་ཤར་ནུབ་ཡུལ་གྲུ་ཁག་བདུན་ནས་སྒྱུ་རྩལ་མཁས་དབང་ཕྱི་རྒྱལ་བ་གྲངས་ ༡༩ དང་དེ་བཞིན་རྒྱ་གར་དང་བལ་ཡུལ་གཉིས་ནས་སྒྱུ་རྩལ་མཁས་པ་གྲངས་ ༧ བཅས་གཙོ་བོར་གྱུར་པའི་དེ་མིན་སྒྱུ་རྩལ་བ་གཞན་ཁག་ཅིག་ནས་བོད་ཀྱི་ཐུན་མིན་སྒྱུ་རྩལ་རིག་གཞུང་ཐད་རྩོམ་ཡིག་སྤེལ་ཐོག་དེ་དག་ཕྱིས་སུ་ལྷན་ཚོགས་མཇུག་སྒྲིལ་སྐབས་སྙན་ཐོ་ཞིག་འདོན་སྤེལ་གནང་རྒྱུ་ཡིན་པར་གསུངས་ཡོད།དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པ་འདི་ཐོག་མར་བོད་ནས་ཕེབས་པའི་སྒྱུ་རྩལ་བ་མི་གྲངས་ ༢༧ ཙམ་གྱིས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། རིམ་པས་རྒྱ་སྐྱེད་ཕྱིན་ནས་འདས་པའི་ལོ་ངོ་ ༦༠ རིང་ལ་གང་ཐུབ་ཅི་ཐུབ་ཀྱིས་སྤུས་ཚད་ལྡན་པའི་འཁྲབ་སྟོན་གནང་བ་བརྒྱུད་འཛམ་གླིང་སྤྱི་ཡོངས་ལ་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་གཟིགས་འབུལ་ཞུས་ཏེ་རིག་གཞུང་གོམས་སྲོལ་དང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་བཞིན་པར་ད་ལྟའི་ཟློས་གར་གྱི་དགེ་ལས་སློབ་ཕྲུག་དང་ལྷག་དོན་ཟློས་ཟུར་ཡོངས་ལ་ཡི་རང་བསྔགས་བརྗོད་ཞུས་པ་དང་འབྲེལ། བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་དུས་སྟོན་རྒྱས་པའི་ཐོག་འཛམ་གླིང་ཤར་ནུབ་ཡུལ་གྲུ་དང་དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གནས་བཞིན་པའི་ཟློས་ཟུར་དང་དེ་བཞིན་ད་ཆ་སློབ་གྲྭ་ཁག་ཏུ་ཟློས་དགེའི་ཕྱག་ལས་གནང་བཞིན་པ་རྣམས་ནས་མཉམ་ཞུགས་ཡོང་བར་འབོད་སྐུལ་གནང་སོང་།རྩ་བའི་འདི་ལོའི་དུས་སྟོན་ཐོག་བོད་པའི་སྒྱུ་རྩལ་མི་སྣ་བཅུ་ལ་འཁྲབ་སྟོན་གནང་རྒྱུའི་དམིགས་བསལ་གོ་སྐབས་གནང་རྒྱུ་རེད་འདུག

བལ་གཞུང་གིས་ནང་བསྟན་སློབ་གཉེར་བ་ ༣༨༠ བརྒལ་བར་སློབ་མཐར་སོན་པའི་གཟེངས་བསྟོད་གནང་བ།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་རིས་མེད་ནང་པའི་དགོན་སྡེ་ཁག་གི་དགེ་བཤེས་དང་མཁན་པོ། སློབ་དཔོན། དཔེ་ཁྲིད་དགེ་རྒན། གསང་སྔགས་ཉམས་ལེན་པ།  དེ་བཞིན་སིངྒ་ལ་དང་ཐེ་ལན་ཌི་བཅས་ནང་སློབ་ཉེར་གནང་བའི་གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་བཅས་ཁྱོན་སེར་སྐྱ་མང་ཚོགས་ ༣༨༠ ལ་བལ་ཡུལ་ནང་སྲིད་བློན་ཆེན་མཆོག་ནས་ནང་པའི་གཞུང་ལ་སློབ་གཉེར་མཐར་ཕྱིན་པར་ངོས་འཛིན་གནང་སྟེ་ཆེ་བསྟོད་ཕྱག་འཁྱེར་བསྩལ་འདུག བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དེ་ནི་བལ་ཡུལ་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་ནང་པའི་ལྟ་གྲུབ་གོང་འཕེལ་དང་དགོན་པ་ཡར་རྒྱས་ལྟ་རྟོག་ཚོགས་པས་བལ་ཡུལ་གཞུང་ལ་ཆོག་མཆན་ཞུས་དོན་བཞིན་སྔ་ལོ་ཕྱི་ལོ་ ༢༠༡༨ ལོར་ཆོས་འཁོར་དུས་ཆེན་ཉིན་ཐེངས་དང་པོར་བལ་ཡུལ་སྲིད་བློན་མཆོག་གི་ཕྱག་ནས་གནང་ཡོད་པ་དང་། ད་ལོ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུགགཟེངས་བསྟོད་ཕྱག་འཁྱེར་དེ་ཐོབ་པར་བལ་ཡུལ་གྱི་མི་སེར་ལག་འཁྱེར་ཡོད་དགོས་པ་མ་ཟད་གདན་ས་གྲྭ་ཚང་སོགས་རང་གི་ཁྱབ་ཁོངས་དགོན་སྡེ་སོ་སོ་ནས་བསླབ་པ་མཐར་སོན་གྱི་ངོས་འཛིན་ཕྱག་འཁྱེར་གནང་བ་དེར་གཞིར་བཞག་ནས་གནང་གི་ཡོད་པ་རེད་འདུག སྔ་ལོར་འདི་ལོའི་གཟེངས་བསྟོད་ཕྱག་འཁྱེར་བཞེས་མཁན་ཁོངས་སུ་གདན་ས་གྲྭ་ཚང་ཁག་ནས་ཕེབས་པའི་དཔེ་ཁྲིད་དགེ་རྒན་དང་དེ་བཞིན་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་དང་རྣམ་གྲོལ་གླིང་སོགས་རིས་མེད་དགོན་སྡེ་ཁག་ནང་སློབ་གཉེར་གནང་མྱོང་པའི་བལ་པོའི་མི་ཁོངས་ཡིན་པ་རྣམས་ཡོད་པ་རེད། སྤྱིར་བལ་ཡུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་ནང་ཆོས་དར་སའི་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་ཀྱང་དེང་སྐབས་བལ་ཡུལ་གྱི་མི་འབོར་བརྒྱ་ཆ་ ༨༢ ནི་ཧིཾ་དུ་དང་བརྒྱ་ཆ་ ༩  ནང་པ། བརྒྱ་ཆ་ ༤ ཡེ་ཤུ། དེ་བཞིན་བརྒྱ་ཆ་ ༣  བལ་ཡུལ་གྱི་གདོད་མའི་ཆོས་ལུགས་རྗེས་འབྲང་པ་རེད་འདུག དེ་སྔ་བོད་ལ་དུས་འགྱུར་མ་བྱུང་གོང་དུ་བལ་ཡུལ་ནང་ནང་པའི་ལྟ་གྲུབ་ཐོག་སློབ་གཉེར་གནང་སའི་དགོན་སྡེ་ཧ་ལམ་མེད་པ་རེད། བོད་ལ་དུས་འགྱུར་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་བླ་ཆེན་རྣམས་བཙན་བྱོལ་ལ་ཕེབས་པ་དང་ཆབས་ཅིག་ཏུ་བཤད་སྒྲུབ་ཀྱི་བསྟི་གནས་རིས་མེད་དགོན་སྡེ་ཁག་རྒྱ་བལ་འབྲུག་གསུམ་ནང་སླར་གསོ་གནང་བ་མ་ཟད། བལ་ཡུལ་དུའང་ནང་པའི་གཞུང་ལ་སློབ་གཉེར་གནང་སའི་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་གྱིས་མཚོན་པའི་རིས་མེད་དགོན་སྡེ་མང་དག་ཅིག་གི་ནང་གྲྭ་བཙུན་སྟོང་ཕྲག་གིས་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཆད་ཉན་གནང་བཞིན་ཡོད་པ་རེད། ལྷག་དོན་བལ་ཡུལ་གྱི་ཡུལ་མི་ཡིན་པའི་བུ་ཕྲུག་བརྒྱ་ཕྲག་མང་པོ་ཞིག་ཀྱང་རྒྱ་གར་ལྷོ་ཕྱོགས་དུ་རྟེན་གཞི་བྱས་པའི་གདན་ས་གསུམ་དང་རྣམ་གླིང་དགོན་པ་སོགས་ཆོས་བརྒྱུད་རིས་མེད་དགོན་སྡེ་ཁག་ཏུ་སློབ་གཉེར་གནང་དང་གནང་བཞིན་ཡོད་པ་ལྟར། སློབ་ཐོན་ཟིན་པ་རྣམས་ཀྱིས་དེང་སྐབས་བལ་ཡུལ་ནང་རང་གི་མི་རིགས་ལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་བཅས་ལ་བརྟེན་ནས་དེ་སྔ་ནང་པའི་རྒྱལ་ཁབ་ཡིན་པའི་བལ་ཡུལ་གྱི་མཚན་སྙན་སླར་གསོ་ཡོང་བར་དགེ་མཚན་མི་དམན་པ་བྱུང་ཡོད་པ་རེད།

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དང་འབྲེལ་བའི་དམིགས་བསལ་གླེང་མོལ།

ཕྱི་ཟླ་ ༥ ཚེས་ ༨ ནས་ ༡༠ བར་ཤར་ཡོ་རོབ་རྒྱལ་ཁབ་ལཊ་ཝི་ཡའི་རྒྱལ་ས་རི་གྷ་ནང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལཊ་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུས་པའི་འོག་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༧ པ་བསྐོང་ཚོགས་གནང་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་ཚོགས་ཆེན་མཇུག་སྒྲིལ་དང་བསྟུན་མཉམ་འབྲེལ་གྱིས་སྤྱི་བསྒྲགས་དོན་ཚན་ ༣༣ ལྷག་ཙམ་ཞིག་སྤེལ་ཡོད་པ་མ་ཟད། ནང་མོལ་གྱི་སྤྱི་བསྒྲགས་མ་གནང་བའི་ཐོག་མ་འོངས་པར་ལས་འཆར་སྤེལ་ཕྱོགས་འཆར་གཞི་བཅས་ཐག་གཅོད་གནང་འདུག ད་རེས་ཚོགས་ཆེན་ཐོག་ནས་བོད་དོན་ཐོག་ཡོངས་ཁྱབ་སྤྱི་བསྒྲགས་དོན་ཚན་ ༣༣ ལྷག་ཙམ་གྱི་གནད་དོན་གཙོ་གྲས་ཁག་ཏུ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐོག་རྒྱ་གཞུང་ལ་ཐོབ་ཐང་མེད་པ། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱབ་སྐྱོར་དང་སྦྲགས་ནས་ཕྱི་ལོ་ ༢༠༡༠ ནས་ཆད་པའི་བོད་རྒྱ་འབྲེལ་མོལ་དེ་ཡང་རྒྱ་གཞུང་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་རྒྱུན་མཐུད་དགོས་པ། ཨ་རིའི་གྲོས་ཚོགས་སུ་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཁྲིམས་འཆར་གཏན་འབེབས་གནང་དོན་ལྟར་རྒྱལ་ཁབ་གཞན་གྱི་ངོས་ནས་ཀྱང་གཅིག་མཚུངས་གནང་གནང་ཐུབ་དགོས་པ་གསལ་འདོན་དང་། ཚོགས་ཆེན་ཐོག་ནས་ད་དུང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཚོར་རྒྱ་གཞུང་གིས་ཞི་དྲག་གཉིས་ཀྱི་ཐོག་ནས་གནོན་ཤུགས་སྤྲད་པར་ལྟོས་མེད་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཚོས་ཚོགས་ཆེན་འདིར་བཅར་བ་མ་ཟད་བོད་མིའི་འཚེ་མེད་ཞི་བའི་ཐབས་རྩོད་ལ་གདུང་སེམས་བསྐྱེད་ཀྱི་རྒྱབ་སྐྱོར་དང་། ད་བར་རྒྱ་གཞུང་གིས་བོད་ནང་བོད་མིའི་ཆོས་དང་སྐད་ཡིག