Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ།

ཁེ་ན་ཌའི་སྲིད་བློན་མཆོག་ནས་འཚམས་འདྲི་གནང་བའི་ཕྱག་བྲིས་རྫུན་བཟོ་བྱས་པ་ར་འཕྲོད།

ཉེ་ཆར་ Canadian Federation of Tibetan Association ཞེས་པའི་ཁེ་ན་ཌ་བོད་རིགས་ཚོགས་པ་ཡིན་ཚུལ་གྱིས་གོ་སྒྲིག་ཞུས་པའི་གསོལ་སྟོན་དེའི་ཐོག་སྲིད་བློན་ Justin Trudeau མཆོག་ནས་དགའ་བསུའི་འཚམས་འདྲི་གནང་ཡོད་ཚུལ་གྱི་ཕྱག་བྲིས་དེ་སྲིད་བློན་ལས་ཁུངས་ཀྱིས་བདེན་པ་མིན་སྐོར་གསུངས་འདུགཟླ་བ་འདིའི་ཚེས་ ༢༠ ཉིན་ཁེ་ན་ཌའི་གྲོང་ཁྱེར་ Toronto ནང་ཁུལ་དེའི་བོད་རིགས་པ་ཡིན་ཚུལ་གྱིས་ ཁུལ་དེའི་ཆབ་སྲིད་མི་སྣ་ཁག་གཅིག་མགྲོན་འབོད་ཞུས་ཏེ་གསལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་འབྲེལ། དེའི་སྐོར་རྒྱ་ཡིག་ནང་ཁ་ན་ཌའི་སྲིད་བློན་སྐུ་ཞབས་  Justin Trudeau མཆོག་དང་ཁེ་ན་ཌའི་ཕྱི་མི་གནས་སྤོ་ལྷན་ཁང་གི་བློན་ཆེན་ Ahmed Hussen རྣམ་གཉིས་ཀྱིས་དགའ་བསུའི་འཚམས་འདྲི་གནང་བའི་ཕྱག་བྲིས་ཤིག་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་གདལ་འགྲོ་བཞིན་ཡོད་པ་ལྟར། ཁ་སང་ཚེས་ ༢༣ ཉིན་ཁེ་ན་ཌའི་སྲིད་བློན་ལས་ཁུངས་ཀྱི་གསར་འགོད་དྲུང་ཆེ་ Amreet Kaur ལགས་ཀྱིས་སྲིད་བློན་མཆོག་ནས་གོང་ཞུས་ཚོགས་པ་དེའི་མིང་ཐོག་ཏུ་འཚམས་འཕྲིན་བསྩལ་ཡོད་སྐོར་བཤད་པ་དེ་དངོས་འབྲས་མིན་པར་གསལ་བཤད་གནང་བ་མ་ཟད། གནད་དོན་དེར་སྲིད་བློན་ལས་ཁུངས་ནས་རྟོག་ཞིབ་ནན་པོ་གནང་རྒྱུ་ཡིན་སྐོར་གསུངས་འདུགད་དུང་ཁ་སང་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་ Ontario དང་། Quebec དེ་བཞིན་ Alberta དང་ British Columbia སོགས་བོད་པའི་ཚོགས་ཁག་དྲུག་མཉམ་རུབ་ཐོག་ནས་གནད་དོན་དེའི་ཐད་བསྒྲགས་གཏམ་ཞིག་སྤེལ་བར་ཉེ་ཆར་ཁུལ་དེའི་ནང་ཁེ་ན་ཌ་བོད་རིགས་ཚོགས་པ་ཡིན་ཚུལ་གྱིས་ཚོགས་པ་གསར་འཛུགས་བྱས་པར་བོད་མི་ཚོས་ངོས་ལེན་རྩ་བ་ནས་མེད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ཚོགས་པ་དེས་སྲིད་བློན་མཆོག་ནས་རྒྱབ་སྐྱོར་ཡོད་ཚུལ་གྱི་ཕྱག་བྲིས་རྫུན་བཟོ་བརྒྱུད་ཁེ་ན་ཌའི་མང་ཚོགས་དང་ལྷག་དོན་གཞུང་གི་ལས་བྱེད་རྒན་གྲས་ཚོར་དབུ་སྐོར་གཏོང་ཐབས་བྱེད་བཞིན་ཡོད་པ་ཆེས་མངོན་གསལ་གནང་འདུགལྷག་པར་དུ་ཚེས་ ༢༠ ཉིན་གྱི་གསོལ་སྟོན་དེའི་བརྙན་པར་ཁག་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ་སྤེལ་འགྲོ་བཞིན་པའི་ནང་ལ་ལས་རིམ་དེའི་ཐོག་ Toronto གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་སྐུ་ཞབས་ jimkarygiannis ལགས་ཀྱང་ལྷན་ཞུགས་གནང་ཡོད་པ་མངོན་རྒྱུ་འདུག་སྟབས། གསར་འགོད་པས་ཁེ་ན་ཌ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་ཟུར་པ་དབུ་རྒྱན་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་རིག་ཚོགས་པ་ཡིན་ཁུལ་བྱེད་མཁན་གྱི་གསོལ་སྟོན་གྱི་ལས་རིམ་དེ་དངོས་སུ་བྱུང་ཡོད་པ་དང། སྲིད་བློན་གྱི་ཕྱག་བྲིས་དེ་རྫུན་བཟོ་བྱས་པ་ཞིག་ཡིན་པར་ར་སྤྲོད་ཟིན་ཡོད་ཀྱང་། ཊོ་རོན་ཊོ་གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jim Karygiannis ལགས་ཕལ་ཆེར་དངོས་སུ་མཉམ་ཞུགས་གནང་ཡོད་སྐོར་གསུངས་པ་དང་སྦྲགས། ཁོང་ནི་རྣམ་ཀུན་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་ཤུགས་ཆེན་པོ་ཡོད་མཁན་ཞིག་སྐོར་སོགས་གསུངས་སོང་།གནད་དོན་དེའི་ཐད་ Twitter དང་ངོ་དེབ་སོགས་ཀྱི་བརྒྱུད་ལམ་ཁག་ཏུ་ Canada Tibet Committee ཞེས་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང།  Tibetan Canadian Coalition ཞེས་བོད་དང་ཁེ་ན་ཌ་མཉམ་འབྲེལ་ཚོགས་པ་བཅས་བོད་དོན་རྒྱབ་སྐྱོར་དང་བོད་མིའི་ཚོགས་པ་དང་གང་ཟག་སྒེར་པ་ཁག་གཅིག་ནས་རྒྱ་གཞུང་ནས་རྒྱབ་སྐྱོར་ཐོག་གསར་འཛུགས་བྱས་པའི་ཚོགས་པ་དེས་ཁེ་ན་ཌ་སྲིད་བློན་མཆོག་གི་ཕྱག་བྲིས་རྫུན་བཟོ་བྱས་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་འབྲེལ། དེ་དག་གི་དམིགས་ཡུལ་གང་ཡིན་སོགས་རྩད་ཞིབ་ནན་པོ་གནང་དགོས་གལ་ཡིན་པ་གསུངས་འདུག་པ་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་ཁེ་ན་ཌའི་ནང་དུ་དེང་སྐབས་བུ་འཁྲིད་དཀར་པོ་ཆེ་ལགས་དང་འཆི་མེད་ལྷོ་མོ་ལགས་སོགས་ཤུགས་རྐྱེན་དང་ནུས་སྟོབས་ལྡན་པའི་བོད་རིག་ཁག་གཅིག་འབུར་དུ་འཐོན་བཞིན་པར་རྒྱ་ནག་གཞུང་དངངས་སྐྲག་སྐྱེས་ནས་བྱ་སྤྱོད་དེ་ལྟར་སྤེལ་བཞིན་ཡོད་སྐོར་གསུངས་འདུགབོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་ལྷག་སྒྲོན་བཀྲས་མཐོང་ལགས་ཀྱིས་སྲིད་བློན་གྱི་ཕྱག་བྲིས་རྫུན་མ་སྤྱོད་མཁན་གྱི་ཚོགས་པ་ཞིག་གིས་ལས་རིམ་ཐོག་ Toronto གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ Jim Karygiannis  ལགས་མཉམ་ཞུགས་གནང་བ་གསལ་བཤད་གནང་འཇུག་དགོས་པ་གསུངས་འདུག

