བོད་མིའི་སྒྲིག་འཛུགས།

ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སཱར་བཱེ་སིལ་གཱུལ་ཌི་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད།

དེ་རིང་ཞོགས་པ་ཕྱག་ཚོད་ ༡༠ ཡོལ་ཙམ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་ཐོག ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་ Frontier Diplomacy: Britain, Tibet and Sir Basil Gould འམ་ཨིན་བོད་འབྲེལ་ལམ་དང་འབྲས་སྤྱི་སཱར་བཱེ་སིལ་གཱུལ་ཌི་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་། https://www.youtube.com/watch?v=JN5WViw2nn0 དེ་ཡང་དབུ་འབྱེད་མཛད་སྒོའོ་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་ Sir Basil Gould ལགས་ཀྱི་ཚ་མོ་ Frances Cutler མཆོག་དང་ཁོང་གི་སྐུ་ཟླ་ Jonathan ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་མི་སྣ་བཅུ་ཕྲག་ཁ་ཤས་འདུ་འཛོམས་གནང་ཐོག ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། སྐུ་ཞབས་བཱེ་སིལ་གཱུལ་ཌི་ཁོང་ནི་ཡུན་རིང་བོད་དང་འབྲེལ་བ་ཡོད་པའི་ཨིན་ཇིའི་གཞུང་ཞབས་ཞིག་ཡིན་པའི་ཆ་ནས་གཞུང་དོན་གྱི་འབྲེལ་བ་དང་རིག་གཞུང་བརྗེ་རེས། ལོ་རྒྱུས་ཡིག་ཚགས་སྲུང་སྐྱོབ་བཅས་ཀྱི་གསུམ་མདོའི་འཕྲད་མཚམས་སུ་ལས་དོན་གཉེར་བར་འོས་འཚམ་གྱི་གནས་བབ་བཟུང་མཁན་ཞིག་ཆགས་ཡོད་སྟབས། འགྲེམས་སྟོན་འདིའི་ནང་འབྲས་སྤྱི་སྐུ་ཞབས་ཁོང་རང་ཉིད་ཀྱི་བརྩམས་ཆོས་དང༌། གཞུང་འབྲེལ་འཕྲིན་ཡིག དེ་བཞིན་པར་རིས་དཀོན་རིགས་བཅས་ཟུར་འདོན་བྱས་ཏེ་ཁོང་ཐོག་མར་རྒྱལ་རྩེར་ལས་དོན་བསྐོ་བཞག་བྱས་པ་ནས་འགོ་ཚུགས་ཏེ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸རྒྱལ་བའི་ཡང་སྲིད་རྩད་གཅོད་ངོས་འཛིན། དེ་བཞིན་གསེར་ཁྲིར་མངའ་གསོལ་བཅས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་འགྲུལ་བཞུད་བཏོན་པའི་བརྒྱུད། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དུ་མ་བྱེད་བཞིན་པའི་ཁྲོད་སྐུ་ཞབས་ཁོང་གི་པར་རིས་ཕྱག་དེབ་དང་ཡིག་ཚགས་ཁག་གིས་སྐབས་དེར་བོད་གཞུང་གིས་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་ལས་དོན་ལ་ཞུགས་ཚུལ་ཀྱི་དཔང་རྟགས་དཀོན་པོ་ཞིག་སྤྲོད་ཀྱི་ཡོད་པ་གསུངས་སོང་། མ་ཟད། འགྲེམས་སྟོན་གྱི་དམིགས་བཀར་དོ་སྣང་བྱ་ས་གཙོ་བོ་ཞིག་ནི། འབྲས་སྤྱི་བཱེ་སིལ་གཱུལ་ཌི་དང་ཐད་ཀར་འབྲེལ་བ་ཡོད་པའི་དངོས་པོ་ཁག་གཅིག་ཡིན་ཞིང༌། དེའི་ནང་ནས་གལ་ཆེ་ཤོས་ནི་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་སྟག་བྲག་པཎྜི་ཏ་ཧོ་ཐོག་ཐུ་རྣམ་གཉིས་ཀྱིས་སྩལ་བའི་འཕྲིན་ཡིག་ངོ་མ་གཉིས་པོ་དེ་ཆགས་ཀྱི་ཡོད་པ་དང་ཆབས་ཅིག ཡིག་འཕྲིན་དེ་དག་བཱེ་སིལ་གཱུལ་ཌི་ལ་གནང་བ་ཞིག་ཡིན་ཞིང་། དེའི་ནང་ཨ་རི་རྒྱལ་ཁབ་ནས་དངུལ་བརྗེ་ལེན་དང་ཚོང་འབྲེལ་གྱི་གནད་དོན་གཞན་དག་ཐོག་རོགས་རམ་དགོས་པའི་རེ་འདུན་བཏོན་ཡོད་པ་གསུངས་ཏེ། འགྲེམས་སྟོན་འདིའི་དངོས་པོའི་གཙོ་བོར་གྱུར་པའི་འཕྲིན་ཡིག་འདི་དག་གིས་རྒྱ་ནག་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་འཛམ་གླིང་གི་མི་མང་ལ་བསླུ་བྲིད་གཏོང་བཞིན་པ་དེར་དགག་ལན་དང་། བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་གནང་གི་ཡོད་པ་གསུངས་སོང་། མཛད་སྒོ་གྲུབ་མཚམས་དུས་ཐུང་འགྲེམས་སྟོན་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། Sir