Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ནཱག་པུར་ནས་ཅ་ཏི་སི་གྷར་བར་གྱི་ཞི་བའི་གོམ་བགྲོད་མཇུག་སྒྲིལ།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པའི་དགོས་འདུན་འོག་ཟླ་བ་སྔོན་མའི་ཚེས་ ༢༥ ཉིན་གཞི་རྒྱ་ཆེ་བའི་གོམ་བགྲོད་ཅིག་རྒྱ་གར་གྱི་ས་གནས་ཁག་ལྔ་ནས་འགོ་བཙུགས་གནང་ཞིང་། དེ་འབྲེལ་ལྟར་རྒྱ་གར་མ་ཧ་རཤ་ཊ་རཱ་མངའ་སྡེིའི་ནཱག་པུར་གྲོང་ཁྱེར་ནས་ཅ་ཏི་སི་གྷར་བར་གྱི་གོམ་བགྲོད་དེ་ཁ་སྔོན་ཚེས་ ༦ ཉིན་མཇུག་སྒྲིལ་གནང་འདུག སྤྱིར་ནཱག་པུར་ནས་ཅ་ཏི་སི་གྷར་བར་དུ་སྤྱི་ལེ་ ༢༨༣ ལྷག་ཡོད་པས། གོམ་བགྲོད་པ་རྣམས་ཀྱིས་ཉིན་རེར་སྤྱི་ལེ་ ༢༠ ལྷག་ཙམ་གོམ་བགྲོད་གནང་སྟེ་ཁྱོན་ཉིན་གྲངས་ ༡༢ ཙམ་གྱི་རིང་གོམ་བགྲོད་བྱས་ཡོད་པ་རེད་འདུག གོམ་བགྲོད་དེའི་ནང་བྷན་རྡ་ར་ནོར་རྒྱས་གླིང་དང་། མེན་པཊ་ཕན་བདེ་གླིང་། དེ་བཞིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་མང་ཚོགས་ཁྱོན་ ༡༣༠ ལྷག་གིས་མཉམ་ཞུགས་གནང་འདུག་པ་དང་། མཉམ་ཞུགས་པ་དེའི་ཁྲོད་ལོ་ན་རྒན་ཤོས་དེ་ ༨༡ དང་ལོ་ན་ཆུང་ཤོས་དེ་ ༡༧ ཆགས་ཀྱི་ཡོད་པ་རེད། དེ་བཞིན་གོམ་བགྲོད་དེའི་རིང་གོམ་བགྲོད་པ་རྣམས་ནས་རྒྱ་གར་ས་གནས་ཁག་གི་དཔོན་རིགས་ལ་ཐུག་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས་གནང་བ་མ་ཟད། ཁ་སྔོན་གོམ་བགྲོད་མཇུག་སྒྲིལ་གྱི་མཛད་སྒོ་དེ་ཅཱ་ཏི་སི་གྷར་གྱི་རྒྱལ་ས་ར་ཡི་པུར་ནང་ཚོགས་ཤིང་། མཛད་སྒོར་རྒྱ་གར་ས་གནས་གྲོས་ཚོགས་འཐུས་མི་དང་། བྷན་རྡ་རཱ་ས་གནས་ལས་ཁུངས་ཀྱི་སྐུ་ཚབ། དེ་བཞིན་ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་ཁག་ཕེབས་པ་དང་སྦྲགས། བོད་ཀྱི་བདེན་མཐའ་མྱུར་ཏུ་གསལ་རྒྱུ་དང་། ༸རིན་པོ་ཆེ་གློད་བཀྲོལ་དགོས་པའི་དགོས་འདུན་གྱིས་གཏམ་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་གོམ་བགྲོད་སྣེ་ཁྲིད་པ་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་སྒྲོལ་མ་ཚེ་རིང་ལགས་སུ་གོམ་བགྲོད་སྤྱི་ཡོངས་གང་འདྲ་གྲུབ་མིན་དང་གོམ་བགྲོད་དེའི་ཁྲོད་བོད་དོན་དྲིལ་བསྒྲགས་ག་ཚོད་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ད་རེས་ཚ་དྲོད་ཧ་ཅང་ཆེ་ནའང་། གོམ་བགྲོད་པ་རྣམས་སེམས་ཤུགས་མ་ཆགས་པར་རྒྱ་གར་གྱི་ས་གནས་ཁག་ཏུ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་འབྲེལ་བོད་དོན་དྲིལ་བསྒྲགས་ཧ་ཅང་ཡག་པོ་གནང་ཐུབ་པར་སྤོབས་པ་ཡོད་སྐོར་གསུངས་སོང་། རྩ་བའི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་གཞི་རྒྱ་ཆེ་བའི་གོམ་བགྲོད་དེ་ཟླ་ ༤ པའི་ཚེས་ ༢༥ ནས་རྡེ་ར་རྡུན་ནས་ལྡི་ལི་དང་། གྷང་ཏོག་ནས་ས་ལུ་གྷ་ར། དེ་བཞིན་མེ་སོར་ནས་བྷེང་ལོར། ནཱག་པུར་ནས་ཅ་ཏི་སི་གྷར། རྡ་རམ་ས་ལ་ནས་ཅན་རྡི་གྷར་བཅས་ས་གནས་ཁག་ལྔ་ནས་འགོ་བཙུགས་ཏེ་ད་ཆ་གོམ་བགྲོད་ཡོངས་སུ་མཇུག་སྒྲིལ་བྱུང་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས།