༸པཎ་ཆེན་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་དབུ་འཛུགས།

རིང་མིན་ཕྱི་ཚེས་ ༢༥ ཉིན་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་༸སྐུའི་འཁྲུངས་སྐར་དང་བསྟུན། དེ་རིང་བཞུགས་སྒར་ནས་རྒྱལ་ས་ལྡི་ལི་བར་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་།ལས་འགུལ་དེའང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག་དེ་རིང་སྔ་དྲོ་ཚོུད་ ༩ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་ཐང་དུ་དང་བླངས་སྦག་སྦག་སྐོར་སྐྱོད་གནང་མཁན་རྣམས་འདུ་འཛོམས་ཀྱིས་དབུ་འཛུགས་གནང་ཡོད།སྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་རིན་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་སྦྲགས། ད་རེས་ལས་འགུལ་དེའི་ཐོག་ནས་གཙོ་བོ་རྒྱ་གཞུང་ལ་བརྡ་ལན་དང་རྒྱ་གཞུང་གིས་དོ་དམ་འོག་ཡོད་པའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་རྒྱ་གར་ཡུལ་མི་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་ཁྱོན་དུ་ཁྱབ་སྤེལ་དང་གོ་རྟོགས་སྤེལ་རྒྱུར་ཆེད་དམིགས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ལས་འགུལ་འདི་སྤྱི་ཚོགས་དྲྭ་གནས་བརྒྱུད་ཁྱབ་སྤེལ་གང་མང་གནང་སྐྱོང་ཡོང་བའི་རེ་སྐུལ་གནང་སོང་།ལྷག་དོན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཆུང་སྲིད་༸པཎ་ཆེན་རིན་པོ་ཆེ་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གལ་ཆེན་ཞིག་ཆགས་ཡོད་སྟབས། རིན་པོ་ཆེའི་གནས་སྟངས་སྐོར་རྒྱལ་སྤྱིའི་ཁྱོན་དུ་གསལ་བཏོན་གནང་རྒྱུ་གལ་ཆེར་གཟིགས་ཀྱི་ཡོད་པ་དང་དེ་བཞིན་བོད་མི་ཚོས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་༸པཎ་ཆེན་བརྒྱུད་ནས་བོད་ཀྱི་ཆོས་ཕྱོགས་ཀྱི་ལས་དོན་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱིས་དེར་མཐའ་གཅིག་ཏུ་ངོས་ལེན་མེད་པ་སོགས་དོན་ཚན་གསུམ་གསལ་འདོན་གནང་ཐོག་ལས་འགུལ་བ་ཚོས་མཐུན་ལམ་དམ་ཟབ་ངང་ནས་ལས་འགུལ་མཇུག་སྐྱོང་གནང་གནད་ཡིན་པར་གསུངས་ཡོད།ལས་འགུལ་འདི་དེ་རིང་བཞུགས་སྒར་དྷ་རྨ་ས་ལ་ནས་དབུ་འཛུགས་ཀྱིས་ཅན་དྷི་གྷར་བརྒྱུད་སྐོར་སྐྱོད་གནང་སྟེ་ཟླ་བ་འདིའི་ཚེས་ ༢༥ ཉིན་རྒྱལ་ས་ལྡི་ལིར་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དང་བསྟུན་ལས་འགུལ་མཇུག་སྒྲིལ་གནང་རྒྱུ་ཡིན་པ་རེད།རྩ་བའི་འདི་ལོ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་ཀྱི་ཡོད་པ་བསྟུན་ལས་འགུལ་དེའི་ནང་སྦག་སྦག་སྐོར་སྐྱོད་གནང་མཁན་ ༣༠ ཡོད་པ་དང་དེ་དག་ལས་ ༡༦ བདེ་སྐྱིད་གླིང་གཞིས་སྒར་དང་དེ་མིན་བཞུགས་སྒར་དྷ་རྨ་ས་ལ་དང་ལྡི་ལི་གཉིས་ནས་ཡིན་པ་མ་ཟད། ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་ཁོངས་སུ་ལོ་ན་ཆེ་ཤོས་ ༤༠ ཡས་མས་དང་ལོ་ན་ཆུང་ཤོས་ ༢༤ ཆགས་ཀྱི་འདུག