Basil Gould ལགས་ནི་དེ་སྔ་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ཡོད་པའི་སྐབས་ཀྱི་འབྲས་ལྗོངས་དང་འབྲུག་བོད་བཅས་ཀྱི་དབྱིན་ཇིའི་གཞུང་ཚབ་ཡིན་པ་དང་། ཁོང་ནས་ཕྱི་ལོ་ ༡༩༡༢ ནས་ ༡༩༡༣ བར་བོད་ཀྱི་རྒྱལ་རྩེར་ཡོད་པའི་དབྱིན་ཇིའི་ཚོང་དོན་སྐུ་ཚབ་གནང་བ་མ་ཟད། ཕྱི་ལོ་ ༡༩༣༦ ལོར་སླར་ཡང་ལྷ་སར་ཕེབས་ཏེ་བོད་མིར་དམག་གི་རོགས་རམ་དང་། དེའི་རྗེས་རྒྱ་གར་གྱི་སྙན་གྲགས་ཅན་གྱི་རི་མོ་བ་ Krishna Kanwal ཀིརཥྞ་ཀན་ཝལ་ལགས་དང་ལྷན་ཕྱི་ལོ་ ༡༩༤༠ ལོར་ལྷ་སའི་ནང་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་ཁྲི་འདོན་མཛད་སྒོའི་སྐབས་སྐུ་མགྲོན་དུ་ཕེབས་མྱོང་མཁན་ཞིག་ཆགས་ཀྱི་ཡོད་སྟབས། སྐུ་ཞབས་ཁོང་གི་ Jewel In the Lotus ལྟ་བུའི་བརྩམས་ཆོས་དང༌། གཞུང་འབྲེལ་འཕྲིན་ཡིག དེ་བཞིན་པར་རིས་དཀོན་རིགས་བཅས་ནི་བོད་དེ་ལོ་རྒྱུས་ཀྱི་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ཁུངས་སྐྱེལ་གནང་རྒྱུའི་རྒྱུ་ཆ་གཙོ་བོ་གཅིག་ཆགས་ཀྱི་ཡོད་པ་གསུངས་སོང་། མ་ཟད། སྔ་ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Bonhams རིན་སྡུར་ཚོང་བསྒྱུར་ཁང་དུ། སྐུ་ཞབས་ Basil ལགས་ཀྱིས་བསྐྱོན་གནང་བའི་པར་རིས་ཕྱག་དེབ་དང་ཡིག་ཚགས་ཁག་གཅིག་འགྲེམས་སྤེལ་གྱིས་རིན་སྡུར་ཚོང་སྒྱུར་གནང་ཡོད་པ་དང་། དེ་དག་ཁོངས་ནས་དམིགས་བསལ་གྱི་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་ཀྱི་ཡིག་ཚགས་ཁག་གཅིག་སྐུ་ཞབས་ Basil ལགས་ཀྱི་ནང་མི་ནས་བོད་མིའི་སྒྲིག་འཛུགས་ལ་ཕུལ་ཡོད་སྐོར་གསུངས་སོང་། དེ་བཞིན་ལྕམ་སྐུ་ Frances Cutler མཆོག་གིས། ང་ཚོས་འདིར་ཡོད་པར་ཧ་ཅང་གཟི་བརྗིད་ཚོར་བྱུང་ལ། ངས་འདས་པའི་བདུན་ཕྲག་ཁ་ཤས་རིང་འགྲེམས་སྟོན་ཁང་མང་པོ་མཐོང་ཡོད་ཀྱང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདི་རྒྱ་གར་ནང་གི་འགྲེམས་སྟོན་ཁང་ཡག་ཤོས་ཡིན་པ་ཚོར་བྱུང་། ངའི་ཕ་མ་གྲོངས་ནས་བཟུང་། ངས་རང་ཉིད་སུ་ཡིན་པ་འཚོལ་ཐབས་བྱས་པ་ཡིན། གལ་ཏེ་ང་རང་སྤོ་བོ་དང་ཅུང་ཙམ་འདྲ་བ་ཡོད་ན། ང་རང་ཧ་ཅང་དགའ་སྤོབས་སྐྱེ་ངེས་ཡིན། རྒྱུ་མཚན་ནི་ཁོང་གིས་བོད་དང་བོད་མིར་ཧ་ཅང་དགའ་པོ་ཡོད་པ་ཤེས་ཀྱི་ཡོད། ང་ལྟ་བུར་ཆ་མཚོན་ན་ཆུང་དུས་ནས་བོད་མི་དང་ལྷན་འཚར་ལོངས་བྱུང་བ་ཞིག་ཡིན།དེར་བརྟེན། ངའི་བཟའ་ཟླ་དང་ང་རང་འདིར་ཡོང་ནས་སྲིད་སྐྱོང་ཐུག་འཕྲད་མཚོན་འགྲེམས་སྟོན་ནང་མཉམ་བཞུགས་གནང་ཐུབ་པ་དེ་གཟི་བརྗིད་ཡིན་པ་ཚོར་བྱུང་ཅེས་གསུངས་སོང་། མ་ཟད། ཁ་སང་༸གོང་ས་མཆོག་དང་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས་སེམས་འགུལ་ཆེན་པོ་ཐེབས་སོང་ཞེས་གསུངས་སོང་། གཞི་རྩའི་ཁ་སང་ Sir Basil Gould སཱར་བཱེ་སིལ་གཱུལ་ཌི་ལགས་ཀྱི་ཚ་མོ་ Frances Cutler མཆོག་དང་ཁོང་གི་སྐུ་ཟླ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་དང་། ༸མགོན་པོ་མཆོག་ནས་ཀྱང་ཐུགས་བརྩེ་བ་ཆེན་པོས་ལྕམ་སྐུ་ཁོང་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཞིག་བྱིན་རླབས་ཚུལ་དུ་གནང་ཡོད་པ་རེད།