ཁ་ཉིན་ཕྱི་ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཡོ་རོབ་ Baltic མངའ་ཁུལ་གྱི་རྒྱལ་ས་ Lithuania ནང་ཕེབས་འབྱོར་གྱིས་ཁ་སང་ Lithuania གྲོས་ཚོགས་འཐུས་མིའི་ཆབ་སྲིད་ཚོགས་པ་བཞི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ངོ་སྤྲོད་གནང་བ་དང་། དེང་སྐབས་ཡོ་རོབ་ཁུལ་དུ་སྤེལ་བཞིན་པའི་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་བྱུས་དང་འབྲེལ། དེ་སྔ་རྒྱ་ནག་གིས་བོད་ནང་ཐོག་མར་གཞུང་ལམ་གསར་རྒྱག་དང་དེ་རྗེས་ལམ་དེའི་ཐོག་དམག་མི་དང་དམག་དོན་འཕྲུལ་ཆས་འོར་འདྲེན་བྱས་ཏེ་བོད་བཙན་བཟུང་བྱས་པའི་དེ་བྱུང་དེ་དཔེ་མཚོན་ཞིག་ཡིན་སྟབས་དེང་སྐབས་ཀྱི་སྲིད་བྱུས་གསར་པ་དེར་དོགས་ཟོན་གནང་དགོས་གལ་ཡིན་པ་དང་། ལྷག་པར་དུ་དེ་སྔ་ཨུ་རུ་སུའི་དབང་སྒྱུར་འོག་ Baltic མངའ་ཁུལ་གྱི་ Estonia དང་། Latvia དེ་བཞིན་ Lithuania བཅས་རྒྱལ་ཁབ་གསུམ་ལ་དཀའ་ངལ་འཕྲད་མྱོང་ཡོད་པ་ལྟར། རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་ནང་གི་བོད་མི་ཚོ་དཀའ་སྡུག་དེ་ལྟར་མྱོང་བཞིན་ཡོད་པ་ཆེས་གསལ་འདོན་གནང་ཐོག་ཅི་སྟེ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སོགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཚེ་བོད་དོན་ཐོག་ངེས་པར་དུ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུགཨིན་ཡུལ་སྐུ་ཚབ་དོན་ཁང་གི་འབྲེལ་མཐུད་པ་བསྟན་འཛིན་ཀུན་དགའ་ལགས་སུ་དེ་འབྲེལ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་སྲིད་སྐྱོང་མཆོག་ Vilnius Institute for Policy Analysis ནས་མགྲོན་འབོད་གནང་བ་ལྟར་མཁས་དབང་དང་ཆབ་སྲིད་རིག་པར་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་མང་དག་ཅིག་འདུ་འཛོམས་གནང་སར་ཡོ་རོབ་ནང་དུ་རྒྱ་ནག་གི་ཆབ་སྲིད་ལས་འགུལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་སྐོར་གསུངས་སོང་། རྩ་བའི་སྲིད་སྐྱོང་མཆོག་ཐེངས་འདིའི་ཡོ་རོབ་ཁུལ་དུ་ཕེབས་དོན་གཙོ་བོ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༡༠ བར་ཡོ་རོབ་བྷལ་ཊིག་མངའ་ཁུལ་གྱི་ Estonia དང་ Lithuania བར་དུ་ཡོད་པའི་རྒྱལ་ས་ Latvia  འི་རྒྱལ་ས་རི་གྷ་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༧ པ་དེ་འཚོགས་གཏན་ཁེལ་ཡོད་པ་ལྟར་དེར་མཉམ་ཞུགས་གནང་ཆེད་ཁུལ་དེར་ཕེབས་པ་ཞིག་ཡིན་པ་དང་། སྲིད་སྐྱོང་མཆོག་ཚོགས་ཆེན་དེའི་ཆེད་དུ་དེ་རིང་ཉིན་རྒྱབ་ལཊ་ཝི་ཡ་ནས་རི་གྷར་ཕེབས་ཀྱི་འདུག པར་རིས་ཁག་བོད་མིའི་སྒྲིག་འཛུགས།

ང་རང་བོད་མི་དང་སྐྱབས་བཅོལ་བའི་ངོ་བོ་ཐོག་ནས་གཟེངས་རྟགས་བཞེས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་།