བོད་རང་གི་གནའ་བོའི་མཆོད་རྫས་གསར་བཟོའི་འགྲེམས་སྟོན་དབུ་འཛུགས།

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ་གླིང་ཚང་བོད་ལུགས་ལི་མའི་མཆོད་རྫས་བཟོ་སྐྲུན་གོང་སྤེལ་གྱི་ལས་གཞིའི་ངོ་སྤྲོད་ཅེས་པའི་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་།   སྐབས་དེར་བོད་མིའི་སྒྲིག་འཛུགས་འཆར་འགོད་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་འབུམ་རམམ་པ་དཀོན་མཆོག་བརྩོན་འགྲུས་ལགསཀྱིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། གླིང་ཚང་གཞིས་ཆགས་ཀྱིས་ལོ་ངོ་ལྔ་བཅུ་ལྷག་གི་ནང་དུ་བོད་རང་གི་ཐུན་མོང་མ་ཡིན་པའི་མཆོད་རྫས་བཟོ་སྐྲུན་གྱི་ལས་གཞི་དེ་མཇུག་སྐྱོང་གནང་ཡོད་པ་མ་ཟད། ལས་གཞི་དེ་ནི་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་གྱི་ལས་གཞི་གནད་ཆེ་ཞིག་ཡིན་པར་ངོ་སྤྲོད་གནང་ཡོད།འདི་ག་རླུང་འཕྲིན་ཁང་གིས་མཆོད་རྫས་བཟོ་སྐྲུན་པ་ཚེ་རིང་རྣམ་རྒྱལ་ལགས་སུ་གླིང་ཚང་གཞིས་ཆགས་དང་མཆོད་རྫས་བཟོ་སྐྲུན་དང་འབྲེལ་བའི་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས་གླིང་ཚང་གཞིས་ཆགས་ཀྱིས་སྔོན་མ་ནས་མཆོད་རྫས་བཟོ་སྐྲུན་བྱས་ཏེ་བལ་ཡུལ་དུ་ཚོང་འགྲེམས་བྱེད་ཀྱི་ཡོད་ནའང་། ད་ཆ་གཞོན་སྐྱེས་ཀྱི་ནང་དུ་བོད་རང་གི་གནའ་བོའི་བཟོ་ལས་རིག་གཞུང་གི་ལག་ཤེས་འདིར་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད་པར་ངོ་སྤྲོད་གནང་སོང་།ཚེ་རིང་རྣམ་རྒྱལ་ལགས་ཀྱིས་བཟོ་ལས་དེ་བོད་རང་གི་སྲོལ་རྒྱུན་གྱི་ལག་ཤེས་ཤིག་ཡིན་པ་དང་། དེ་བཞིན་མི་སྒེར་ཞིག་གི་མི་ཚེ་ནང་ལ་མཚོན་ནའང་རང་གི་ཚོང་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་སྟབས་ཁོང་གིས་པཱ་ལགས་ཀྱིས་ཀྱང་དུས་རྒྱུན་ནས་མཆོད་རྫས་བཟོ་ལས་ཀྱི་རྒྱུན་སྐྱོང་གནང་དགོས་པར་བཀའ་མངགས་ལྟར་ལས་ཀ་དེ་མཇུག་སྐྱོང་ཞུ་མུས་ཡིན་པར་ངོ་སྤྲོད་གནང་ཡོད།  རྩ་བའི་གླིང་ཚང་གཞིས་ཆགས་ནི་རྒྱ་གར་བྱང་ཕྱོགས་ཨུཏྲཁཎྡྲ་གྱི་ལྡེ་ར་ལྡུན་ཁོངས་སུ་གནས་ཡོད་པ་དང་། འདས་པའི་མི་ལོ་ལྔ་བཅུའི་ནང་བོད་རང་གི་གནའ་བོའི་བཟོ་ལས་རིག་གཞུང་ལས་མཆོད་རྫས་བཟོ་ལས་ཀྱི་ཐད་ལ་འབུར་དུ་ཐོན་པའི་ཕྱག་རྗེས་བཞག་ཡོད་པའི་གཞིས་སྒར་ཞིག་ཆགས་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རོགས་དངུལ་བརྒྱུད་ནས་ཁུལ་དེའི་གཞོན་སྐྱེས་བཅུ་གསུམ་ལ་ཟླ་བ་ལྔའི་བཟོ་ལས་སྦྱོང་བརྡར་གྱི་གོ་སྐབས་སྐྲུན་ཡོད་པ་རེད།   ཐེངས་འདིར་བཞུགས་སྒར་དུ་བཟོ་ལས་བ་ཚེ་རིང་རྣམ་རྒྱལ་ལགས་དང་ཁོང་གི་ཕྱག་རོགས་ཁག་གཅིག་གདན་ཞུ་གནང་དེ་ཉིན་གཉིས་ཀྱི་རིང་བོད་པ་རང་གི་མཆོད་རྫས་བཟོ་ལས་ཀྱི་འགྲེམས་སྟོན་ཤིག་གནང་ཡོད་པ་མ་ཟད། འགྲེམས་སྟོན་འདིའི་ཐོག་ནས་དྲིལ་བུ་དང་ཕུར་པ། དེ་བཞིན་ཟླ་ཕྱེད་རྡོ་རྗེ། ཀ་པཱ་ལ། རལ་གྲི་སོགས་མཆོད་རྫས་མང་པོ་ཞིག་རིན་གོང་བཅག་པའི་ཐོག་ནས་ཚོང་འགྲེམས་གནང་རྒྱུ་རེད་འདུག

ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས།

འདས་ཟིན་པའི་མི་ལོ་ ༥༠ རིང་ལ་བོད་མིའི་འཐབ་རྩོད་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་གོམ་སྟབས་གསར་པ་ཞེས་པའི་གླེང་བརྗོད་ཐོག་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༥༠ པ་ཚོགས་གནང་སོང་།ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྒྱབ་ཚོུད་ ༡༌༣༠ སྟེང་སུད་སི་ einsiedeln ས་གནས་སུ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༥༠ པ་དབུ་འཛུགས་གནང་བ་དང་། ཚོགས་ཆེན་ཐོག་སུད་སི་གཙོ་བོར་གྱུར་པའི་ཁྱབ་ཁོངས་ཀྱི་ཡན་ལག་ཨོ་སི་ཊོ་རིཡ་དང། འཇར་མ་ནི། དེ་བཞིན་ནེ་དར་ལེན་ཌ་བཅས་ནས་བོད་རིགས་གཞོན་སྐྱེས་ཚོགས་བཅར་བ་ ༡༠༠ ལྷག་འདུ་འཛོམས་གནང་ཡོད་པ་རེད།ཚོགས་ཆེན་ཐོག་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་གཙོ་བོར་གྱུར་པའི་ས་གནས་ཚོགས་ཆུང་སོ་སོའི་འདས་ལོའི་ལས་འཆར་ཁག་ལ་བསྐྱར་ཞིབ་དང། མ་འོངས་པའི་ལས་འཆར་སྤེལ་རྒྱུ་སོགས་ཀྱི་ཐད་ཕན་ཚུན་སྦྱང་བཤད་དང་། ལྷག་པར་དུ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཐོག་མར་ཆེད་བཙུགས་བྱས་ནས་ད་བར་མི་ལོ་ ༥༠ དེའི་རིང་ལ་བོད་དོན་འཐབ་རྩོད་ལ་ཕྱིར་མིག་གིས་འབྱུང་འགྱུར་བོད་དོན་འཐབ་རྩོད་ཀྱི་གོམ་སྟབས་གསར་པའི་ཁྲོད་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་ཐབས་དང། བོད་མི་རིགས་ཀྱི་སྐད་ཡིག་དང་ངོ་བོ། རིགས་གཞུང་སྲུང་སྐྱོབ། དེ་བཞིན་དེ་དག་མི་ཉམས་རྒྱུན་གནས་ཐུབ་རྒྱུའི་ཐད་གྲོས་བསྡུར་གནང་རྒྱུ་རེད་འདུགཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ལས་འཆར་འགན་འཛིན་བསྟན་འཛིན་བདེ་ཆེན་ལགས་ཀྱིས་ལོ་འཁོར་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང། ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་རྣམ་གཉིས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་གདན་ཞུས་ཀྱིས་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་གསུང་བཤད་དང་གོ་བསྡུར་སྦྱང་བཤད་། བོད་དོན་གློག་བརྙན་གཟིགས་འབུལ། འབྱུར་འགྱུར་བོད་མིའི་འཐབ་རྩོད་གོམ་སྟབས་གསར་པའི་ཁྲོད་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཇེ་ཆེར་གཏོང་ཐབས་དང་འབྲེལ་བའི་ལས་རིམ་མང་དག་ཅིག་བང་སྒྲིག་ཡོད་པ་རེད།རྩ་བའི་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་དེ་ཕྱི་ལོ་ ༡༩༧༠ ལོར་སུད་སི་ནང་དུ་ཆེད་བཙུགས་གནང་ཡོད་པ་དང་། ཚོགས་པའི་ཁྱབ་ཁོངས་སུ་སུད་སི་ནང་ཚོགས་ཆུང་ཁག་དགུ་གཙོ་བོར་གྱུར་པའི་ཡོ་རོབ་རྒྱལ་ཁབ་ཨོ་སི་ཊོ་ལི་ཡ། འཇར་མ་ནི། ནེ་དར་ལེན་ཌ་བཅས་སུ་ཁྱོན་ཡན་ལག་ཚོགས་ཆུང་བཅིུས་དང། ཚོགས་མི་ ༤༠༠ ལྷག་ཡོད་པའི་ཡོ་རོབ་ཁུལ་དུ་གཞུང་འབྲེལ་མིན་པའི་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་ཆུང་རྙིང་གྲས་དང་ཆེ་གྲས་ཤིག་ཡིན་པ་རེད།

