Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས།

བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་བ།

ཨ་རི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་Tibet Fund འམ་བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་མཆོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་འདུག ཕྱི་ལོ་ ༢༠༢༡ ལོར་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྲིད་སྐྱོང་གི་ལས་ཡུན་ཐེངས་གཉིས་པ་མཇུག་སྒྲིལ་གྱི་ཡོད་པ་དང་།  སྤྱི་ཚོགས་དྲ་ལམ་ཐོག་བོད་མི་ཁག་གཅིག་ནས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ཁོངས་སུ་དེ་སྔ་བོད་མིའི་སྒྲིག་འཛུགས་དང་བོད་སྤྱིར་སྨན་པའི་ཕྱག་ལས་གནང་མྱོང་མཁན་ལས་ཀྱི་སྣེ་མོ་བ་ཁག་གཅིག་གི་མཚན་འདོན་བརྒྱུད་སྤེལ་གནང་བཞིན་པའི་ཁྲོད།  ཉེ་ལམ་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་མཆོག་ནས་ངོ་དེབ་བརྒྱུད་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་འདུག གསལ་བསྒྲགས་དེའི་ནང་བཀའ་ཟུར་མཆོག་གིས་ Together We build Tibet’s Future ཞེས་ང་ཚོ་མཉམ་རུབ་ཀྱིས་མ་འོངས་བོད་འཛུགས་སྐྲུན་བྱེད་དགོས།   སྲིད་སྐྱོང་དུ་བསྐོ་བཞག་བྱུང་བ་ཡིན་ན་དྲང་བདེན་དང་ཕྱི་གསལ་ནང་གསལ་ཐོག་ནས་ཕྱག་ལས་གནང་རྒྱུའི་ཞལ་བཞེས་སོགས་གནང་འདུག   འདི་ག་རླུང་འཕྲིན་ཁང་ནས་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་ལ་དེ་འབྲེལ་བཀའ་འདྲི་ཞུས་པར་ཁོང་གིས་འདས་པའི་ལོ་ངོ་མང་དག་ཅིག་གི་རིང་རང་ཉིད་ནས་བཙན་བྱོལ་སྤྱི་ཚོགས་ནང་ཕྱག་ལས་གནང་ཡོད་པ་དང་།  ལྷག་པར་དུ་ད་ལྟའི་བོད་ཀྱི་གཉན་ཕྲང་ཅན་གྱི་དུས་ཚིགས་འདིར་བོད་སྤྱིའི་རྩ་དོན་སླད་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་རང་ཉིད་སོ་སོར་འདོད་བློ་ཚིམ་པ་ཞིག་ཡོང་ངེས་ལ་དགོངས་ནས་ཐུགས་ཐག་བཅད་ཡིན་སྐོར་གསུངས་སོང་། གཞི་རྩའི་བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་མཆོག་ནི་ཕྱི་ལོ་ ༡༩༨༧ ལོར་ཅན་དྷི་གྷར་གྱི་ས་གནས་གཞོན་ནུའི་དྲུང་ཆེ་དང་།  ཕྱི་ལོ་ ༡༩༩༠ ནས་ ༩༥ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ།  དེ་བཞིན་ཕྱི་ལོ་ ༡༩༩༦ ནས་ ༢༠༠༢ བར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང་།  ཕྱི་ལོ་ ༡༩༩༦ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་ ༡༢ པའི་མདོ་སྟོད་སྤྱི་འཐུས་བཅས་གནང་མྱོང་ཡོད་པ་རེད། ཕྱི་ལོ་ ༢༠༠༡ ནས་༢༠༠༦ བར་དཔལ་འབྱོར་དང་།  ཕྱི་དྲིལ།  འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་བཀའ་བློན་དང་།   ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་གནང་ཡོད།  ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་ད་བར་བོད་ཀྱི་ཐེབས་རྩའི་འགན་འཛིན་གྱི་ཐུགས་འགན་བཞེས་མུས་ཡིན་པ་རེད།  བོད་མིའི་ཁྲོད་ནས་ཁོང་ནི་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་ཡོངས་གྲགས་ཐོག་གསལ་བསྒྲགས་གནང་མཁན་བོད་མི་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་།   དེ་སྔོན་ཕྱི་ཟླ་ ༡ པོའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ KMC མཐོ་རིམ་སློབ་གཉེར་ཁང་གི་དུས་སྟོན་མཛད་སྒོར་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་གིས་ཁོང་མ་འོངས་པའི་སྲིད་སྐྱོང་ལ་མངོན་འདོད་གནང་མཁན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།      