ཨ་རིར་གནས་བཞུགས་བོད་པའི་བོུ་དཀོན་མཆོག་སྒྲོལ་མ་ལགས་ཀྱིས་བཀོད་སྒྲིག་གནང་བའི་ Rolando’s Rights ཞེས་པའི་མུ་འབྲེལ་བརྙན་འཕྲིན་གྱི་ལེའུ་ལ་ཨ་རིའི་ཆེས་སྙན་གྲགས་ཆེ་བའི་གློག་བརྙན་གྱི་གཟེངས་རྟགས་ Emmy ཞེས་པ་དེ་ཐོབ་པར་ཁོང་གིས་རང་ཉིད་བོད་མི་ཞིག་དང་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་བཞེས་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་དཔག་མེད་བྱུང་ཞེས་གསུངས་སོང་།གཞི་རྩའི་ཉེ་ལམ་ཚེས་ ༤ ཉིན་ནིའུ་ཡོག་ནང་ཚོགས་པའི་ཨེ་མི་གཟེངས་རྟགས་ཐེངས་ ༦༢ པའི་ཐོག་དཀོན་མཆོག་སྒྲོལ་མ་ལགས་ནས་ནིའུ་ཡོག་གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ཀྱི་ཁྱབ་ཁོངས་ We Speak NYC ཞེས་པའི་ལས་རིམ་གྱི་ཕྱི་མི་གཞིས་སྤོའི་གནད་དོན་དང་འབྲེལ་མུ་འབྲེལ་བརྙན་འཕྲིན་ལེའུ་བདུན་ཅན་ཞིག་བཟོོས་ཡོད་པ་ལྟར་བརྙན་འཕྲིན་དེའི་ལེའུ་ Rolando’s Rights ལགནས་ཚུལ་དང་བཀོད་བྱུས་ཀྱི་སྡེ་ཚན་ཁོངས་ནས་ Emmy གཟེངས་རྟགས་ཐོབ་འདུགWe Speak NYC ཞེས་པའི་ལས་རིམ་དེ་ད་ཆ་གྲོང་སྡེའི་སྤྱི་ཁྱབ་ཁོངས་ཀྱི་ལས་རིམ་གཉིས་པ་ཡིན་པ་དང་། ལས་རིམ་དང་པོ་དེ་ We Are New York ཞེས་བརྗོད་ཀྱི་ཡོད་པ་རེད་འདུག ལས་རིམ་གཉིས་པ་མུ་འབྲེལ་བརྙན་འཕྲིན་ལེའུ་བདུན་ཅན་དེའི་ཁྲོད་བསོད་ནམས་ཀྱི་ཨ་མ་ལགས་ཞེས་པའི་ལེའུ་ཞིག་ཀྱང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་དཀོན་མཆོག་སྒྲོལ་མ་ལགས་སུ་མུ་འབྲེལ་བརྙན་འཕྲིན་སྐོར་བཅར་འདྲི་ཞུས་པར་ཁོང་གིས་ཁོང་རང་ཉིད་གཙོས་རུ་ཁག་ནས་ཕྱི་མི་གཞིས་སྤོ་ལ་སྐད་མི་ཤེས་པའི་དབང་གིས་དཀའ་ངལ་དུ་མ་འཕྲད་པའི་སྐོར་དང་། སྐྱབས་བཅོལ་བའི་ཐོབ་ཐང་སོགས་ཀྱི་གོ་རྟོགས་སྤེལ་ཐོག་སྐྱབས་བཅོལ་བའི་གནས་བབ་ལ་ཐུགས་ཕན་གསོས་པར་དགོངས་ནས་བརྙན་འཕྲིན་གྱི་ལེའུ་དེ་དག་བཟོས་ཡོད་སྐོར་དང་།  སྒོས་སུ་ཁོང་རང་ཉིད་ལ་མཚོན་ན་སོ་སོ་བོད་མི་ཞིག་དང་སྐྱབས་བཅོལ་བའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ད་རེས་ཨེ་མི་གཟེངས་རྟགས་བཞེས་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་དཔག་མེད་བྱུང་བ་གསུངས་སོང་།   དཀོན་མཆོག་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་ད་རེས་ཀྱི་གཟེངས་རྟགས་འདི་ནི་ནིའུ་ཡོག་ནང་ཕྱི་མི་གཞིས་སྤོ་ས་ཡ་ ༣ ལྷག་ཡོད་པ་རྣམས་ནས་རང་ཉིད་ཀྱི་ལས་དོན་འདྲ་མིན་གཉེར་ནས་ཨ་རིའི་ཡུལ་ལུང་དེ་བསྐྱར་དུ་རྒྱལ་ཁབ་ལེགས་ཤོས་ཤིག་ཏུ་གྱུར་ཐབས་གནང་བ་དང་ཕྱི་མི་གཞིས་སྤོ་ཁྲོད་ལོ་ན་རྒན་གྲས་རྣམས་ལ་ཨ་རི་ནང་མང་ཚོགས་དང་དཔུང་པ་མཉམ་གཤིབ་སྐྱོད་སླད་ཨིན་སྐད་སློབ་མཁན་རྣམས་ནས་ཐོན་ཁུངས་ཚད་ངེས་ཅན་ཞིག་གི་འོག་སེམས་ཤུགས་ཆེན་པོས་ སློབ་པ་དེའང་ཁོང་རྣམས་ཀྱི་ཆེད་དུ་ཡིན་སྐོར་གསུངས་པ་དང་བོད་རྒྱལ་ལོ་ཞེས་འབོད་ཚིག་བསྒྲགས་འདུག དཀོན་མཆོག་ལགས་ལ་ཨེ་མི་གློག་བརྙན་གཟེངས་རྟགས་ཀྱི་འདུ་འཛོམས་ཆེན་མོའི་ཐོག་བོད་རྒྱལ་ལོ་ཞེས་འབོད་དོན་ནི་ཁོང་གིས་༸གོང་ས་མཆོག་གི་ལམ་སྟོན་འོག་བོད་མི་རྒན་གྲས་རྣམས་ཀྱིས་རང་ཉིད་ཀྱི་ངོ་བོ་དང་།  རིག་གཞུང་སྲུང་སྐྱོབ་གནང་བར་སྐུ་ངལ་འཛེམས་མེད་ཀྱིས་ཕྱག་ལས་གནང་ཡོད་སྟབས། བོད་མིའི་གནད་དོན་དེ་འཛམ་གླིང་ཡོངས་ནང་དྲིལ་བསྒྲགས་ཐུབ་རྒྱུ་དང། ལྷག་དོན་རང་ཉིད་བོད་མི་ཞིག་ཡིན་པས་སྤོབས་པའི་ཐོག་ནས་དེ་ལྟར་བོས་ཡིན་ཞེས་གསུངས་ཡོད། གཞི་རྩའི་དཀོན་མཆོག་ལགས་བརྙན་འཕྲིན་ལེའུ་བདུན་ཅན་དེའི་བཟོ་སྐྲུན་པ་དང་བཀོད་སྒྲིག་གནང་མཁན་ཡིན་པ་དང་།  ཁོང་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་རྒྱ་གར་ནས་ཨ་རིར་གཞིས་སྤོ་གནང་འདུག ད་ཆ་ནིའུ་ཡོག་གི་གྲོང་སྡེ་སྤྱི་ཁྱབ་ཀྱི་ཁྱབ་ཁོངས་ཕྱི་མི་གཞིས་སྤོའི་ལས་རིམ་ We Speak NYC བརྒྱུད་སྐྱབས་བཅོལ་བར་ཨིན་ཇི་སློབ་ཁྲིད་གནང་གི་ཡོད་པ་དང་། དེ་སྔོན་ Oxford མཐོ་སློབ་ནས་ཕྱི་འབྲེལ་སློབ་ཚན་ཐོག་བསླབ་པ་མཐར་སོན་འདུག་པ་དང་། ད་ལྟའི་ཆར་ཁོང་ Virginia གཙུག་ལག་ཁང་དུ་ཁྲིམས་ཀྱི་སློབ་སྦྱོང་གནང་བཞིན་ཡོད་པ་རེད།