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པ་དང་བསྟུན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ།

དེ་རིང་སྔ་ཐོག་ཚོུད་ ༡༠༌༣༠ ཐོག་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ལས་ཁུངས་མདུན་དུ་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་རྣམགཉིས་གཙོ་བཞུགས་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་གནང་སོང་། དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་རིང་མིན་ཟླ་ ༤ ཚེས་ ༢༥ ཉིན་༸ཀུན་གཟིགས་པཎ་ཆེན་༸སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་དང་སྟབས་བསྟུན། རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་ཚོགས་ཁག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་སྟོན་གནང་རྒྱུ་དང་འདི་བཞིན་རྒྱ་གར་གཞུང་ནས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་ཕྱིར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བའི་དགོས་འདུན་གཉིས་ཆེད་བཏོན་གནང་བའི་ཐོག་ནས་རྒྱ་གར་གྱི་ས་གནས་ལྔའི་ནང་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད།སྐབས་དེར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་རིན་པོ་ཆེ་མཆོག་ལྟ་བུར་མཚོན་ན་ད་བར་རྒྱའི་འཛིན་བཟུང་བཀར་ཉར་འོག་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༤ ཧྲིལ་པོ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆ་ལའང་རྒྱ་གཞུང་གིས་ཆེས་དྲག་དམ་བཀག་ཉར་འོག་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས་དང་མྱོང་མུས་ཡིན་སྟབས། ཚང་མས་རིན་པོ་ཆེ་མཆོག་གི་དཀའ་སྡུག་ཡིད་ལ་དྲན་པའི་ཐོག་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གང་མང་གནང་བའི་སེམས་ཤུགས་འཕར་མ་ཞིག་བསྐྱེད་དགོས་པའི་ཞུ་སྐུལ་གནང་ཡོད།

བོད་ཀྱི་སྐད་ཡིག་གཅེས་སྐྱོང་སླད་སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་གསར་འཛུགས།

རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་སྒང་ཏོག་ནང་དུ་གནས་བཞུགས་བོད་མི་རྣམས་ཀྱིས་ས་གནས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་། ལྷག་པར་དུ་བོད་པའི་གཞོན་སྐྱེས་ཚོར་བོད་ཡིག་གཙོ་བོར་གྱུར་པའི་རིག་གནས་སློབ་ཁྲིད་ཐུབ་ཐབས་སོགས་ལ་ཆེད་དམིགས་ཐོག་ནས་སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་ཞིག་གསར་འཛུགས་གནང་འདུགཚོགས་ཆུང་དེ་ནི་གཙོ་བོ་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣ ཉིན་བཞུགས་སྒར་དུ་དབུས་གཙང་ཆོལ་ཁ་དང་། མདོ་སྨད་ཆོལ་ཁ། རྡ་སར་རྟེན་གཞི་བྱས་པའི་ཆུ་སྒང་དང་རྒྱ་གར་བྱང་ཤར་ཕྱོགས་སུ་རྟེན་གཞི་བྱས་པའི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༤ དང་བོད་ལུགས་དགུང་གྲངས་ ༨༥ ཕེབས་པའི་དགུང་གེགས་ཁེལ་གྱི་ཡོད་པས་བསྟན་འགྲོ་སྤྱིའི་བདེ་དོན་སླད་དུ་དགུང་གེགས་ཀྱི་མཚན་མ་ཕྲ་མོ་ཙམ་ཡང་མི་བཞེས་པ་དང་། ལྷག་པར་དུ་བོད་གངས་པའི་བོད་འབངས་ཡོངས་ཀྱི་མགོན་དཔུང་དམ་པར་༸སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་སོགས་ལ་ཆེད་དམིགས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་ཡོད་པ་ལྟར། སྐབས་དེར་རྒྱ་གར་བྱང་ཤར་ཁུལ་གྱི་ཀ་རྡོར་སྒང་གསུམ་དང་ར་ཝང་ལ་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་འབད་པ་གང་ཐུབ་ཞུ་རྒྱུའི་དམ་བཅའ་ཕུལ་བ་དེ་དངོས་སུ་ལག་བསྟར་ཡང་དག་ཐུབ་ཐུབས་སུ་ས་གནས་ཀྱི་བོད་མི་དང་ཚོགས་པ་ཁག་དབར་ལ་གྲོས་བསྡུར་ཐབས་ཤེས་རིམ་པ་གནང་མཐར་ཁ་སང་ཟླ་ ༤ ཚེས་ ༡༦ ཉིན་དངོས་སུ་ཚོགས་ཆུང་གསར་འཛུགས་ཐུབ་ཡོད་པ་རེད།སྒང་ཏོག་བོད་ཀྱི་སྐད་ཡིག་བདག་འཛིན་ཚོགས་ཆུང་གི་ཚོགས་གཙོ་མཁན་པོ་ཆོས་དབང་ལགས་སུ་ཞལ་པར་བརྒྱུད་ཚོགས་ཆུང་གི་ལས་དོན་དང་མ་འོངས་ལས་གཞི། དེ་བཞིན་ས་གནས་སུ་བོད་ཀྱི་སྐད་ཡིག་གནས་བབས་མི་ཉམས་རྒྱུན་འཛིན་གནང་ཕྱོགས་སོགས་ཀྱི་ཐད་ལ་བཀའ་འདྲི་ཁག་གཅིག་ཞུས་པར་ཁོང་གིས་སྤྱིར་ས་གནས་སུ་དེ་སྔ་ཡོད་བཞིན་པའི་བོད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་ཟིན་རྗེས་ས་གནས་ཀྱི་བོད་ཕྲུག་རྣམས་ལ་བོད་ཡིག་སྦྱོང་ས་མེད་པའི་དཀའ་ངལ་དང་། ས་གནས་ཀྱི་གནས་བབས་དེ་ཁ་ཐོར་གྱི་གནས་སྟངས་ཤིག་ཡིན་སྟབས། བོད་ཀྱི་སྐད་རིག་གཞུང་གཅེས་སྐྱོང་གནང་རྒྱུ་སོགས་ལ་ངལ་བ་འཕྲད་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།  གཞི་རྩའི་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སོགས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་ལ་དམིགས་ཏེ་ལོ་ཤས་ནས་ས་གནས་སུ་གཞོན་ནུ་ཚོགས་པ་དང་། མཁན་པོ་ཆོས་དབང་ལགས་གཙོ་གྱུར་དང་བླངས་པ་ཁག་གཅིག་ནས་གཟའ་མཇུག་ནམ་ཡིན་ལ་ས་གནས་བོད་ཕྲུག་ཚོརལ་བོད་ཡིག་སློབ་ཁྲིད་དང་ནང་ཆོས་ངོ་སོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་རེད།

བོད་ཀྱི་གཟེངས་རྟགས་ཞེས་པའི་བུད་མེད་རྐང་སྤོལ་རྩེད་འགྲན་དབུ་འཛུགས།

ཁ་སང་ཟླ་ ༤ ཚེས་ ༡༥ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་ལྡེ་ར་ལྡུན་བོད་སྒར་དོན་གྲུབ་གླིང་གི་རྩེད་ཐང་དུ་རྒྱ་གར་གྱི་མཐོ་སློབ་ཁག་བཞི་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་བཅས་ཀྱི་དབར་བོད་ཀྱི་གཟེངས་རྟགས་ཞེས་པའི་རྐང་སྤོལ་རྩེད་འགྲན་དབུ་འཛུགས་གནང་ཡོད་པ་རེད།ཐེངས་འདིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཐོག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། རྒྱ་གར་རྒྱལ་ཡོངས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་སློབ་སྟོན་པ་ལྕམ་ Maymol Rocky མཆོག་རྣམ་གཉིས་དབུ་བཞུགས་ཐོག་ས་གནས་འདྲ་མིན་ནས་ཕེབས་པའི་རྩེད་འགྲན་རུ་ཁག་ལྔས་མཉམ་ཞུགས་གནང་ཡོད་པ་རེད།  གསར་འགོད་པས་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་རྩེད་འགྲན་གོ་སྒྲིག་གནང་ཕྱོགས་ཀྱི་བརྒྱུད་རིམ་དང་འགྲན་ཞུགས་རུ་ཁག་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པར་འགྲན་བསྡུར་དེ་ནི་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་འགྲན་བསྡུར་ལ་ཞུགས་པ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཁ་སང་རྩེད་འགྲན་གནང་བ་ལས་བོད་ཀྱི་བུད་མེད་རུ་ཁག་ལ་རྒྱལ་ཁ་ཐོབ་ཡོད་པ་གསུངས་སོང་།ད་དུང་ཁོང་གིས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་དུས་རྒྱུན་ནས་མ་དངུལ་གྱི་དཀའ་ངལ་གང་འཚམས་ཤིག་འཕྲད་ཀྱི་ཡོད་སྟབས་སྤྱི་ཚོགས་ཁྲོད་ནས་མ་དངུལ་གྱི་རོགས་སྐྱོར་གནང་མཁན་ཡོད་ན་ཐུགས་ཕན་ཆེན་པོ་གསོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོ་རུ་ཁག་གི་གྲུབ་ཆ་གཙོ་བོ་ནི་བེུད་མང་ཆེ་བ་སློབ་མ་ཡིན་པ་དང་། དེ་དག་ཀྱང་ས་གནས་འདྲ་མིན་ནས་ཡིན་སྟབས་སྦྱོང་བརྡར་གནང་རྒྱུའི་དུས་ཡུན་དེ་ཙམ་རག་གི་མེད་པ་རེད་འདུགརྩ་བའི་ཐེངས་འདིའི་བོད་ཀྱི་བུད་མེད་ཀྱི་རྩེད་འགྲན་དེ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རུ་ཁག་ལྔའི་དབར་ལ་རྩེད་འགྲན་མཐའ་གནང་རྒྱུ་དང་རྒྱལ་ཁ་སོན་མཁན་རུ་ཁག་ལ་བོད་ཀྱི་གཟེངས་རྟགས་ཀྱི་བྱ་དགའ་འབུལ་རྒྱུ་ཡིན་པ་རེད། བེུད་ཀྱི་རྐང་སྤོལ་རྩེད་འགྲན་གྱི་པར་Tibetan National Sports Association D/sala