ཅེག་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བསྐྱར་ནན་གནང་འདུག

ཉེ་ལམ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ནང་ཉིན་གསུམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཡོད་པ་དང་། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་ཡུལ་དེའི་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་བརྒྱུད་བོད་དོན་དང་འབྲེལ་བའི་གནད་དོན་གཙོ་བོ་ཁག་དང་། མ་འོངས་པར་ཞིབ་འཇུག་མཉམ་ལས་བྱ་རྒྱུའི་ནུས་པའི་སྐོར་སོགས་གྲོས་མོལ་གནང་ཡོད་པ་མ་ཟད། ཅེག་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་ཐུབ་པ་བྱུང་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་ལས་དོན་གལ་ཆེ་ཤོས་ཤིག་ནི། ཅེག་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་གནང་བ་དེ་ཡིན་པ་དང་། དེ་ནི་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ པའི་ནང་གྲོས་ཚོགས་འོག་མའི་འཐུས་མིའི་འོས་བསྡུ་གནང་བའི་རྗེས་སུ་བོད་དོན་ལས་འགུལ་ནང་གཞེན་སྐུལ་དང་དམ་བཅའ་གསར་པ་ཞིག་བཞག་པའི་མཚོན་རྟགས་ཡིན་པ་གསུངས་འདུག ཐེངས་འདིའི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་དུ་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མང་པོས་མཉམ་ཞུགས་དང་རྒྱབ་སྐྱོར་གནང་བ་དང་། དེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། དྲང་བདེན་བཅས་ཀྱི་གཞི་རྩའི་ལམ་ལུགས་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་བའི་རྣམ་པ་གསལ་པོར་བཏོན་ཡོད་པ་མ་ཟད། སྲིད་དོན་གྱི་ལྟ་བ་མི་འདྲ་བའི་འཐུས་མི་རྣམས་འདི་ལྟར་གཅིག་ཏུ་བསྒྲིལ་བ་དེས་བོད་དོན་ཐོག་བཟང་སྤྱོད་ཀྱི་འགན་འཁྲི་ཟབ་མོ་ཡོད་པ་མཚོན་གྱི་ཡོད་སྐོར་འཁོད་འདུག དེ་བཞིན་གལ་ཆེའི་གོམ་པ་འདིའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ནུས་པ་ལྡན་པའི་བརྡ་ལན་ཞིག་སྤྲད་ཡོད་ཅིང་། དེ་ནི་དེང་གི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ནང་དུའང་ཅེག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བདེན་པ་དང་། དྲང་བདེན། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བ་མཚོན་གྱི་ཡོད་པ་དང་། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བསྐྱར་གསོ་གནང་བ་དེས་སྲིད་དོན་གྱི་གདུང་སེམས་མཉམ་སྐྱེད་ཙམ་མ་ཟད། རྒྱལ་སྤྱིའི་སྟེང་བོད་མིའི་ཐོབ་ཐང་དང་རང་དབང་ལ་མུ་མཐུད་ཞུ་གཏུག་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་མཚོན་གྱི་ཡོད་པ་དང་། དེས་དྲང་བདེན་འཚོལ་མཁན་རྣམས་ཀྱི་ནུས་པ་སྤེལ་བའི་ཐོག འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་འདི་ནི་ཀུན་ལ་ཁྱབ་པའི་སྤྱི་ཡོངས་ཀྱི་འགན་འཁྲི་ཞིག་ཡིན་པ་འཛམ་གླིང་ལ་དྲན་སྐུལ་བྱས་ཡོད་ཅེས་གསལ་སྟོན་གནང་འདུག རྩ་བའི་འདི་ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད། དེ་བཞིན་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ། ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། འདིས་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་། སྒྲིག་འཛུགས་ཅན་གྱི་བཙན་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་བལ་ཡུལ་གྱི་སྲིད་བློན་གསར་པ་སྐུ་ཞབས་བཱ་ལེན་ཌ་རཱ་ཤཱ་མཆོག་ལ་འཚམས་འདྲི་ཞུས་འདུག