རིག་གཞུང་། ཁོར་ཡུག་རྩ་གཏོར། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རྡོལ་གཏོང་བཞིན་པའི་སྲིད་བྱུས་ཁག་ལ་ངོས་ལེན་ནམ་ཡང་མེད་པ་སོགས་ཆེད་བཀོད་གནང་ཡོད་པ་རེད།  རྩ་བའི་ཐེངས་འདིའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པའི་ཐོག་ཨོ་སི་ཊོ་ལི་ཡ་དང་ནིའུ་ཛ་ལན་ཌི། ཕ་རན་སི། རོ་མ་ནི་ཡ། ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐོ་ནི་ཡ། རྒྱ་གར། བལ་ཡུལ། ཅི་ལི། ལཊ་ཝི་ཡ། ཨིན་ཡུལ། དེ་བཞིན་སི་ཁོཌ་ལན་ཌི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁྱོན་ ༢༥ དང་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་། འགྲོ་བ་མིའི་ཐོབ་ཐང་རྩེད་ལེན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས། དེ་བཞིན་སྐུ་ཚབ་དོན་གཅོད་སོགས་ཁྱོན་ཚོགས་བཅར་ ༡༠༠ མན་ནས་ལྷན་ཞུགས་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་ཚོར་ཉིན་གསུམ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨུ་རུ་སུའི་དད་ལྡན་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་མཆོག་གིས་དེ་རིང་བཞུགས་སྒར་དུ་ཉིན་གྲངས་གསུམ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་པ་དང་འབྲེལ། ༸གོང་ས་མཆོག་གིས་ཨུ་རུ་སུ་དེ་བཞིན་ས་བབས་ཀྱི་ཆ་ནས་ཨེ་ཤ་ཡ་དང་ཡོ་རོབ་དབར་མཐུད་ཁ་རྒྱག་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས་གནད་འགག་ཆེན་པོ་ཆགས་ཡོད་པར་ལམ་སྟོན་མཛད་སོང་།དེའང་ཨུ་རུ་སུའི་དད་ལྡན་སེར་སྐྱ་མི་མང་གིས་༸གོང་ས་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར་དེ་རིང་ཟླ་ ༥ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་སྐུལ་བ་པོས་གཙོས་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་ལྷག་ལ་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་དབུ་འཛུགས་བསྐྱངས་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ཐོག་མར་ཨུ་རུ་སུ་