དགོན་སློབ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་ལས་གཞིའི་གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་དུ་རྟེན་གཞི་བྱས་པའི་བོད་པའི་དགོན་སྡེ་ཁག་གི་ནང་དོན་རིག་པའི་དགེ་རྒན་ཚོར་ལེགས་གསོལ་གནང་རྒྱུའི་ལས་གཞི་གསལ་བསྒྲགས་གནང་འདུག དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་འདོན་སྤེལ་གནང་བའི་གནས་ཚུལ་ལ་གཞིགས་ན་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་མི་ལོ་ ༦༠ འཁོར་བའི་དུས་ཚིགས་ཁེལ་བ་དང་བསྟུན། མགོན་པོ་༸གང་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་དང་། བླ་ཆེན་དང་མཁན་སློབ་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་དུ་བོད་ཀྱི་ནང་བསྟན་རིག་པའི་ཆོས་བརྒྱུད་བདག་ཉར་གནང་ཐུབ་པ་དང་། འཛམ་བུ་གླིང་ནང་བོད་ཀྱི་ནང་བསྟན་ཆོས་བརྒྱུད་དེ་གཟེངས་སུ་ཐོན་ཐུབ་པ་བྱུང་བ་མ་ཟད། སྒོས་༸གོང་ས་མཆོག་གི་དགོངས་གཞི་རྒྱ་གར་གྱི་གནའ་བོའི་རིག་གཞུང་༸དཔལ་ནཱ་ལནྡཱིའི་ཆོས་བརྒྱུད་སླར་གསོ་དང་ངོ་སྤྲོད་དོན་དུ་དགོན་སློབ་ཁག་ལ་མཐུན་འགྱུར་ཞུ་ཕྱིར་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གཙོ་གྱུར་སྒྲུབ་སྡེ་ཁག་གི་སྒོམ་ཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་དོན་རིག་པའི་དགེ་རྒན། དེ་བཞིན་དགོན་སྡེ་ཆུང་ཁག་གི་དཔེ་སློབ་དགེ་རྒན་བཅས་ཁྱོན་དགེ་རྒན་ ༤༡༦ ཙམ་ཞིག་ལ་འདི་ལོའི་ཟླ་བ་ ༤ པ་ནས་བཟུང་ཟླ་རེར་ཧིན་སྒོར་ ༣༠༠༠ རེ་ཕུལ་རྒྱུ་ཡིན་པ་དང་། དེ་ཡང་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་ཡིན་པ་རེད་འདུགགཞི་རྩའི་ཆོས་རིག་ལས་ཁུངས་ཀྱིས་དགོན་སློབ་ཁག་གི་དགེ་རྒན་ཚོར་གསོལ་དོད་ཕུལ་རྒྱུ་དེ་ལས་གཞི་གསར་པ་ཞིག་ཡིན་པ་མ་ཟད། ཉེ་ལམ་གྲུབ་ཟིན་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ ༧ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་འཆར་འབུར་སྐབས་ཆོས་རིག་ལས་ཁུངས་བརྒྱུད་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་དཀོན་གཉེར་ལ་གསོལ་ཕོགས་སྒོར་ས་ཡ་བཅུ་དྲུག་དང་དྲུག་འབུམ་རྒྱབ་གཉེར་ཞུས་པ་དང་ཕྱོགས་མཚུངས། དགོན་སྡེ་ཁག ༣༠༠ ལྷག་གི་དཔེ་ཁྲིད་དགེ་རྒན་ལ་གསོལ་ཕོགས་གི་དོད་ཕུལ་རྒྱུའི་བཀའ་འཁྲོལ་བྱུང་བ་རེད།   སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དཔེ་ཁྲིད་དགེ་རྒན་ཚོར་དོད་ཕུལ་འཆར་གྱི་རྒྱབ་ལྗོངས་དང་སྦྲགས། དཔེ་ཁྲིད་དགེ་རྒན་ཚོར་གཟིགས་སྐྱོང་གནང་རྒྱུའི་དགོངས་པ་དེ་དེ་སྔ་ནས་ཡོད་སྟབས། ད་རེས་གདན་ས་ཁག་གི་གཞུང་ཆེན་གྱི་དཔེ་ཁྲིད་དགེ་རྒན་གྱིས་གཙོས་པའི་རིས་མེད་དགོན་སྡེ་ཆེ་ཆུང་ལ་གནང་རྒྱུ་དེ་དགོན་སྡེ་ཁག་ནས་ཡར་ཞུས་པ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ནས་དགོན་ཁག་གི་དགེ་རྒན་ཚོར་དགོངས་པ་ཆེ་བཞེས་གནང་ནས་གཏན་འབེབས་གནང་བ་ཡིན་སྐོར་སོགས་གསུངས་ཡོད།