གཞས་མ་གཏམ་གྱི་གླུ་བ་ནས་སྲིད་དོན་པར་གྱུར་བ་སྐུ་ཞབས་ Balendra Shah མཆོག་ནས་ཁ་སང་རེས་གཟའ་པ་སངས་ཉིན་བལ་ཡུལ་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུས་པ་དང་འབྲེལ།  དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྐུ་ཞབས་བཱ་ལེན་ཌ་རཱ་ཤཱ་མཆོག་ལ་འཚམས་འདྲི་ཞུས་འདུག དེའང་ཁ་སང་ཕྱི་ཚེས་ ༢༧ ཉིན་བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་དུ་རྟེན་གཞི་བྱས་པའི་ Sheetal Niwas ཞེས་སྲིད་འཛིན་གྱི་བཞུགས་གནས་སུ་བལ་ཡུལ་གྱི་སྲིད་འཛིན་ Ram Chandra Paudel མཆོག་གིས་གཙོ་སྐྱོང་བཀོད་སྒྲིག་དང་། ཧིན་རྡུ་དང་ནང་པའི་དགེ་འདུན་པའི་སྨོན་ལམ་གསུང་འདོན་འོག བལ་ཡུལ་གྱི་ལོ་རྒྱུས་ནང་ད་བར་གྱི་སྲིད་བློན་ལོ་ན་ཆུང་ཤོས་ཡིན་པ་སྐུ་ཞབས་ Balendra Shah བྷ་ལེན་ཌ་ར་ཤཱ་མཆོག་ནས་སྲིད་བློན་གྱི་དམ་འབུལ་ཞུས་ཡོད་པ་རེད། དམ་འབུལ་གྱི་མཛད་སྒོའི་ཁྲོད་སྐུ་ཞབས་བྷ་ལེན་ཌ་ར་ཤཱ་མཆོག་ནས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཟུར་པ་ Shishir Khanal མཆོག་ཡུལ་དེའི་ཕྱི་སྲིད་བློན་ཆེན་དང་།  Harvard མཐོ་སློབ་ནས་བསླབ་པ་མཐར་སོན་བྱུང་བའི་དཔལ་འབྱོར་རིང་ལུགས་མཁས་པ་ Swarnim Wagle ལགས་དཔལ་འབྱོར་བློན་ཆེན། དེ་བཞིན་བལ་ཡུལ་ནང་གི་གཞོན་སྐྱེས་ཚོའི་ལས་འགུལ་སྣེ་འཁྲིད་གནང་མཁན་གཙོ་བོའི་གྲས་སུ་ཡོད་པ་སྐུ་ཞབས་ Sudan Gurung ལགས་ནང་སྲིད་བློན་ཆེན་དུ་བསྐོ་བཞག་སོགས་ཁོང་གི་བཀའ་ཤག་ནང་གི་བློན་ཆེན་མང་ཆེ་བ་རང་ལོ་ ༢༠ དང་ ༣༠ ཡི་ནང་ཆགས་ཀྱི་ཡོད་པ་རེད་འདུག སྒྲ།།། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་ ༡༢ པའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་སྐུ་ཞབས་ Balendra Shah མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྐུར་གནང་ཡོད་སྐོར་གསུང་བ་མ་ཟད། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་ནས་ཀྱང་རང་གི་ X སྤྱི་ཚོགས་དྲྭ་ལམ་ཐོག་འཚམས་འདྲི་དང་འབྲེལ། སྐུ་ཞབས་ཁོང་སྲིད་བློན་དུ་བསྐོ་བཞག་བྱུང་བ་དེ་ནི་བལ་ཡུལ་མི་མང་གི་ཡིད་ཆེས་བློ་གཏད་མཚོན་གྱི་ཡོད་པ་དང་། རྒྱ་གར་དང་བལ་ཡུལ་དབར་གྱི་བཟང་པོའི་འབྲེལ་ལམ་སྔར་ལྷག་གོང་འཕེལ་གཏོང་རྒྱུར་མཉམ་ལས་ཐོག་རེ་སྒུག་གནང་བཞིན་ཡོད་པ་གསུངས་འདུག དེ་བཞིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Lin Jian གྱིས་ X སྤྱི་ཚོགས་དྲྭ་ལམ་ཐོག་རྒྱ་ནག་གི་ཚབ་བྱས་ཏེ་སྐུ་ཞབས་བྷ་ལེན་ཌ་ར་ཤཱ་མཆོག་ལ་འཚམས་འདྲི་དང་སྦྲགས།  རྒྱ་ནག་ངོས་ནས་བལ་ཡུལ་དང་ལྷན་དུ་སྲོལ་རྒྱུན་གྱི་མཛའ་འབྲེལ་དང་དོན་དངོས་ཀྱི་མཉམ་ལས་གོང་འཕེལ་གཏོང་རྒྱུར་གྲ་སྒྲིག་ཨང་སར་ཡིན་པ་བརྗོད་འདུག སྤྱིར་ཉེ་ལམ་བལ་ཡུལ་གྱི་འོས་བསྡུ་ཆེན་མོའི་ནང་།  སྐུ་ཞབས་ Balendra Shah མཆོག་གིས་སྣེ་འཁྲིད་པའི་ལོ་ངོ་གསུམ་ལས་ཕྱིན་མེད་པའི་ Rastriya Swatantra Party (RSP) ལ་ཚད་མཐོའི་རྒྱལ་ཁབ་ཐོབ་པ་དང་། གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཁོང་ལ་ཡུལ་དེའི་ནང་ཆབ་སྲིད་བརྟན་ལྷིང་སླར་གསོ་བྱ་རྒྱུ་དང་། གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུའི་འགན་འཁྲི་ཡོད་པ་གསུང་བཞིན་ཡོད་པ་རེད། མ་ཟད་བལ་ཡུལ་གྱི་ཆབ་སྲིད་དབྱེ་ཞིབ་པ་ Puranjan Acharya ལགས་ཀྱིས། བལ་ཡུལ་གྱི་སྲིད་གཞུང་གསར་པའི་ངོས་ལ་ཐོག་མའི་འགན་འཁྲི་ནི་སྔ་ལོ་ཡུལ་དེའི་ནང་ལྐོག་ཟ་རུང་སུངས་ལ་ངོ་རྒོལ་གྱིས་ཟིང་འཁྲུག་ལངས་པ་དེའི་ཐོག་ཞིབ་འཇུག་ཚོགས་ཆུང་གིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ཟིང་འཁྲུག་གི་རྒྱུ་རྐྱེན་མི་སྣ་སྲིད་བློན་ཟུར་པ་ K.P. Sharma Oli ཚུད་པའི་གཞན་ཚོར་ཁྲིམས་ཆད་གཏོང་དགོས་པའི་མང་ཚོགས་ཀྱི་རེ་འདུན་དེ་དག་ལག་བསྟར་གནང་རྒྱུ་དེ་ཡིན་པ་གསུངས་འདུག དེ་འབྲེལ་ཁ་སང་སྐུ་ཞབས་བྷ་ལེན་ཌ་ར་ཤཱ་མཆོག་ནས་སྲིད་བློན་གྱི་དམ་འབུལ་ཞུས་རྗེས་འཛིན་སྐྱོང་ལས་དོན་འགོ་འཛུགས་ཞུས་མ་ཐག་དེ་རིང་ཕྱི་ཚེས་ ༢༨ ཉིན་སྔ་ལོའི་ཡུལ་དེའི་སྲིད་བློན་ཟུར་པ་ K.P. Sharma Oli འཛིན་བཟུང་བྱས་ཡོད་པ་རེད་འདུག སྤྱིར་བལ་ཡུལ་ནང་བཙན་བྱོལ་བོད་མི་གང་ཙམ་ཞིག་གནས་སྡོད་གནང་བཞིན་པ་དང་། འདི་ག་རླུང་འཕྲིན་ཁང་གིས་དེ་སྔོན་ཁུལ་དེའི་ནང་གནས་སྡོད་བོད་མི་ཁག་གཅིག་ལ་བཀའ་འདྲི་ཞུ་སྐབས་ད་རེས་ཀྱི་འོས་བསྡུ་ཆེན་མོའི་ནང་སྐུ་ཞབས་  Balendra Shah མཆོག་གིས་སྣེ་འཁྲིད་པའི་(RSP) ལ་ཚད་མཐོའི་རྒྱལ་ཁབ་ཐོབ་པར་དགའ་བསུ་ཞུས་པ་དང་འབྲེལ། བལ་ཡུལ་གྱི་གཞུང་གསར་པའི་ཕྱི་འབྲེལ་སྲིད་བྱུས་ལ་དེ་ཙམ་འགྱུར་བ་འགྲོ་བ་ཞིག་གཟིགས་ཀྱི་མེད་ཀྱང་། རྒྱ་ནག་ལས་ལྷག་ཨ་རིར་རྟེན་སྲིད་པའི་ཚོད་དཔག་གནང་བཞིན་པ་དང་། དེ་སྔའི་རྒྱ་ནག་གཅིག་གི་སྲིད་བྱུས་ལའང་འགྱུར་བ་འགྲོ་བའི་རེ་བ་དེ་ཙམ་གཟིགས་ཀྱི་མེད་པ་དེ་ལྟར་ཡང་། བོད་མིའི་ཐོག་བཞེངས་ཕྱོགས་གུ་ཡངས་སུ་འགྲོ་བའི་རེ་བ་གཟིགས་ཀྱི་ཡོད་སྐོར་གསུང་མཁན་བྱུང་ཡོད།

སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་འགན་ཁང་ལགས་ནས་ཧྥ་རན་སིའི་སྲིད་འཛིན་ Macron དང་མཇལ་འཕྲད།

སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་རིག་འཛིན་འགན་ཁང་ལགས་ནས་ཧྥ་རན་སིའི་སྲིད་འཛིན་ Macron དང་མཇལ་འཕྲད།

སྒྱུ་རྩལ་དང་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་གཏམ་བཤད་ལས་རིམ་སྐོང་འཚོགས།

ཁ་སང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག Understanding China’s System of Political Repression: Voices of Resistance through Art and Journalism འམ་རྒྱ་ནག་གི་ཆབ་སྲིད་དྲག་གནོན་ལམ་ལུགས་ལ་རྒྱུས་ལོན་བྱེད་པ། སྒྱུ་རྩལ་དང་གསར་འགོད་བརྒྱུད་ནས་འགོག་རྒོལ་ཞེས་པའི་བརྗོད་གཞིའི་ཐོག་ཆེད་མཁས་པའི་གཏམ་བཤད་ལས་རིམ་ཞིག་སྐོང་འཚོགས་གནང་སོང་། དེ་ཡང་གཏམ་བཤད་ཀྱི་ལས་རིམ་དེའི་ཐོག་རྒྱ་གཞུང་གིས་ལོ་ ༣ དང་ཟླ་བ་གཉིས་ལྷག་འཛིན་བཟུང་བཀག་ཉར་བྱས་པའི་ཨོ་སྟྲེ་ལི་ཡའི་མི་སེར་ཡིན་པའི་གསར་འགོད་པ་ Cheng Lei དང་། རྒྱ་ནག་གི་དྲག་གནོན་ཐེངས་མང་མྱོང་མཁན་ཨོ་གླིང་གནས་བཞུགས་རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ Badiu Cao གཉིས་ཆེད་ཕེབས་གནང་ཡོད་ཅིང་། ཁོང་རྣམ་གཉིས་ནས་རྒྱ་གཞུང་གིས་ཁུལ་དེ་ཙམ་མ་ཟད་ཕྱི་ཕྱོགས་སུ་གནས་སྡོད་བྱེད་བཞིན་པའི་རྒྱ་གཞུང་ལ་སྐྱོན་བརྗོད་གནང་མཁན་གྱི་གསར་འགོད་པ་དང་སྒྱུ་རྩལ་བར་དྲག་གནོན་ཇི་ཙམ་བྱེད་ཀྱི་ཡོད་པ་དང་། ལྷག་པར་རྒྱ་ནག་དང་ཚོར་བ་རྣོ་བའི་བོད་དང་ཤར་ཊུར་ཀི་སི་ཐན། དེ་བཞིན་ཧོང་ཀོང་བཅས་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་ཁག་རྒྱལ་སྤྱིའི་ཁྲོད་དྲང་བདེན་དང་ལྷད་མེད་པར་བརྒྱུད་སྒྲོགས་བྱས་པར་བཀག་སྡོམ་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་ཆབས་ཅིག  གནས་ཚུལ་དེ་ལྟར་བྱུང་བ་ནི་རྒྱའི་བཙན་གནོན་འོག་དྲག་གནོན་མྱོང་བཞིན་པ་རྣམས་ལ་གྱོང་གུན་ཆེན་པོ་ཙམ་མ་ཟད། གསར་འགོད་རང་དབང་དང་སྒྱུ་རྩལ་བའི་རང་དབང་གི་ཁོར་ཡུག་ལ་དོ་ཕོག་ཕྱིན་པ་དེས། རྒྱ་ནག་གཞུང་གི་འཁྱོག་བཤད་ལ་ཁ་གཏད་ཀྱི་བརྒྱུད་ལམ་ཐོག་དོ་ཕོག་ཆེན་པོ་རེད་ཅེས་གསུངས་སོང་། སྐབས་དེར་རྒྱ་ནག་གི་བཙོན་ཁང་ནང་མི་ལོ་ ༣ ལྷག་བཞུགས་མྱོང་མཁན་རྒྱ་རིགས་གསར་འགོད་པ་ Cheng Lei ཡིས། ཁོང་གིས་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་རྒྱ་ནག་གི་གསར་ཁང་ CCTV  དང་ CNBC གཉིས་ཀྱི་ནང་ལོ་ངོ་ ༢༠ ཙམ་ཕྱག་ལས་གནང་བའི་ཁྲོད། རྒྱ་གཞུང་གིས་གསར་ཁང་ཁག་གིས་ཆོས་ལུགས་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་ཆོག་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ Olympic སྐབས། རྒྱ་ནག་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་དང་ཞིབ་བཤེར་ཤུགས་ཆེན་བྱས་ཐོག གསར་འགོད་པ་རྣམས་ཀྱིས་གནས་ཚུལ་ག་རེ་བཀོད་ཆོག་མིན་དང་། གནས་ཚུལ་གང་འདྲ་བཀོད་དགོས་པ་སོགས་ཀྱི་ལམ་སྟོན་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། སྐབས་དེའི་གསར་འགོད་པ་མང་པོ་ཞིག་གིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པ་དང་རྒྱལ་སྤྱིའི་འབྲེལ་བ་ཇེ་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་ནག་གི་གསར་འགྱུར་ཁོར་ཡུག་རིམ་བཞིན་རང་དབང་ཅན་དུ་བསྒྱུར་རྒྱུའི་རེ་བ་བཟང་པོ་བཅངས་ཡོད་ཀྱང་། ཞི་ཅིན་ཕིང་གིས་རྒྱ་ནག་གི་སྲིད་འཛིན་བྱེད་བཞིན་པའི་དུས་ཡུན་ནང་གསར་འགོད་པར་དེ་སྔ་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་ཐོག