ཀ་སྦུག་ཐུག་པ་བཟོ་གྲྭ་གང་མགྱོགས་བསྐྱར་གསོ་གནང་རྒྱུ།

ཁ་སང་ཚེས་ ༥ ཉིན་དགུང་ལོ་དགུ་བཅུར་ཕེབས་པའི་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཀ་སྦུག་ཐུག་པ་བཟོ་གྲྭར་མེ་སྐྱོན་ཤོར་ཏེ་ཨ་སྒོར་བཞི་སྟོང་ལྷག་གི་གྱོང་གུད་ཕོག་འདུག བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་རྒྱ་གར་དུ་ཕེབས་མ་ཐག་ནས་བོད་དང་ས་ཐག་ཉེ་བའི་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ནུབ་བྷང་གྷལ་དུ་འཚོ་གཞི་བཅོས་ནས་ཐོག་མར་ཁོང་གིས་དེ་གར་ཁྲིམས་མཐུན་གྱི་ཐོག་ནས་ས་ཨེ་ཀར་གསུམ་ཙམ་ཉོས་ནས་བ་ཕྱུག་གི་འོ་ཞོ་བཙོང་ནས་འཚོ་བ་བསྐྱལ་ཡོད་པ་དང་། རིམ་བཞིན་ཕྱི་ལོ་ ༡༩༦༧ ནས་ཀ་སྦུག་ཏུ་ཐུག་པ་བཟོ་གྲྭ་ཞིག་བཙུགས་ཏེ་ཚོང་ལས་གཉེར་ཡོད་པར་བརྟེན། ཁོང་གི་རང་རྣམ་གྱི་ཕྱག་དེབ་ཞལ་བྱང་དུ་ཀ་ལིམ་སྦུག་གི་ཐུག་པ་ལས་བཟོ་བ་ཞེས་བཏགས་ཡོད་སྟབས། རྒྱལ་སྤྱིའི་སྟེང་ཁོང་གི་ཐུག་པ་བཟོ་གྲྭ་དེར་དོ་སྣང་བྱེད་མཁན་མང་དུ་ཕྱིན་ཡོད་པ་རེད། ཐེངས་འདིར་སྟབས་མ་ལེགས་པར་ཁོང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་པ་བཟོ་གྲྭར་མེ་སྐྱོན་བྱུང་རྗེས་བོད་མི་མང་པོས་སེམས་ཁྲལ་ཆེན་པོ་གནང་གི་ཡོད་པར་བརྟེན།  འདི་ག་གསར་ཁང་གིས་དེ་རིང་ཆེད་དུ་ཁོང་ལ་ཞལ་པར་བརྒྱུད་ནས་ད་ལྟའི་ཆར་ཐུག་པ་བཟོ་གྲྭའི་གནས་བབ་ཀྱི་སྐོར་ལ་བཀའ་འདྲི་ཁག་ཅིག་ཞུས་ཡོད།བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གིས་ཐུག་པ་བཟོ་ཁང་དེ་མི་ལོ་ལྔ་བཅུ་ལྷག་གི་ཁང་རྙིང་ཡིན་པར་བརྟེན་གློག་སྐུད་ལ་སྐྱོན་བྱུང་སྟེ་མེ་སྐྱོན་ཏོག་ཙམ་བྱུང་བ་ལས། གཞན་མི་ལ་གནོད་སྐྱོན་གང་ཡང་ཐེབས་མེད་པར་གསུངས་སོང་། མེ་སྐྱོན་གྱི་ཁྲོད་ནས་ཕལ་ཆེར་ཨ་སྒོར་སྟོང་བཞི་ལྷག་གི་གྱོང་གུད་ཕོག་ཡོད་པ་དང་དེ་བཞིན་གང་མགྱོགས་ཁང་པ་བསྐྱར་གསོ་གནང་ནས་མུ་མཐུད་དུ་ཐུག་པ་བཟོ་ལས་ཀྱི་ཚོང་ལས་དེ་བསྐྱར་དུ་དབུ་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག རྒྱ་ཆེ་མང་ཚོགས་ནས་ཐུགས་ཁྲེལ་གནང་མི་དགོས་པའི་འབོད་སྐུལ་གནང་ཡོད། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་ཀ་སྦུག་ཐུག་པ་བཟོ་གྲྭ་དེ་ ༡༩ ༦༧ ལོར་གསར་འཛུགས་གནང་བ་དང་། ཁྱིམ་ཚང་གི་འགྲོ་སོང་ཕུད་པའི་ཁེ་བཟང་ཏོག་ཙམ་ཞིག་རག་གི་ཡོད་པ་རེད། ད་ལྟའི་ཆར་ཐུག་པ་བཟོ་ལས་བ་མི་ཉི་ཤུ་ཙམ་འདུག རྩ་བའི་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་ཁྲོད་དུ་བོད་དབྱིན་རྒྱ་གསུམ་གྱི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གལ་གནད་ཆེ་བའི་མི་སྣ་ཞིག་ཡིན་པ་དང་། ཁོང་གི་རང་རྣམ་ཀ་ལིམ་སྦུག་གི་ཐུག་པ་ལས་བཟོ་བ་ཞེས་པ་དེ་ཕྱི་ལོ་ ༢༠༡༥ ལོར་ཐོག་མར་དབྱིན་ཡིག་ནང་པར་ཐོན་པ་དང་། དེ་རྗེས་ ༢༠༡༨ ལོར་ཤེས་རབ་དར་རྒྱས་ལགས་ཀྱིས་བོད་བསྒྱུར་ཞུས་ཡོད་པ་རེད། དཔེ་དེབ་དེར་ས་བཅད་གསུམ་ཡོད་པ་ནི། ཐོག་མང་བོད་འབངས་ཀྱིས་གོ་མཚོན་སྤྱད་ནས་རྒྱ་ནག་དང་ལྷན་དུ་འཐབ་རྩོད་གནང་བ། བར་དུ་བོད་མི་དག་གིས་རང་ས་ཤོར་ཏེ་བཙན་བྱོལ་དུ་ཡོང་ནས་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་གནང་བ། མཐའ་མར་རྒྱ་ནག་དང་ལྷན་དུ་བོད་རྒྱ་གྲོས་མོལ་ཡོང་ཐབས་ལ་འབད་པ་སོགས་ཀྱི་ཁུངས་བཙན་པའི་ལོ་རྒྱུས་ཕྱག་དེབ་ཅིག་ཆགས་ཡོད་པ་རེད།

པེ་རིས་ནང་བོད་ཀྱི་ཆོས་རིག་ངོ་སྤྲོད་ཀྱི་འགྲེམས་སྟོན་དང་བགྲོ་གླེང་གནང་བ།

ཡོ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་ས་པེ་རིས་ནང་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང། དེ་བཞིན་སྒྱུ་རྩལ་དང་བཅས་པ་ས་གནས་མང་ཚོགས་ཁྲོད་ངོ་སྤྲོད་ཞུ་ཕྱིར་བགྲོ་གླེང་དང་འགྲེམས་སྟོན་ཀྱི་ལས་རིམ་ཞིག་གཉེར་བཞིན་འདུགཟླ་བ་འདིའི་ཕྱི་ཚེས་ ༤ ནས་ ༡༢ བར་བོད་ཀྱི་ཆོས་དང་རིག་གཞུང་གི་འགྲེམས་སྟོན་ལས་རིམ་དེ་གཙོ་བོ་ཕ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཉིན་གྲངས་བཅུའི་རིང་བོད་མིའི་ཆོས་དང་རིག་གཞུང་ངོ་སྤྲོད་ཀྱི་ལས་རིམ་ཐོག་ཁུལ་དེའི་ས་གནས་མང་ཚོགས་ལ་བོད་ཀྱི་ཐོུང་མ་ཡིན་པའི་ཐང་བྲིས་སྒྱུ་རྩལ་འགྲེམས་སྟོན་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སྐྲུན། བོད་ཀྱི་ཁ་ཟས་བཤམ་སྟོན་གནང་བ་མ་ཟད། རྩ་རླུང་སྒོམ་སྒྲུབ། བོད་ཀྱི་རྒྱལ་རབས་ལོ་རྒྱུས། དེ་བཞིན་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ། བོད་ཀྱི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་སོགས་ཀྱང་གནང་གི་ཡོད་པ་རེད།  འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཕ་རན་སི་བོད་རིག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འགྲེམས་སྟོན་དེ་གཉེར་དོན་གཙོ་བོ་ནི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ས་གནས་སུ་བོད་རིག་གཞོན་སྐྱེས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་དང་གོ་རྟོགས་ཡོང་ཕྱིར་དམིགས་པ་ཞིག་དང་། ལྷག་པར་དུ་ཕ་རན་སི་ནང་ཡོད་པའི་ཕྱིའི་མི་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། བོད་པའི་གནས་སྟངས་དངོས་ར་འཕྲོད་ཐུབ་པའི་ངོ་སྤྲོད་དང་བོད་མིའི་དབར་ལ་འབྲེལ་ལམ་དམ་ཟབ་བསྐྲུན་རྒྱུའི་ཆེད་དུ་ཡིན་པ་གསུངས་སོང་།རྩ་བའི་ཉེ་ཆར་བོད་མི་མང་པོ་ཞིག་ཡོ་རོབ་རྒྱལ་ཁབ་ཁུལ་དུ་གཞི་སྤོ་གནང་བཞིན་ཡོད་པ་དང། ཤེས་རྟོགས་བྱུང་བར་ད་ལྟའི་ཆར་ཕ་རན་སི་རྒྱལ་ཁབ་ནང་ལ་མཚོན་ན་སྐྱབས་བཅོལ་བོད་མི་ ༧༠༠༠ ལྷག་ཡོད་པ་རེད་འདུག