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༠་་༢༡ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་གནང་བཞིན་པ།

སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་རྩིས་ལོ་ ༢༠༢༠་་༢༡ གི་ལོ་འཁོར་སྔོན་རྩིས་འཆར་འབུལ་ལ་རྟོག་ཞིབ་ཀྱི་ལས་དོན་གནང་བཞིན་འདུག དེ་ཡང་རིང་མིན་ཕྱི་ཟླ་ ༣ ཚེས་ ༡༧ ནས ༢༧ བར་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་འཚོགས་ཀྱི་ཡོད་ཅིང། ལོ་ལྟར་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སམ་སྔོན་རྩིས་གྲོས་ཚོགས་མ་འཚོགས་པའི་གོང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མི་འགྲོ་ལྔ་ཡོད་པའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལགས་དང་བཅས་པའི་ལོ་འཁོར་སྔོན་རྩིས་རྣམས་སྤྱི་འཐུས་ལྷན་ཚོགས་སུ་འཆར་འབུལ་ཞུས་པར་བསྐྱར་ཞིབ་གནང་གི་ཡོད་པ་ལྟར། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་ ༢༠༢༠་་༢༡ ལོའི་སྔོན་རྩིས་འཆར་འབུལ་ལ་བསྐྱར་ཞིབ་ཀྱི་ལས་དོན་ཁག་ཟླ་བ་འདིའི་ཚེས་ ༢ ཉིན་དངོས་སུ་དབུ་འཛུགས་གནང་འདུག རྩ་བའི་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ནས་བསྐོ་གཞག་གནང་བའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་དང་། ཚོགས་དྲུང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། དེ་བཞིན་སྤྱི་འཐུས་བསྟན་འཛིན་འཇམ་དབྱངས་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་བཅས་ཆགས་ཀྱི་འདུག གཞི་རྩའི་སྔ་ལོའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའམ་ཕྱི་ཟླ་གསུམ་པའི་སྔོན་རྩིས་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༩་་་༢༠ ལོའི་ལས་ཁུངས་མ་ལག་དང་བཅས་པའི་ཕྱོགས་བསྡོམས་སྔོན་རྩིས་ཧིན་སྒོར་ས་ཡ་ ༢༥༠༥ ལྷག་ཙམ་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད།

སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་བོད་ཀྱི་ལོ་གསར་སྲུང་བརྩི།

ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་རྐང་བྲོ་གླུ་གཞས་འཁྲབ་སྟོན་བརྒྱུད་ནས་བོད་ཀྱི་ལོ་གསར་རྟེན་འབྲེལ་གྱི་དགའ་སྟོན་སྲུང་བརྩི་ཞུས་འདུག བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་དང་བསྟུན་ཨ་རིའི་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་སྡེ་བཞིའི་སྤྱི་ཁང་དུ་ལོ་གསར་གྱི་ཚེས་ ༦ ཕྱི་ཟླ་ ༢ ཚེས་ ༢༩ ཉིན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། ས་གནས་ཀྱི་དཔོན་རིགས་ཁག་ཅིག