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ཀྱིས་གཙོས་པའི་ཕྱི་ནང་གི་ཆོས་ཞུ་བ་ཚོར་དགའ་བསུའི་འཚམས་འདྲི་བསྩལ་བ་སྦྲགས། བཀའ་ཆོས་དངོས་གཞི་དབུ་འཛུགས་མ་མཛད་གོང་དུ་སངས་རྒྱས་ཀྱིས་མདོའི་ནང་སངས་ཀྱི་བསྟན་པ་བྱང་ནས་བྱང་དུ་དར་ཞེས་གསུངས་པ་ལྟར་སངས་རྒྱས་པའི་བསྟན་པ་དེ་བོད་ནས་ཆེན་པོ་ཧོར་གྱི་ཡུལ་དུ་དར་ཁྱབ་ཆེན་པོ་བྱུང་ཡོད་པ་དང་། འདས་པའི་ལོ་སྟོང་ཕྲག་གི་རིང་ལ་ས་ཁུལ་དེ་དག་ནས་མཁས་པའི་དབང་པོ་སྟོང་ཕྲག་མང་པོ་ཐོན་ཡོད་པ་མ་ཟད། ནང་པའི་གཞུང་ཆེན་དག་གི་ཐོག་ལེགས་སྐྱེས་འབུལ་མཁན་མང་པོ་བྱུང་ཡོད་པ་ལྟར་༸གང་ཉིད་མཆོག་ནས་ཀྱང་ཁོང་རྣམ་པས་ལྗགས་རྩོམ་གནང་བའི་གཞུང་མང་པོར་གཟིགས་མྱོང་ཡོད་པ་དང་དེས་ཐུགས་ཕན་གསོས་པོ་བྱུང་ཞེས་བཀའ་བསྩལ་ཡོད།དེ་བཞིན་༸གོང་ས་མཆོག་གིས་དེ་སྔ་སོག་པོའི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ལོ་ཤས་རིང་ Latvia རྒྱལ་ས་ Riga ནང་བཀའ་ཆོས་བསྩལ་ཡོད་ཀྱང་། ད་ཆ་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་རྐྱེན་པས་ཐག་རིང་གི་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་མཛད་རྒྱུར་༸སྐུ་ངལ་ཆེན་པོ་འཕྲད་མུས་ཡིན་པ་བཞིན་ཐེངས་འདིའི་བཀའ་ཆོས་འདི་དང་ཐོག་ལྡི་ལིར་བསྩལ་རྒྱུའི་དགོངས་པ་ཡོད་པ་དང་། བར་སྐབས་ཤིག་ནས་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་བདེ་མིན་རྐྱེན་གྱིས་ལྡི་ལིར་ཛ་དྲག་གྱི་སྨན་བཅོས་གནང་བར་ཕེབས་དགོས་བྱུང་ཡོད་སྟབས། བཞུགས་སྒར་དུ་ཐེངས་འདིའི་བཀའ་ཆོས་བསྩལ་རྒྱུར་ཐུགས་གཏན་ཁེལ་བ་ཞིག་ཡིན་པ་དང་། ད་ལྟའི་ཆར་ལྡི་ལིར་ཚ་བ་ཆེན་པོ་ཡོད་པ་དང་མཁའ་རླུང་གཙང་མ་མེད་པས་དྷ་སར་ཚ་དྲོད་སྙོམས་པ་དང་མཁའ་རླུང་གཙང་མ་ཡོད་སྟབས་ཆོས་ཞུ་བ་ཚོ་སྐྱིད་པོ་ཡོང་བར་ཐུགས་རེ་ཡོད་ཅེས་བཀའ་བསྩལ་ཡོད།༸སྐུའི་འཕྲོད་བཞེས་རྐྱེན་པའི་གསོལ་ཇའི་བར་གསེང་གི་མཚམས་ནས་༸སྐུ་བཅར་ཞབས་ཞུ་བ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མུ་མཐུད་རྒྱུད་བླ་མའི་བཀའ་ཆོས་བསྩལ་ཡོད་པ་རེད།༸གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་འདི་གཏན་ཚིགས་རིག་པར་བརྟེན་ནས་འགྲོ་དགོས་པ་ལས་ལུང་ཙམ་ལ་ཡིད་ཆེས་གནང་ནས་འགྲོ་རྒྱུ་ཞིག་མིན་པ་དང་། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། ། སྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་སངས་རྒྱས་ཀྱིས་ཆོས་གང་བསྟན་པ་དེར་དད་པ་ཙམ་མིན་པར་དཔྱད་པའི་ཐོག་ནས་རྗེས་སུ་འཇུག་དགོས་སྐོར་བཀའ་བསྩལ་ཡོད་པ་ལྟར། དེ་ནི་བདག་ཅག་གི་སྟོན་པ་སང་རྒྱས་ཤཱཀྱ་ཐུབ་པ་ཁོ་ན་མ་གཏོགས་གཞན་སྟོན་པ་སུ་གང་ཡང་མེད་པར་བཀའ་ནན་བསྩལ་བ་དང་ཆབས་ཅིག དེང་གི་དུས་རབས་ཉེར་གཅིག་འདིའི་ནང་ཚན་རིག་དང་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་བགྲོ་གླེང་གནང་རྒྱུ་ཡོད་པའི་ཆོས་བརྒྱུད་གཅིག་པོ་ནི་སངས་རྒྱས་ཆོས་ཉག་གཅིག་ཡིན་པར་བཀའ་བསྩལ་མཛད་སོང་།ནང་པ་ཚོས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་གནང་དགོས་པ་དང་སངས་རྒྱས་པའི་ཆོས་འདི་དེང་གི་འཛམ་གླིང་དང་འབྲེལ་བ་གང་འདྲ་ཆགས་ཀྱི་ཡོད་མེད། ལྷག་དོན་ལྟ་གྲུབ་ཀྱི་ཐོག་ནས་ཚན་རིག་དང་འབྲེལ་བ་ཇི་ཆགས་སྐོར་ལ་སློབ་གཉེར་གནང་དགོས་པ། བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་དགོས་ཚེ་ལག་ལེན་སྤྱོད་པའི་ཐོག་ནས་འཚེ་བ་མེད་པ་དང་བསམ་པའི་ཐོག་ནས་སྙིང་རྗེའམ་ཀ་རུ་ཎཱ་གཉིས་པོ་ནི་མེད་ཐབས་མེད་པ་ཞིག་ཡིན་པར་ལམ་སྟོན་བཀྲིན་བསྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་འཕྲོད་བཞེས་བདེ་མིན་རྐྱེན་པས་༸སྐུ་ངལ་གསོ་བཞུགས་མཛད་ཕྱིར་དེ་རིང་གི་གསོལ་ཇའི་བར་གསེང་མཚམས་ནས་༸སྐུ་བཅར་ཞབས་ཞུ་བ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མུ་མཐུད་ཆོས་འབྲེལ་བསྐྱངས་ཡོད་པ་དང་། ཐེངས་འདིའི་ཆོས་འབྲེལ་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༦༣ ནས་ཆོས་ཞུ་བ་ཞལ་གྲངས་ ༨༠༠༠ ལྷག་དང་རུ་སུའི་མི་རིགས་ ༡༡༢༠ ཕེབས་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་རིགས་  ༡༥ བཅས་བཅར་འདུགཉིན་གྲངས་གསུམ་གྱི་ཆོས་འབྲེལ་དེ་སྔ་དྲོ་ཚོུད་ ༩་༠༠ ནས་ ༡༡༌༣༠  བར་ཡིན་པ་དང་དབྱིན་སྐད་དང་སོག་སྐད། རྒྱ་སྐད། ཀོ་རི་ཡའི་སྐད་སོགས་སྐད་རིགས་མི་འདྲ་བ་བཅིུས་ཐོག་གསུང་སྒྱུར་གནང་བཞིན་འདུག ༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་རྐྱེན་པས་མགོན་པོ་མཆོག་ནས་གསོལ་ཇའི་བར་གསེང་བར་དུ་བཀའ་ཆོས་བསྩལ་ཐུབ་མེད་སྟབས། ཆོས་ཞུ་བ་མང་ཚོགས་ཁྲོད་ནས་བློ་འཚབ་ཆེན་པོ་གནང་བཞིན་འདུག

Latest news