བོད་སློབ་ཁག་གི་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཆེན་མོའི་སྤྱི་ཡོངས་ཀྱི་གྲུབ་འབྲས་ལེགས་སོན།

ཁ་ཉིན་ཕྱི་ཟླ་ ༥ ཚེས་ ༢ ཉིན་ཕྱི་ལོ་ ༢༠༡༩ ལོའི་ CBSE རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཡོད་པ་དང་། དེ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཕྱོགས་བསྡོམས་གནང་བའི་བོད་པའི་སློབ་གྲྭ་ཁག་གི་སྤྱི་ཡོངས་གྲུབ་འབྲས་ལ་གཞིགས་ཚེ་འདི་ལོའི་ཡིག་རྒྱུགས་ཆེན་མོའི་སྤྱི་ཡོངས་ཀྱི་གྲུབ་འབྲས་སྔར་ལོ་ལས་ལེགས་པ་སོན་འདུགའདི་ལོའི་ཕྱི་ཟླ་ ༢ དང་ ༣ པའི་ནང་རྒྱ་གར་རྒྱལ་ཡོངས་སུ་ CBSE འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོ་སྐབས་སུ་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ ༡༡༣༣ གྱིས་ཚན་རིག་དང་འབྱུང་རིག དེ་བཞིན་ཚོང་རིག་བཅས་སྡེ་ཚན་སོ་སོའི་ཡིག་རྒྱུགས་ཆེན་མོའི་ནང་ཆ་ཤས་བླངས་ཡོད་པ་དང་། དེ་དག་ཁྲོད་ནས་སློབ་མ་ ༡༡༠༠ ཐམ་པ་ཡིག་རྒྱུགས་གཙང་འཕྲོད་བྱུང་ཡོད་སྟབས་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༩༧ སོན་ཡོད་པ་མ་ཟད། འདི་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་སྔ་ལོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལས་བརྒྱ་ཆ་ ༡.༤༤ ལེགས་སོན་བྱུང་འདུག འདི་ལོའི་འཛིན་རིམ་བཅིུས་ཀྱི་གྲུབ་འབྲས་ཁྲོད་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་ཀརྨ་ཕུན་ཚོགས་ཟླ་བ་ལགས་ལ་བརྒྱ་ཆ་ ༩༤ སོན་སྟབས་ཚན་རིག་སྡེ་ཚན་གྱི་ཨང་དང་པོ་དང་། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ལུང་རིགས་ལགས་ལ་བརྒྱ་ཆ་ ༨༩.༦ སོན་སྟབས་ཚོང་རིག་སྡེ་ཚན་གྱི་ཨང་དང་པོ། དེ་བཞིན་སཾ་བྷོ་ཌ་སྦེལ་ཀོབ་ སློབ་གྲྭའི་སློབ་མ་བསྟན་འཛིན་གངས་མཚོ་ལགས་ལ་བརྒྱ་ཆ་ ༩༢ ཐོབ་སྟབས་འབྱུང་རིག་སྡེ་ཚན་གྱི་ཨང་དང་པོ་བཅས་ཆགས་ཀྱི་ཡོད་པ་རེད། ཁོང་རྣམ་པ་གསུམ་གཙོ་གྱུར་སྡེ་ཚན་སོ་སོའི་ནང་གྲུབ་འབྲས་རྩེ་ཕུད་སོན་པའི་སློབ་མ་གསུམ་རེར་འདི་ལོའི་མང་གཙོའི་དུས་ཆེན་སྐབས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བྱ་དགའ་གསོལ་བསྩལ་གནང་གི་ཡོད་པ་རེད།རྩ་བའི་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་འཛིན་རིམ་བཅིུས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཡིག་ཐོག་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པའི་ཐོག་སློབ་ཚན་བརྒྱ་ཆ་མཐོ་ཤོས་ལྔའི་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལོན་མཁན་ཚོར་སྲིད་སྐྱོང་སློབ་ཡོན་གནང་རྒྱུ་དབུ་འཛུགས་གནང་ཡོད་ཀྱང་། འདི་ལོ་ཡང་སློབ་ཡོན་དེ་བཞེས་མཁན་སློབ་མ་གཅིག་ཀྱང་བྱུང་མི་འདུག འོན་ཀྱང་ཧ་པར་པུར་གཏན་སློབ་ནང་སློབ་སྦྱོང་གནང་བཞིན་པའི་རྒྱ་གར་བ་སློབ་མ་གཉིས་ནས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལྷག་བླངས་ཡོད་ཀྱང་སྲིད་སྐྱོང་སློབ་ཡོན་བཞེས་རྒྱུའི་ཆ་རྐྱེན་ཚང་གི་མེད་རྐྱེན་སློབ་ཡོན་དེ་ཐོབ་ཀྱི་མེད་པ་རེད། རྩ་བའི་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ཆེན་མོའི་ཁྲོད་བོད་པའི་སློབ་མ་ ༡༡༣༣ ནས་རྒྱུགས་འཕྲོད་པའི་གྲངས་འབོར་ ༡༡༠༠ དང་རྒྱུགས་མ་འཕྲོད་པའི་གྲངས་འབོར་  ༥ ཆགས་ཀྱི་འདུག་པ་མ་ཟད། སློབ་ཚན་གཅིག་རྒྱུགས་མ་འཕྲོད་པས་བསྐྱར་རྒྱུགས་གཏོང་མཁན་གྲངས་འབོར་ ༢༨ བཅས་ཆགས་ཀྱི་འདུག