སྔོན་མ་ཁ་ཁུ་སིམ་པོར་བཞུགས་ན་བདེ་འཇགས་ཡིན་པའི་བཤད་སྲོལ་ཡོད་ཀྱང་། དེང་སྐབས་སྐད་ཤུགས་ཆེན་པོས་རྒྱ་གཞུང་དང་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་མ་བྱས་ན་དཀའ་ངལ་འཕྲད་ངེས་རེད་ཅེས་གསུངས་སོང་། མ་ཟད། རྒྱ་གཞུང་དང་ཚོར་བ་སྐྱེན་པོ་ཡོད་པའི་བོད་དང་ཐེ་ཝན། ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན། དེ་བཞིན་རྒྱ་ནག་རྒྱལ་ནང་དུ་གཞུང་ལ་ངོ་རྒོལ་བཅས་ཀྱི་དོན་རྐྱེན་དང་འབྲེལ་གནས་ཚུལ་ཁྱབ་སྤེལ་བྱས་པར་དམ་དྲག་ཤུགས་ཆེ་བྱས་ཐོག  རྒྱ་ནག་གི་དཔོན་རིགས་དང་ཕྱིའི་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་དང་ཚོང་པ། དེ་བཞིན་གནད་ཡོད་མི་སྣར་བཅར་འདྲི་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་། སྲིད་གཞུང་གིས་གསར་འགོད་པའི་ལས་རིགས་ནང་དེ་ལྟ་བུའི་ཐད་ཀར་ཐེ་བྱུས་ཤུགས་ཆེ་བྱས་རྐྱེན་སྐུ་མགྲོན་རྣམས་ནས་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་དང་། རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆེས་ཞན་པའི་གནས་སྟངས་ཐོག་གླེང་སློང་བྱེད་ཀྱི་མེད་པ་གསུངས་སོང་། ཕྱོགས་མཚུངས་ཨོ་གླིང་གནས་བཞུགས་ Political Cartoonist རྒྱ་རིགས་སྒྱུ་རྩལ་བ་གྲགས་ཅན་ Badiu Cao ཡིས། རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཐེ་ཝན་སོགས་ལ་དྲག་གནོན་ཤུགས་ཆེན་བྱས་དང་བྱེད་མུས་ཡིན་པ་དེ་དག་གླེང་སློང་བྱེད་དགོས་གལ་ཆེན་པོ་ཡིན་པ་དང་། ལྷག་པར་ཁོང་ནས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་རི་མོའི་ལམ་ནས་རྒྱ་ནག་ནང་གི་ཆབ་སྲིད་གནས་སྟངས་དང་། གྲངས་ཉུང་མི་རིགས་རྣམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་གསལ་སྟོན་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་ལོ་ ༧ རྗེས་ཁོང་ངོ་ཤེས་ཏེ། ཁོང་གི་ནང་མིར་འཇིགས་སྐུལ་བྱས་པ་དང་། ཧྲང་ཧའེ་ཉེན་རྟོག་ཁང་དུ་འཁྲིད་དེ་འདྲི་རྩད་ཙམ་མ་ཟད། ཁོང་ཨོ་གླིང་དུ་བཞུགས་པའི་རིང་རྒྱ་གཞུང་གིས་དྲྭ་ཐོག་ནས་ཞིབ་བཤེར་དང་། སོ་ལྟ་སོགས་བྱས་ཐོག ཁོང་གི་མིང་ཐོག་ནས་དྲྭ་ཐོག་གི་ཁ་བྱང་སྟོང་ཕྲག་མང་པོ་བཟོས་ཏེ་ཁོང་ནག་ཉེས་ཅན་ཞིག་ཡིན་པའི་རྐྱེན་རྒྱ་ནག་ནས་ཨོ་གླིང་དུ་བྲོས་ཡིན་སྐོར་སོགས་གནས་ཚུལ་རྫུན་མ་ཁྱབ་སྤེལ་སོགས་བྱས་ཏེ་འཇིགས་སྐུལ་ཤུགས་ཆེ་བྱས་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད། Prague དང་ཧོང་ཀོང་སོགས་ཕྱིའི་རྒྱལ་ཁབ་ཁག་ནང་འཚོགས་པའི་ཁོང་གི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཁག་ལ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་རྣམ་པ་འདྲ་མིན་ཐོག་ནས་བར་ཆད་བཟོ་ཐབས་བྱས་ཡོད་ཐོག ཚོགས་ཡུལ་འགྲེམས་སྟོན་ཁང་དང་འགྲེམས་སྟོན་གོ་སྒྲིག་གནང་མཁན་འབྲེལ་ཡོད་ཚོར་ཁོང་གི་རི་མོ་འགྲེམས་སྟོན་བྱེད་མི་རུང་ཞེས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཆེས་ཆེར་སྤྲོད་ཡོད་པ་སོགས་གསལ་སྟོན་དང་འབྲེལ།  དེ་ལྟར་ཡང་ཁོང་ནས་རྒྱ་གཞུང་གི་འཇིགས་སྐུལ་དེ་དག་ལ་ལྟོས་མེད་རྒྱ་གཞུང་ལྟ་བུའི་སྲིད་དབང་སྒེར་གཅོད་པའི་རིང་ལུགས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་སྒྱུ་སྩལ་ལམ་ནས་འགོག་རྒོལ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་སོང་།

རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།

རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།

སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་གལ་ཡིན་པ་གསུངས་འདུག

ཟླ་བ་འདིའི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིགས་ལས་ཁུངས་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་ ༡༣ པ་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གིས་ཚོགས་གཙོས་སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པའི་གལ་གནད་སྐོར་ངོ་སྤྲོད་གནང་འདུག  མ་ཟད་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་བདེ་སྤྱོད་བྱེད་རྐྱེན་སློབ་གྲྭ་དང་དགོན་སྡེ་ཁག་ནང་གི་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཆེ་རུ་འགྲོ་བཞིན་པའི་ཐད་སེམས་འཚབ་གསལ་སྟོན་གནང་འདུག དེ་ཡང་ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས་སོགས་མི་གྲངས་ ༡༢ ལྷན་ཞུགས་གནང་འདུག སྐབས་དེར་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བོད་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་གཙོ་བོ་བོད་པའི་སྐད་ཡིག་གི་སློབ་ཁྲིད་ཀྱི་ནུས་པ་གང་ལེགས་གཏོང་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་། བཙན་བྱོལ་དུ་གནས་པའི་བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་རྒྱུ་ནི་གལ་གནད་ཆེ་ཤོས་སུ་འཛིན་དགོས་པའི་སྐོར་གསུངས་འདུག མ་ཟད་ཁོང་གིས་ཤེས་ཡོན་ནི་འབྲི་ཀློག་ཁོ་ན་མིན་པར་སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པའི་གལ་གནད་སྐོར།  དེ་བཞིན་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་བདེ་སྤྱོད་བྱེད་རྐྱེན་སློབ་གྲྭ་དང་དགོན་སྡེ་ཁག་ནང་གི་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཆེ་རུ་འགྲོ་བཞིན་པར་སེམས་འཚབ་ཙམ་མ་ཟད།  དེ་སྔོན་བསྐོང་ཚོགས་གནང་བའི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་བསྐྱར་ཞིབ་སྐབས། བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་སློབ་འཇུག་བྱེད་མཁན་ཉུང་དུ་འགྲོ་བཞིན་པས་སློབ་གྲྭའི་འཛིན་སྐྱོང་གི་འགྲོ་ལུགས་དང་། ཤེས་ཡོན་གྱི་ཐབས་ལམ་ལ་བསྐྱར་ཞིབ་གནང་དགོས་པའི་སྐོར། ཕྱོགས་མཚུངས་དགོན་སྡེ་ཁག་གི་ནང་དུའང་བོད་པའི་དགེ་འདུན་པ་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བཞིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག དེ་བཞིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། ཤེས་ཡོན་ལྷན་ཚོགས་འདི་ཉིད་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་རྒྱུའི་འབད་བརྩོན་རིམ་པ་གནང་བའི་སྐོར་གསུངས་པ་འབྲེལ། བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཆུ་ཚད་ཡར་རྒྱས་གཏོང་ཐབས་སླད་འགུལ་རིས་བརྒྱུད་སློབ་འཁྲིད་གནང་བ་དང་། རྩོམ་དེབ་གྲངས་ ༢༠ པར་སྐྲུན་གནང་བ། བྱིས་པ་རྣམས་ཀྱི་ཆེད་དུ་དཔེ་དབེ་བསྐྱར་དུ་པར་སྐྲུན་གནང་བ། དེ་བཞིན་གཞི་རིམ་འོག་མའི་སློབ་མའི་ཆེད་ཤེས་ཡོན་སློབ་ཚན་ཁག་བོད་ཡིག་ཐོག་བཟོས་ཡོད་པ་སོགས་ཚུད་པའི་ཐབས་ལམ་སྣ་མང་ལག་བསྟར་གནང་བཞིན་པ་དང་། ཁོང་གིས་སློབ་མ་རྣམས་ལ་གཞི་རིམ་འོག་མ་ནས་བཟུང་བོད་ཀྱི་སྐད་ཡིག་གནས་ཚད་དང་བརྡ་སྤྲོད་ཀྱི་ནུས་པ་སྲ་བརྟན་གཏོང་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་གནང་བ་མ་ཟད། སྤྱི་ཡོངས་ཀྱི་བོད་ཡིག་གི་གནས་ཚད་མཐོ་རུ་གཏོང་སླད་རྒྱུན་མཐུད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག འདི་ག་རླུང་འཕྲིན་ཁང་གིས་ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་སུ་ཚོགས་འདུ་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། རྩ་བའི་སྒྲིག་གཞི་གོང་དོན་ཞི་བཟུང་ལོ་གཅིག་ནང་ཐེངས་གཅིག་ངེས་པར་དུ་བསྐོང་ཚོགས་ཞུ་དགོས་པ་བཞིན་ལོ་ལྟར་ཚོགས་འདུ་དེ་ལྟར་བསྐོང་ཚོགས་གནང་གི་ཡོད་སྐོར་གསལ་སྟོན་དང་སྦྲགས།  ད་ཐེངས་ཀྱི་ལྷན་ཚོགས་དེའི་ཐོག་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱང་ཐེངས་མ་དང་པོ་ལྷན་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་དེའི་ཐོག་གྲོས་གཞི་བརྒྱད་ཡོད་པ་ནས་གྲོས་ཆོད་ཁྱོན་ ༤༡ གཏན་འབེབས་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞུང་འབྲེལ་ཐོག་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་ཨིན་སྒྱུར་དཔེ་དེབ་དབུ་འབྱེད།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་ཟླ་བ་འདིའི་ཚེས་ ༢༩ ཉིན། རྒྱ་རིགས་སློབ་དཔོན་ཆེན་མོ་ Hon-Shiang Lau ཧོན་ཤི་ཡང་ལའོ་ཡིས་བརྩམས་པའི་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་ཨིན་སྒྱུར་དཔེ་དེབ་གཞུང་འབྲེལ་གྱི་ཐོག་ནས་དབུ་འབྱེད་གནང་ཡོད་པ་དང་། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་དང་འབྲེལ། རྒྱ་ནག་གོང་མའི་ཡིག་ཚགས་བེད་སྤྱོད་བྱས་ནས་བོད་ཐོག་ལོག་བཤད་ལ་གདོང་ལེན་བྱས་པར་བསྔགས་བརྗོད་གནང་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། NED