དེ་བཞིན་བོད་མི་མང་ཚོགས་ལྷན་འཛོམས་ཀྱིས་ལོ་གསར་སྲུང་བརྩི་ཞུས་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་མཐུན་སྒྲིལ་དང་འབྲེལ། ༸སྐུ་ཉིད་བོད་མིའི་གནས་བཞུགས་ས་ཕྱོགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་སྐབས་བོད་མི་ནང་ཁུལ་དབར་རྡོག་རྩ་ཆིག་སྒྲིལ་དང་མཐུན་སྒྲིལ་ལེགས་པོ་ཡོད་པ་གཟིགས་པ་དང་སྒོས་བོད་ནང་བོད་མིའི་བརྒྱ་ཆ་ ༩༧ དང་ཕྱེད་ཀ་ཡོད་པ་དེ་དག་གིས་རང་དབང་ཅན་གྱི་ལུང་པར་གནས་བཞུགས་བོད་མི་བརྒྱ་ཆ་ ༢ དང་ཕྱེད་ཀ་ལ་དུས་རྟག་ཏུ་རེ་བ་བཅོལ་བཞིན་ཡོད་སྟབས། ང་ཚོས་ངེས་པར་དུ་སྐད་འཕྲིན་སོགས་ཀྱི་བརྒྱུད་ནས་དོན་མེད་ཀྱི་གནད་དོན་ལ་དབུ་མ་འཁོར་བར་བོད་ཀྱི་རྩ་དོན་རྩོད་པ་དང་དེ་འབྲེལ་ཕྱག་ལས་གནང་དགོས་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཨ་རི་ Elmhurst མངའ་ཁུལ་དུ་ཆགས་པའི་ Queens དཔེ་མཛོད་ཁང་ནང་རྒྱ་ནག་གཞུང་ཚབ་ཀྱིས་འགྲོ་གྲོན་འོག་བོད་ཀྱི་གནད་དོན་ཐད་པར་རིས་ཀྱི་འཁྱོག་བཤད་འགྲེམས་སྟོན་སྤེལ་ཡོད་པ་དང་། འཁྱོག་བཤད་ཀྱི་འགྲེམས་སྟོན་དེར་ནིའུ་ཡོག་གནས་བཞུགས་བོད་མི་རྣམས་ནས་འགྲེམས་སྟོན་ཕྱིར་འཐེན་དགོས་པར་ལས་འགུལ་བསྟུད་མར་སྤེལ་ནས་མཐར་དེ་ལྟར་ཕྱིར་འཐེན་གནང་ཐུབ་པ་བྱུང་བར་བསྔགས་བརྗོད་དང་སྦྲགས། བོད་མི་རྣམས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་དོན་སླད་ལས་འགུལ་མང་ཙམ་དང་ཤུགས་ཆེར་སྤེལ་དགོས་པར་མ་ཟད། ལས་འགུལ་དེ་ཡང་ཁྲིམས་དང་མཐུན་པ། ཞི་བ་དང་དེ་བཞིན་ཆེ་མཐོང་ལྡན་པའི་སྒོ་ནས་སྤེལ་དགོས་པ་གསུངས་འདུག མཛད་སྒོར་ལྷན་ཞུགས་ནིའུ་ཡོག་ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ Jessica Ramos ལགས་དང་ས་གནས་རྫོང་ཁག་གི་འཐུས་ཚབ་སྐུ་ཞབས་ Jimmy Van Bramer ལགས། སྐུ་ཞབས་ Costa Constantinides ལགས་རྣམས་ནས་ལོ་གསར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད་བོད་རིགས་སྤྱི་མཐུན་ཚོགས་པས་ཁོང་རྣམས་ནས་བོད་དོན་སླད་རྒྱབ་སྐྱོར་གཡོ་མེད་གནང་བར་ལེགས་གསོའི་གཟེངས་རྟགས་ཕུལ་འདུག གཞི་རྩའི་སྲིད་སྐྱོང་མཆོག་ཕྱི་ཚེས ༢༩ ཕྱི་དྲོ་ཆུ་ཚོད་ ༢༌༣༠ ཐོག་ནིའུ་ཡོག་དང་ནིའུ་འཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ Hunters གཙུག་ལག་སློབ་གྲྭའི་ནང་China’s threat to global democracy & Human rights ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཐོག་མཉམ་ཞུགས་གནང་ཡོད་པ་དང་། རྒྱལ་སྤྱིའི་ཡུར་གུ་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་གཙོས་པའི་ སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས། དེ་བཞིན་ Keep Taiwan Free ཞེས་པའི་ཚོགས་པའི་སྐུ་ཚབ། གནམ་སྡེ་སྒོར་མོ་ཆེའི་སློབ་ཕྲུག་ཚོགས་པའི་འགོ་ཁྲིད། ཧོང་ཀོང་གི་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་འདུག བགྲོ་གླེང་དེའི་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་ནག་ནང་གི་མང་གཙོ་དང་འབྲེལ་ཏེ་ད་ཆ་རྒྱ་ནག་ནང་ཏོག་དབྱིབས་ཀྱི་ནད་རིམས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཁར་ནད་རིམས་དེ་འབྲེལ་དངོས་ཡོད་གནས་སྟངས་ཐད་བཀའ་མོལ་གནང་བར་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་ལ་རྒྱ་གཞུང་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ད་ཆ་ནད་རིམས་དེའི་རྐྱེན་པས་རྒྱ་ནག་གི་དཔལ་འབྱོར་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་མང་གཙོར་བསྒྱུར་ན་རྒྱ་ནག་མང་ཚོགས་དང་གཞུང་ཁོ་ན་ཙམ་མིན་པར་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས་འདུག དེ་བཞིན་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་ནས་འདས་པའི་ལོ་ངོ་དྲུག་ཅུའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་ལྷག་པར་དུ་རྒྱ་ནག་གི་མང་གཙོའི་མཚན་ཉིད་འགྲེལ་བརྗོད་བྱེད་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་འདུགསྐབས་དེར་སྲིད་སྐྱོང་མཆོག་ལ་སྐུ་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་གནང་བའི་རིང་ལ་ཞི་བདེ་དང་འཚེ་བ་མེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སླད་ཞུ་གཏུག་སོགས་ཀྱི་ཕྱག་ལས་རྒྱ་ཆེ་གནང་བར་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་ཕུལ་འདུག རྩ་བའི་སྲིད་སྐྱོང་མཆོག་ཉེ་ལམ་བྱང་ཨ་མི་རི་ཀའི་ནང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ Samuel D. Brownback མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་སོགས་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་ཞུ་སྐུལ་སོགས་ཀྱི་མཛད་འཆར་བསྐྱངས་པ་དང་། དེ་བཞིན་ཡོ་རོབ་རྒྱལ་ཁབ་ Austria ནང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་ཨོ་སི་ཀྲི་ཡའི་བོད་རིགས་མི་མང་ཚོགས་པས་སྲིད་སྐྱོང་མཆོག་གིས་ད་བར་སྲིད་སྐྱོང་གི་ཕྱག་ལས་གནང་རིང་ལ་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ཐོག་ཞབས་འདེགས་གང་ལེགས་ཞུས་པར་ཆེ་བསྟོད་ཀྱི་བཀའ་དྲིན་ཅན་ལ་བཀྲིན་ཆེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་ཨ་རི་ནང་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཀྱིས་མཛད་རིམ་མུ་མཐུད་སྐྱོང་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྱང་ཨ་རིའི་ནང་གི་མཛད་རིམ་ཁག་རེ་ཞིག་གྲུབ་རྗེས་ཡོ་རོབ་རྒྱལ་ཁབ་ Austria ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གྲུབ་རྗེས་ཟླ་བ་འདིའི་ཕྱི་ཚེསས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་འབྱོར་བ་དང་འབྲེལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་གཅིག་དང་གྲོས་ཚོགས་ཀྱི་ལས་བྱེད་དང་མཇལ་འཕྲད་ཀྱི་སོགས་ཀྱི་མཛད་རིམ་ཁག་མུ་མཐུད་སྐྱོང་ཡོད་པ་རེད་འདུག དེའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ཚེསས་ ༡༨ ཉིན་ Austria ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཐོན་གནང་ཡོད་པ་ལྟར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་གཅིག་དང་གྲོས་ཚོགས་ཀྱི་ལས་བྱེད་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པའི་སྐོར་ལ་བཀའ་བསྡུར་ཤུགས་ཆེ་གནང་འདུག དེ་བཞིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ལས་བྱེད་དང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱི་ཕྱི་སྲིད་སློབ་སྟོན་པ་དང་དེ་བཞིན་ལྕམ་སྐུ་ Nancy Pelosi