རྒྱལ་ས་པེ་རིས་ནང་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས།  

ཁ་སང་ཕྱི་ཟླ་ ༥ ཚེས་ ༣ ཉིན་གྱི་ཕྱི་དྲོ་ནས་དབུ་འཛུགས་ཀྱིས་ཡོ་རོབ་ཕ་རན་སིའི་རྒྱལ་ས་ Paris ནང་མ་འོངས་པར་ཡོ་རོབ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་ཐབས་ཀྱི་དམིགས་འདུན་དང་འབྲེལ་བའི་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།ཁ་སང་ཕྱི་དྲོ་ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༥ བར་པེ་རིས་ནང་གཉེར་བཞིན་པའི་བོད་རིགས་གཞོན་སྐྱེས་ལས་འགུལ་བ་འདུ་འཛོམས་གནང་བ་འདི་ནི་གཙོ་བོ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་གཉིས་མཉམ་རུབ་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང། འདུ་འཛོམས་ཐོག་སུད་སི་དང་བྷེལ་འཇམ། དབྱིན་ཡུལ་དང་ཕ་རན་སི་བཅས་ཡོ་རོབ་རྒྱལ་ཁབ་ཁག་བཞི་ནས་ས་གནས་གཞོན་ནུའི་རྒྱུན་ལས་དང། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དང་ཡོ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི། བོད་དོན་ལས་འགུལ་བ་བཅས་ཁྱོན་བོད་རིགས་གཞོན་སྐྱེས་ཚོགས་བཅར་ ༢༦ འདུ་འཛོམས་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ལས་འགུལ་བའི་འདུ་འཛོམས་གོ་སྒྲིག་གནང་མཁན་ཕ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་འདུ་འཛོམས་འདིའི་དམིགས་ཡུལ་ནི་མ་འོངས་པར་ཡོ་རོབ་ཁུལ་དུ་བོད་རིགས་གཞོན་སྐྱེས་ཚོའི་བོད་དོན་འཐབ་རྩོད་ནུས་པ་ཇེ་ཆེར་གཏོང་ཐབས་སླད་ཡིན་པར་གསུངས་ཡོད། རྩ་བའི་འདུ་འཛོམས་འདིའི་ཐོག་ནས་བོད་རིགས་གཞོན་སྐྱེས་ལས་འགུལ་བ་ནང་ཁུལ་དབར་ངོ་ཤེས་དང་འབྲེལ་ལམ་གསར་བཟོ་གནང་རྒྱུ་དང་། དེ་བཞིན་ཉམས་མྱོང་བརྗེ་རེས་དང་སྦྱང་བཤད། ལྷག་པར་དུ་ཨ་རི་དང་ཁེ་ན་ཌ་ནས་ལས་འགུལ་བ་དང་བོད་དོན་ཞུ་གཏུག་ཐོག་ཕྱག་ལས་གནང་མྱོང་ཡོད་པའི་བོད་རིགས་གཞོན་སྐྱེས་ཁག་གཅིག་གིས་ཚོགས་བ་ཚོར་ནུས་པ་ལྡན་པའི་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་ཚོགས་པ་སྣེ་ཁྲིད་གནང་སྟངས། དེ་བཞིན་གཞུང་འཛིན་དང་གནད་ཡོད་མི་སྣར་བོད་དོན་ཞུ་གཏུག་གནང་ལུགས་སོགས་དམིགས་བསལ་སྦྱོང་བརྡར་གནང་གི་ཡོད་པ་རེད།