འམ་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་ཞུས་པའི་མཛད་སྒོའི་ཐོག གསུང་བཤད་གནང་མཁན་ཁྲོད་དགེ་རྒན་ཧོན་ཤི་ཡང་ལའོ་དང་ལྷན་དུ།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་ Sam Brownback སམ་བྷོ་རོན་བྷེཀ་ལགས་གཉིས་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལགས་བཅས་མཉམ་ཞུགས་གནང་ཡོད་ཅིང་། བགྲོ་གླེང་ཚོགས་འདུ་དེ་ The Washington Post ཝ་ཤིང་ཊོན་པོསཊ་གསར་ཤོག་གི་རྩོམ་སྒྲིག་པ་ Josh Rogin ཇོ་ཤི་རོ་གིན་ལགས་ཀྱིས་གཙོ་སྐྱོང་གནང་འདུག སྤྱིར་དཔེ་དེབ་འདིའི་ནང་རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་དང་དཔང་རྟགས་ཁོ་ན་ལ་གཞི་བཅོལ་ཏེ། རྒྱ་ནག་རང་ཉིད་ཀྱི་ཡིག་ཚགས་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་མཁས་པའི་དཔྱད་ཞིབ་བྱས་པ་ཞིག་ཡིན་པ་རེད་འདུག  སློབ་དཔོན་ཆེན་མོ་ཧོན་ཤི་ཡང་ལའོ་ལགས་ཀྱིས་མཛད་སྒོའི་ཐོག  ཁོང་གིས་དཔེ་དེབ་དེའི་སླད་དཔྱད་གཞི་ཡིག་ཆ་ཆ་ཚང་ཚད་གཞི་ནན་པོ་གསུམ་གྱི་ཐོག་ནས་བདམས་ཡོད་པ་དང་། དང་པོ་དཔྱད་གཞི་དེ་དག་ ༡༩༤༩ ལོའི་སྔོན་ལ་རྒྱ་ནག་གཞུང་གིས་ངོས་འཛིན་ཡོད་པའི་ ཚོགས་སྡེ་ཁག་གིས་བརྩམས་པ་ཞིག་ཡིན་པ་དང་།  གཉིས་པ་ ཕྱི་ལོ་ ༡༩༤༩ རྗེས་སུ་རྒྱ་ནག་གཞུང་གིས་བསྐྱར་དུ་པར་སྐྲུན་བྱས་པ་ཞིག་ཡིན་པ། གསུམ་པ་དཔྱད་གཞི་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་དཔེ་མཛོད་ཁང་ངམ་སྤྱི་པར་འཛུལ་ཞུགས་ཐུབ་པའི་གཞི་གྲངས་མཛོད་ཁང་བརྒྱུད་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་ཡིན་པ་བཅས་  ཆ་རྐྱེན་འདི་དག་ཚང་བའི་དཔྱད་གཞི་དེ་དག་རྒྱ་ནག་རང་ཉིད་ཀྱི་ལོ་རྒྱུས་ཡིག་ཚགས་ཁུངས་ནས་བྱུང་བ་ཡིན་སྟབས། དེར་རྒྱ་ནག་གཞུང་གིས་ཡིད་ཆེས་འཕེར་བའི་སྒོ་ནས་རྩོད་གླེང་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག མ་ཟད་ཁོང་གིས་ཕྱི་ལོ་ ༡༩༥༠ རྗེས་སུ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ཐད་དུས་ནས་དུས་སུ་འཁྱོག་བཤད་ལོག་འགྲེལ་བྱས་ཡོད་ཅིང་། རྒྱ་ནག་གི་ལོག་འགྲེལ་དེ་དག་ལ་ཡིད་ཆེས་འཕེར་བའི་སྒོ་ནས་རྒོལ་ལན་སློག་པར་ཁུངས་གཏུག་ས་ཡོད་པའི་དཔྱད་གཞིར་བརྟེན་རྒྱུ་གལ་ཆེན་པོ་ཡིན་པ་དང་། བོད་མི་དང་རྒྱབ་སྐྱོར་བ་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་སྐོར་རྒྱ་ནག་གི་མི་མང་ལ་ཐད་ཀར་འབྲེལ་བ་དང་གོ་རྟོགས་སྤེལ་རྒྱུ་དེ་བས་ཀྱང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག སྐབས་དེར་ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སློབ་དཔོན་ལའོ་ལགས་ཀྱི་བོད་སྐོར་རྒྱ་ནག་གི་རྫུན་གཏམ་ལ་རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་རང་ཉིད་བེད་སྤྱོད་བྱས་ཏེ། ཁ་གཏད་གཅོག་པའི་ཕྱག་ལས་ལ་བསྔགས་བརྗོད་གནང་བ་དང་ཆབས་གཅིག སྲིད་སྐྱོང་མཆོག་གིས་འཛམ་གླིང་ཡོངས་ཀྱི་གཞུང་ཁག་དང་འབྲེལ་བ་གནང་སྐབས་སྐུ་ཞབས་ལའོ་ལགས་ཀྱི་དཔེ་དེབ་དེ་ཉིད་དང་གཞན་ཡང་སྐུ་ཞབས་ Michael van Walt མེ་ཀལ་ཝན་ཝལཊ་ལགས་ཀྱིས་བརྩམས་པའི་ Tibet Brief 2020 འམ་བོད་ཀྱི་གནས་བསྡུས་ ༢༠༢༠ ཞེས་པ་བསྣམས་ཏེ་བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་ར་སྤྲོད་གནང་གི་ཡོད་པ་གསུངས་འདུག ཕྱོགས་མཚུངས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། དཔེ་དེབ་དེས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་ནམ་ཡང་ཡལ་ཐུབ་ཐབས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་ནན་བརྗོད་གནང་འདུག་ལ།  ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་ཟུར་པ་ Sam Brownback སམ་བྷོ་རོན་བྷེཀ་ལགས་ཀྱིས་ཀྱང་བོད་ནི་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པ་གསལ་སྟོན་གནང་འདུག

གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ པ་སྦེལ་ཀོབ་ཏུ་དབུ་འཛུགས།

དེ་རིང་ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བཀའ་ཤག་སྐབས་ ༡༦ པའི་གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༨ འགོ་འཛུགས་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐེངས་འདིའི་གཏན་འཇགས་འཐབ་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་འདི་བཞིན། དེ་རིང་ནས་འགོ་འཛུགས་ཀྱི་གནངས་ཚེས་ ༢༥ བར་ཉིན་གྲངས་ ༣ རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། དམིགས་བསལ་གདན་ཞུས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས། དེ་བཞིན་བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཟླ་བ་ཚེ་རིང་ལགས་བཅས་གཏན་འཇགས་འཐབ་བྱུས་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་ཞུགས་གནང་འདུག གནད་དོན་དེའི་སྐོར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

Latest news