མཆོག་གི་སློབ་སྟོན་པ་བགྲེས་པ་བཅས་ལ་གྲོས་ཚོགས་འོག་མར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པར་དགའ་སྟོན་ཞུ་ཕྱིར་དགུང་ཚིགས་ཤིག་གོ་སྒྲིག་གནང་བ་བརྒྱུད་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྣམ་གཉིས་ཀྱིས་བོད་དོན་གྱི་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཆེས་ཆེར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པའི་དྲུང་ཆེ་ལས་རོགས་གཞོན་པ་གཙོ་བོ་སྐུ་ཞབས་ Scott Busby མཆོག་དང་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་མི་ཛ་དྲག་གནས་སྟངས་དང་བོད་དང་རྒྱ་ནག་གཉིས་ཀྱི་ས་བབ་ཆགས་ཚུལ་སོགས་ཀྱི་སྐོར་ལ་གླེང་སློང་གནང་འདུག་པར་མ་ཟད། སྲིད་སྐྱོང་མཆོག་ལ་ཨ་རིའི་ Virginia མངའ་སྡེ་ནང་རྟེན་གཞི་བྱས་པའི་ཝར་ཇི་ནི་ཡ་ཁྲིམས་ཀྱི་གཙུག་ལག་སློབ་ཁང་ནས་མགྲོན་འབོད་ཞུས་དོན་བཞིན་ཕྱི་ཚེས་ ༢༡ ཉིན་ཝིར་ཇི་ནི་ཡ་ཁྲིམས་ཀྱི་གཙུལ་གལ་སློབ་ཁང་དུ་གསུང་བཤད་གནང་གཏན་ཁེལ་ཡོད་པ་རེད། རྩ་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༧ ཉིན་རྒྱབ་ནས་བྱང་ཨ་མི་རི་ཀའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་ Samuel D. Brownback མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern མཆོག་བཅས་སོ་སོར་མཇལ་འཕྲད་གནང་སྟེ་ཁོང་གིས་དེ་སྔ་ ༢༠༡༩ ལོར་བོད་དོན་རྒྱབ་སྐྱོར་གྱི་བསྐྱར་ཞིབ་ཁྲིམས་འཆར་གསར་པ་བཏོན་པར་ཐུགས་རྗེ་ཆེ་ཞུའི་མཛད་འཆར་ཁག་ཅིག་གྲུབ་རྗེས་ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་ཡོ་རོབ་རྒྱལ་ཁབ་ Austria ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་དང་། ཨོ་སི་ཊེ་ཡའི་ Tyrol མངའ་སྡེའི་རྒྱལ་ས་ Innsbruck ནང་རྟེན་གཞི་བྱས་པའི་ University of Innsbruck’s Winter School ཞེས་དགུན་ཁའི་སློབ་དུས་དབུ་འབྱེད་མཛད་སྒོར་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སྐོར་ལ་གསུང་བཤད་གནང་བ་དང་། དེ་བཞིན་རྒྱ་ཡིག་དང་བོད་ཡིག་གཉིས་ཀ་བཀོལ་སྤྱོད་ཆོག་པའི་སྲིད་བྱུས་རྣམས་ཇི་བཞིན་ལག་བསྟར་བྱེད་ཀྱི་མེད་པའི་ཁར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་བསྙོན་དཀྲི་བཙན་འགེལ་གྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་མ་ཟད། མི་རིགས་ཤིག་གི་སྐད་ཡིག་གཏོར་བཤིག་བཏང་བ་ནི་མི་རིགས་ཤིག་གི་ངོ་བོ་གཏོར་བཤིག་བཏང་བ་རེད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སུ་སྲིད་སྐྱོང་མཆོག་ནས་ཨོ་སི་ཀྲི་ཡ་ Grafenworth ས་གནས་རྫོང་དཔོན་སྐུ་ཞབས་ Alfred Riedl མཆོག་དང་མཇལ་མོལ་གནང་བ་མ་ཟད། ཨིན་སི་བྷི་རག་གཙུག་ལག་སློབ་ཁང་གི་སློབ་སྤྱི་སྐུ་ཞབས་ prof. Dr. H.C. Mult Tilmann Mark ལགས་ཀྱིས་གཙོས་སློབ་དཔོན་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་དང་། ད་ལྟའི་ཆར་སྲིད་སྐྱོང་མཆོག་ཨ་རི་ནང་གི་མཛད་རིམ་ཁག་མུ་མཐུད་སྐྱོང་བཞིན་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི།

ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༤ ཉིན་ནས་བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་སྲུང་བརྩི་ཞུ་གནང་གི་ཡོད་པ་ལྟར། ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་དེ་ལས་སུ་བོད་དོན་གསུང་བཤད་དང་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་གཟིགས་འབུལ་བརྒྱུད་ནས་སྔ་སྣུར་གྱིས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་འདུག དེ་ཡང་ཁ་སང་རེས་གཟའ་མིག་དམར་ཉིན་རྒྱབ་ཏུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་བོད་ཀྱི་གནམ་ལོ་གསར་བཞད་ཀྱི་དུས་སྟོན་མཛད་སྒོའི་ཐོག་ཨེ་ཤ་ཡ་དང་ཞི་བདེ་ལས་དོན་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་སྐུ་ཞབས་ David Stilwell ལགས་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས། ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་གཙོས་གནད་ཡོད་མི་སྣ་ཁག་ཅིག་ལྷན་འཛོམས་གནང་འདུག སྐབས་དེར་སྐུ་ཞབས་ David Stilwell ལགས་ཀྱིས་ང་ཚོའི་ངོས་ནས་སླད་མར་བོད་ཀྱི་གནད་དོན་ཐད་མུ་མཐུད་གླེང་སློང་གནང་རྒྱུ་དང་བོད་ཀྱི་རིག་གཞུང་སོགས་མི་ཉམས་གོང་འཕེལ་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་པར་མ་ཟད་ལྷག་པར་དུ་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་དེ་༸གོང་ས་མཆོག་དང་བོད་མིར་ཡོད་པ་སོགས་ཀྱི་གསུང་བཤད་གནང་འདུག སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༡༩༥༩ སྔ་རོལ་དུ་བོད་ནང་གི་བོད་མི་ཚོའི་ངོས་ནས་བོད་ཀྱི་གནམ་ལོ་གསར་བཞད་སྲུང་བརྩི་གནང་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ད་ཆ་བོད་ནང་རྒྱ་གཞུང་གིས་བོད་མི་མང་ཚོགས་ཀྱི་སྨྲ་བརྗོད་དང་འདུ་འཛོམས་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཁྲོད་འདིར་རང་དབང་ལུང་པར་བོད་མི་རྣམས་ནས་ལོ་གསར་གཙོས་པའི་དགའ་སྤྲོའི་དུས་སྟོན་གང་འདྲི་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་ཀྱང་བོད་ནང་གི་ཆེས་ཛ་དྲག་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྣམས་ཡིད་ལ་དྲན་བཞིན་ཡོད་པར་གསུངས་འདུག དེ་བཞིན་ཁོང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་ Queens དཔེ་མཛོད་ཁང་དུ་དེང་རབས་ཀྱི་རྒྱ་ནག་ཞེས་པའི་འཁྱོག་བཤད་ཀྱི་པར་རིས་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་པའི་གནད་དོན་སྐོར་དང་འབྲེལ། རྒྱ་གཞུང་ནས་པར་རིས་འཁྱོག་བཤད་ཀྱི་འགྲེམས་སྟོན་བྱས་ཡོད་པ་དེ་ངོ་གནོང་དགོས་པར་བརྗོད་ནས་སྐྱོན་བརྗོད་གནང་འདུག དོན་གཅོད་ལགས་ཀྱིས་ཕྱི་སྲིད་ལས་ཁུངས་ནང་ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་མྱུར་དུ་བསྐོ་བཞག་གནང་རྒྱུ་དང་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་ Mike Pence མཆོག་དང་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Mike Pompeo ལགས་རྣམ་གཉིས་ཀྱིས་གཙོས་པའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback མཆོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་འདི་ལོ་ཙམ་མིན་པར་ལོ་ལྟར་བོད་ཀྱི་ལོ་གསར་སྲུང་བརྩི་གནང་གི་ཡོད་པ་རེད།