ཨོ་གླིང་གི་ཆབ་སྲིད་ཚོགས་པར་བོད་དང་འགྲོ་བ་མིའི་ཐོབ་ཐང་སྐོར་འདྲི་རྩད།

ཨོ་གླིང་གི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡོངས་ཀྱི་འོས་བསྡུ་བསླེབ་ཉེ་དུས་སྐབས་འདིར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་གནད་དོན་བཞིའི་ཐོག་ནས་ཨོ་གླིང་ཆབ་སྲིད་ཚོགས་པ་གསུམ་ལ་འདྲི་རྩད་གནང་སྟེ་ཆབ་སྲིད་ཚོགས་པ་དེ་དག་གིས་བོད་དོན་ཐོག་འཛིན་པའི་བཞེངས་ཕྱོགས་ལ་རྒྱུས་ལོན་གནང་འདུག དེ་རིང་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱི་དྲྭ་གནས་སུ་གནས་ཚུལ་སྤེལ་བར་ཨོ་གླིང་གི་བོད་དོན་ལྷན་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གནད་དོན་བཞི་སྟེ་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ཁྲོད་ཀྱི་བོད་དང་འགྲོ་བ་མིའི་ཐོབ་ཐང་། བོད་ནང་རང་དབང་གིས་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཡོད་མེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལ་ངོས་འཛིན་གནང་མིན། བོད་རྒྱ་གྲོས་མོལ་ལ་རྒྱབ་སྐྱོར་གནང་མིན་བཅས་ཀྱི་གནད་དོན་བཞིའི་ཐོག་འདྲི་རྩད་གནང་ཡོད་པ་རེད། དང་ཐོག་ཨོ་གླིང་གི་ཆབ་སྲིད་ཚོགས་པ་ཆེ་ཁག་གསུམ་སྟེ་རྒྱལ་ཡོངས་མཉམ་འདུས་ཚོགས་པ།  liberal/national coalition དེ་བཞིན་ལྗང་ཁུ་ཚོགས་པ། Green དང་ངལ་རྩོལ་ཚོགས་པ་ labour བཅས་ལ་ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་ནས་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྒོས་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་པའི་ཚད་གཞི་གང་འདྲ་ཞིག་ཡིན་པར་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པའི་ངོས་ནས་རྒྱ་ནག་གི་འབྲེལ་ལམ་གྱི་སྲིད་བྱུས་ནང་འགྲོ་བ་མིའི་ཐོབ་ཐང་ནི་སྲིད་གཞུང་དེའི་ངོས་ནས་མེད་དུ་མི་རུང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་པ་དང་། ཚོགས་པ་དེས་དུས་རྒྱུན་ནས་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐད་ནས་གླེང་སློང་བྱེད་བཞིན་ཡོད་པར་བརྗོད་དེ། དངོས་ཤུགས་བརྒྱུད་གསུམ་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཙིགས་འཛིན་བྱེད་ཀྱི་ཡོད་པ་ལྟར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོས་པའི་བརྒྱུད་ལམ་སྣ་མང་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་གི་ཡོད་སྟབས། དེའི་ཁོངས་སུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་ཀྱང་ཚུད་ཡོད་པར་ལན་འདེབས་གནང་འདུགདེ་བཞིན་ལྗང་ཁུ་ཚོགས་པས་སྤྱི་ཡོངས་ཀྱི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་དང་སྒོས་རྒྱ་ནག་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཐོག་ནས་གླེང་སློང་བྱེད་རྒྱུ་དེ་རྒྱ་ནག་ལ་ཕྱོགས་པའི་སྲིད་བྱུས་ཀྱི་དཀྱིལ་སྙིང་ཡིན་པར་ལན་འདེབས་གནང་སྟེ་ཚོགས་པས་ལོ་རྒྱུས་རིང་པོའི་ངང་བོད་མི་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཉེ་བའི་ཆར་ནས་བཟུང་ཡུ་གུར་མི་རིགས་ལའང་དཀའ་ངལ་འཕྲད་བཞིན་པར་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ཡོངས་བསྒྲགས་གནང་འདུག དེ་བཞིན་ངལ་རྩོལ་ཚོགས་པས་ཀྱང་རྒྱ་ནག་གི་བཙན་དབང་གི་འོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སྤྱི་ཡོངས་ནས་ངོས་འཛིན་གནང་གི་ཡོད་པ། ཚོགས་པ་དེའི་ངོས་ནས་འགྲོ་བ་མིའི་ཐོབ་དང་སྤྱི་མང་གི་རང་དབང་དེ་གཙིགས་སུ་འཛིན་གྱི་ཡོད་པ་ལྟར་རྒྱ་ནག་དང་ལྷན་དུ་གནད་དོན་དེ་གླེང་སློང་གནང་རྒྱུ་ཡིན་པར་བསྒྲགས་འདུག དེ་བཞིན་དྲི་བ་གཉིས་པ་སྟེ་རྒྱ་རིགས་མང་པོ་ཞིག་རང་དབང་ཐོག་ནས་ཨོ་གླིང་དུ་བཀག་སྡོམ་མེད་པར་ཡོང་བཞིན་པ་ལྟར། ཨོ་གླིང་གི་གཞུང་འབྲེལ་མི་སྣ་དང་། གསར་འགོད་པ། མི་སེར་སྤྱི་དང་ཨོ་གླིང་གི་བོད་རིགས་རྣམས་རྒྱ་ནག་ཏུ་རང་དབང་ངང་འགྲོ་སྐྱོད་གནང་བར་རྒྱབ་སྐྱོར་ཞུ་མིན་སྐོར་ལ་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འདུས་ཚོགས་པས་དུས་རྒྱུན་ནས་རྒྱ་ནག་ལ་འབོད་སྐུལ་གྱིས་རྒྱལ་ཚོགས་ཀྱི་ལས་བྱེད་མི་སྣ་དང་། ཕྱི་རྒྱལ་གྱི་གསར་འགོད་པ། དེ་བཞིན་ཕྱི་ལོག་གི་བོད་རིགས་རྣམས་བོད་དུ་འགྲོ་སྐྱོད་གནང་བར་བཀག་སྡོམ་རྒྱུ་མཚམས་འཇོག་བྱེད་དགོས་བར་འབོད་སྐུལ་གནང་བཞིན་ཡོད་པར་བརྗོད་དེ། སྔར་ལོའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་ཚོགས་ཐོག་ཏུའང་ཚོགས་པའི་ངོས་ནས་རྒྱ་ནག་ལ་ཞུ་སྐུལ་བྱས་ཏེ་བོད་མི་དང་ཡུ་གར་བར་དམ་དྲག་བྱེད་རྒྱུ་མཚམས་འཇོག་བྱས་ནས་ཕྱི་ལོག་གི་གསར་འགོད་པ་བོད་ནང་དུ་གཏོང་རྒྱུ་དང་། རྒྱ་ནག་གི་ཁྲིམས་སྒྲིག་གི་ཐོག་ནས་མི་སྒེར་གྱི་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་སྲུང་སྐྱོབ་དགོས་པའི་ཞུ་སྐུལ་བྱས་ཡོད་པའི་ལན་འདེབས་གནང་འདུག དེ་བཞིན་ལྗང་ཁུ་ཚོགས་པའི་ངོས་ནས་བོད་ནང་རང་དབང་ཐོག་འགྲུལ་སྐྱོད་དགོས་པའི་དྲི་བ་དེར་རྒྱབ་སྐྱོར་ཡོད་པར་གསུངས་ཡོད། དྲི་བ་གསུམ་པ། ཆབ་སྲིད་ཚོགས་པ་དེ་དག་གི་དབུ་ཁྲིད་ཀྱི་ངོས་ནས་རྒྱལ་སྤྱིའི་སྟེང་གི་བྱམས་བརྩེ་ཡི་བདག་ཉིད་ཆེན་མོ། ༸གོང་ས་ཏ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་སུ་མཇལ་འཕྲད་གནང་གི་ཡིན་མིན་གྱི་སྐོར་ལ་འདྲི་རྩད་བྱས་པར། རྒྱལ་ཡོངས་མཉམ་འདུས་ཚོགས་པའི་་ངོས་ནས།  རྩ་བའི་ཨོ་གླིང་རྒྱལ་ཁབ་ཀྱི་ངོས་ནས།  བོད་མིའི་སྒྲིག་འཛུགས་དེ་ངོས་ལེན་བྱེད་ཀྱི་མེད་ནའང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་མི་སྒེར་གྱི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམས་ལ་མཇལ་འཕྲད་བྱས་ཆོག་པར་བརྗོད་དེ། སྤྱི་ལོ་༢༠༡༧ ལོར་ཨོ་གླིང་གི་སྐུ་ཚབ་ཅིག་རྡ་སར་ཆེད་ཕེབས་གནང་བ་ལུང་འདྲེན་ཞུས་འདུག    ཡང་ལྗང་ཁུ་ཚོགས་པའི་ངོས་ནས། ༸གོང་ས་ཏཱ་ལའི་བླ་མ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གཉིས་ལ་མཇའ་འཕྲད་གནང་གི་ཡིན་པར་ལན་འདེབས་གནང་ཡང་། ངལ་རྩོལ་ཚོགས་པའིང་ངོས་ནས་བཀའ་ལན་ཁ་གསལ་གང་ཡང་གནང་མི་འདུག འདྲི་རྩད་བཞི་པ། རྒྱལ་སྤྱིའི་སྟེང་གི་ཁྲིམས་སྒྲིག་གི་ཁོངས་ནས་བོད་མི་དག་ལ་ཕྱི་ལོག་གི་གནོད་ཤུགས་དང་ཐེ་གཏོགས་གང་ཡང་མེད་པར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་དཔལ་འབྱོར་འཕེལ་རྒྱས། དེ་བཞིན་སྤྱི་ཚོགས་དང་རིག་གཞུང་གོང་འཕེལ་གཏོང་རྒྱུའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་མེད་དང་།  ཚོགས་པ་ཁག་གི་ངོས་ནས་དེ་དག་ལ་རྒྱབ་སྐྱོར་གནང་མིན།  དེ་བཞིན་བོད་རྒྱ་ཞི་མོལ་གནང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་སོགས་ཀྱི་ཐོག་འདྲི་རྩད་གནང་བར་རྒྱལ་ཡོངས་མཉམ་འབྲེལ་ཚོགས་པའི་ངོས་ནས་ཨོ་གླིང་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅིག་ཡིན་པར་ཁས་ལེན་བྱས་ཡོད་པར་བརྟེན། རང་བཞིན་གྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱས་ཚར་ཡོད་ནའང་། ཚོགས་པའི་ངོས་ནས་༸གོང་ས་ཏཱ་ལའི་བླ་མའམ་ ཡང་ན་ཁོང་གི་སྐུ་ཚབ་བརྒྱུད་རྒྱ་ནག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་ཡོད་པའི་ལན་འདེབས་གནང་འདུག ལྗང་ཁུ་ཚོགས་པས་བོད་མིར་ཆོས་རིག་དང་དཔལ་འབྱོར། ཚོང་ལས་དང་ཆབ་སྲིད་སོགས་ཀྱི་ཐད་ནས་རང་ཐག་རང་གཅོད་གནང་རྒྱུར་ཐོབ་ཐང་ཡོད་པར་ཁས་ལེན་དང་རྒྱབ་སྐྱོར་ཡོད་པ་མ་ཟད། བོད་རྒྱ་གྲོས་མོལ་ཡོང་རྒྱུ་ལའང་རྒྱབ་སྐྱོར་ཡོད་སྐོར་ལན་འདེབས་གནང་འདུག འོན་ཀྱང་ངལ་རྩོལ་ཚོགས་པའི་ངོས་ནས་ལན་འདེབས་གང་ཡང་གནང་མི་འདུག        