བོད་མི་ཚོས་༸གོང་ས་མཆོག་གི་མཛད་འཆར་ཁག་ཉུང་འཕྲི་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག

བོད་མིའིབླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་པར་༸སྐུའི་མཛད་འཕྲིན་ཁག་ལ་རག་ལས་ཀྱི་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་སྤྱིའི་བདེ་རྩར་དམིགས་ཏེ་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཕེབས་རྒྱུའི་མཛད་འཆར་ཁག་ཉུང་འཕྲི་གནང་དགོས་པ་མ་ཟད། ༸རྒྱལ་བའི་ཕོ་བྲང་དུ་མང་ཚོགས་ནས་མགོན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་དེའང་ཉུང་དུ་གཏོང་རོགས་ཞེས་བོད་མི་ཚོས་སེམས་ཚོར་ཆེན་པོས་འབོད་སྐུལ་གསོལ་འདེབས་ཞུ་བཞིན་འདུགདྷ་ས་ས་གནས་མི་མང་ཚོགས་ཁང་དུ་ཁ་ཉིན་ཚེས་ ༨ ནས་དབུ་འཛུགས་ཀྱིས་ཉིན་གསུམ་གྱི་རིང་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ནང་སྲིད་ལས་ཁུངས་ནས་བཀོད་ཁྱབ་གནང་དོན་ལྟར་༸རྒྱལ་བའི་སྐུ་ཕྱྭའི་སླད་དུ་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་པ་ལྟར། ས་གནས་མི་མང་ ༡༥༠ ལྷག་འདུ་འཛོམས་གནང་བའི་སར་གསར་འགོད་པ་ཆེད་བཅར་གྱིས་བོད་མི་རྒན་གྲས་ཁག་གཅིག་དང་བཀའ་མོལ་ཞུས་པར་ཁོང་རྣམ་པས་སེམས་འཚབ་ཆེན་པོས་མིག་ཆུ་གཏོང་བཞིན་ཁ་སང་༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བདེ་མིན་རྐྱེན་གྱིས་གློ་བུར་དུ་རྒྱ་གར་གྱི་རྒྱལ་ས་ལྷི་ལིར་ཆིབས་བསྒྱུར་མཛད་དགོས་བྱུང་བ་དེར་མང་ཚོགས་ནས་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པའི་ཁར་ཚང་མས་ཞལ་གཅིག་གྲག་གིས་༸སྐུའི་མཛད་འཆར་ཁག་ཉུང་འཕྲི་གནང་རོགས་ཞེས་འབོད་སྐུལ་གསོལ་འདེབས་ཞུ་བཞིན་འདུག རྩ་བའི་ཁ་སང་སྔ་དྲོ་༸གོང་ས་མཆོག་མགུལ་ཆམ་བཞེས་ཏེ་མགུལ་གློར་མཉན་ཕྲན་བྱུང་བ་ལྟར་རྒྱལ་ས་ལྡི་ལིའི་ Max སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་ཡོད་སྟབས། བོད་མི་གནས་ཡུལ་ས་གནས་ཁག་དང་གདན་ས་ཁག་ཏུ་༸སྐུ་ཕྱྭའི་ཞབས་རིམས་གསོག་སྒྲུབ་དང་། དེ་བཞིན་བོད་རིགས་ཚོས་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ཐོག་བློ་འཚབ་ཆེན་པོའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་གསོ་དང་མགྱོགས་མྱུར་༸སྐུ་ཁམས་གསལ་ཐང་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་ཡོད་པ་མ་ཟད་མང་ཚོགས་ཀྱི་ཁྲོད་ནས་སྐབས་དེར་སེམས་འཚབ་ཆེན་པོ་བྱུང་སྐོར་གསུངས་སོང་།གཞི་རྩའི་ཁ་སང་རླུང་འཕྲིན་ཁང་ནས་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས་༸གོང་ས་མཆོག་ལ་མགུལ་ཆམ་བཞེས་རྐྱེན་མགུལ་གློར་གཉན་ཕྲན་བཞེས་པ་མ་གཏོགས། དེ་མིན་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ལ་ཛ་དྲག་གང་ཡང་མེད་པར་འགྲེལ་བརྗོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཉིན་ཤས་རིང་སྨན་ཁང་དུ་༸སྐུ་བཞུགས་མཛད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད།

Latest news