བོད་ནང་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་རང་དབང་ཐོག་གཏོང་དགོས།

དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་གསར་འགོད་མཐུན་ཚོགས་གཉིས་ཟུང་འབྲེལ་གྱིས་ནོར་བུ་གསོལ་མགྲོན་ཁང་དུ་རྒྱ་ནག་གི་དབང་སྒྱུར་འོག་ནས་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་ཐབས་ཀྱི་ཁྲིམས་སྒྲིག་ཁག་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་སྲིད་གཞུང་གི་ལྟ་རྟོག་མེད་པར་རང་དབང་གི་ཐོག་ནས་བོད་ནང་འགྲུལ་སྐྱོད་གནང་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད།མཛད་སྒོའི་ཐོག་མར་བོད་ནང་གསར་འགོད་ཀྱི་ཉམས་མྱོང་ཡོད་པའི་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་སྒྲོལ་མ་ལགས་དང་། རྒྱ་ནག་ཏུ་ལོ་མང་བཞུགས་མྱོང་ཡོད་པ་ South China morning post ཡི་གསར་འགོད་པ་ Paul Mooney ལགས། དེ་བཞིན་ཕ་ལྷ་འཁྲབ་སྟོན་གྱི་འཁྲབ་ཁྲིད་པ་ Abhishek Majumdar ལགས་བཅས་ལ་བོད་ནང་གི་གསར་འགོད་རང་དབང་དང་འབྲེལ་བའི་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པ་མ་ཟད། བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་འདི་ག་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས་དང་། བོད་ཀྱི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་བཅས་ནས་བོད་ནང་གསར་འགོད་རང་དབང་གི་གནས་བབ་དང་། གསར་འགྱུར་རྒྱུས་ལོན་གནང་སྐབས་གདོང་ལེན་བྱེད་དགོས་པའི་གནད་དོན། དེ་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་ཐོག་དམ་དྲག་སོགས་ཀྱི་སྐོར་ལ་གསུང་བཤད་ཀྱི་ལས་རིམ་དང་བགྲོ་གླེང་བཅས་གནང་ཡོད།སྐབས་དེར་བགྲོ་གླེང་གཙོ་སྐྱོང་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་པའི་གསར་ལམ་ཁག་ནས་གནད་དོན་དཔྱད་ཞིབ་ཀྱི་ལས་དོན་ཉུང་གྲགས་ཀྱི་ཡོད་པ་དང་། བོད་ཀྱི་གསར་འགོད་མཐུན་ཚོགས་དང་རྒྱ་གར་གསར་འགོད་པ། བོད་དོན་ལ་ཐུགས་སྣང་གནང་མཁན་ཚོའི་ངོས་ནས་མཉམ་རུབ་ཀྱི་ཐོག་ནས་བོད་ནང་གི་གསར་འགོད་རང་དབང་གི་གནས་བབ་དང་གསར་འགོད་ལས་དོན་གཉེར་སྐབས་འཕྲད་པའི་དཀའ་ངལ་སོགས་འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།འདི་ག་རླུང་འཕྲིན་ཁང་ནས་དེ་རིང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ་བཅར་འདྲི་ཁག་གཅིག་ཞུས་པར་ཁོང་གིས་གསར་འགོད་རང་དབང་གི་ཉིན་མོ་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བོད་ནང་གི་གནས་ཚུལ་མང་དག་ཅིག་ཕྱིར་ཐོན་ཐུབ་ཀྱི་མེད་སྟབས། དེ་རིང་གི་ཉིན་མོ་འདི་དམིགས་ཁྱད་ཅན་ཞིག་ཆགས་ཡོད་པར་འགྲེལ་བརྗོད་གནང་ཡོད།གཞི་རྩའི་དེ་རིང་ཕྱི་ཟླ་ ༥ ཚེས་ ༣ ཉིན་མཉམ་རྒྱལ་ཚོགས་ཀྱི་ངོས་ནས་མང་ཚོགས་ཁྲོད་གསར་འགོད་རང་དབང་གི་གལ་གནད་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་གཞུང་སོ་སོའི་ངོས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་ལྟར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་དང་གུས་བརྩི་དགོས་པའི་དྲན་སྐུལ་ཞུ་ཆེད་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་པ་རེད།

Latest news