ཇི་ནི་ཝའི་ལྷན་ཚོགས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས།

ལོ་ལྟར་སུད་སི་གྲོང་ཁྱེར་ཇི་ནི་ཝ་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་ཡུན་སྔ་རྗེས་དང་བསྟུན་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ཟུང་འབྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་གླེང་བརྗོད་ཐད་ཇི་ནི་ཝའི་ལྷན་ཚོགས་ཞེས་པ་ཞིག་ཚོགས་ཀྱི་ཡོད་པ་དང་། ད་བར་གྱི་ལྷན་ཚོགས་དེའི་ཚོགས་དུས་ནམ་ཡིན་ལ་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ནས་གོ་སྐབས་ཆེ་བཞེས་ཀྱིས་ལྷན་ཚོགས་བརྒྱུད་དེ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་རྒྱལ་སྤྱིའི་མང་ཚོགས་ལ་བརྒྱུད་བསྒྲགས་གནང་བཞིན་ཡོད་པ་རེད། སྤྱིར་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་མང་གཙོའི་ལྷན་ཚོགས་ནི་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་ UN watch ཞེས་རྒྱལ་ཚོགས་ལ་ལྟ་སྲུང་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་པས་སྣི་ཁྲིད་གནང་སྟེ་རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༠ ལྷག་མཉམ་རུབ་ཀྱིས་ཆེད་བཙུགས་གནང་བའི་ལྷན་ཚོགས་ཤིག་ཡིན་ཞིང་། ཁ་སང་ཕྱི་ཚེས་ ༡༨ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ ༢༠༢༠ ལོའི་ཇི་ནི་ཝའི་ལྷན་ཚོགས་ཐེངས་ ༡༢ དེ་བསྐོང་ཚོགས་གནང་སོང་བ་དང་སུད་སི་བོད་ཀྱི་བེུད་ལྷན་ཚོགས་རྒྱུན་ལས་ཚོགས་མི་ཁག་ཅིག་ནས་མཉམ་ཞུགས་ཀྱིས་བོད་མིའི་ངོ་ཚབ་མཚོན་པ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༠ ལོ་ནས་སུད་སི་བོད་ཀྱི་བེུད་ལྷན་ཚོགས་ལྷན་ཚོགས་ཀྱི་མི་ཁོངས་སུ་འཛུལ་ཞུགས་གནང་འདུག  སྐབས་དེ་དུས་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་བོད་པའི་བེུད་ཆབ་སྲིད་བཙོན་པའི་ཁོངས་ནས་བཙུན་འཇུག་གི་དུས་ཡུན་རིང་ཤོས་བཞུགས་མྱོང་མཁན་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བོད་མིའི་སྐུ་ཚབ་གནང་སྟེ་ཉན་ཞིབ་ཐོག་མ་གནང་ཡོད་པར་མ་ཟད། འདས་པའི་དུས་ཡུན་ལོ་ངོ་བཅུ་ལྷག་གི་ལྷན་ཚོགས་ཐོག་སུད་སི་བོད་ཀྱི་བེུད་ལྷན་ཚོགས་བརྒྱུད་ནས་ལྷན་ཚོགས་སྟེང་བོད་མིའི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་ཕྱག་ལས་གནང་མཁན་སོགས་འབྲེལ་ཡོད་མི་སྣ་ཁག་གཅིག་གིས་བོད་དོན་གཏམ་བཤད་དང་ཉན་ཞིབ་སོགས་ཀྱང་གནང་ཐུབ་པ་བྱུང་འདུག འོན་ཀྱང་འདས་ལོའི་ནང་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་དོ་སྣང་ཆེ་ཆེར་གནང་བའི་ཡུ་གུར་དང་དང་ཧོང་ཀོང་ནང་གི་གནད་དོན་རྐྱེན་པས་བོད་མིའི་སྐུ་ཚབ་ལ་ཐེངས་འདིའི་ལྷན་ཚོགས་སྟེང་གསུང་བཤད་དང་ཉན་ཞིབ་གནང་རྒྱུའི་གོ་སྐབས་གནང་མི་འདུག་ཀྱང་། ལྷན་ཚོགས་ཚོགས་ཡུལ་ཚོགས་རར་འཛམ་གླིང་ནང་ཆབ་སྲིད་བཙོན་པའི་སྐུ་པར་འགྲེམས་སྟོན་གནང་བའི་ཁྲོད་བོད་མིའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་སྐུ་པར་བཤམས་སྟོན་གནང་བ་མཇལ་རྒྱུ་འདུག རྩ་བའི་འདས་པའི་ལོ་ངོ་བཅུ་ལྷག་རིང་ཇི་ནི་ཝའི་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་ནས་མཉམ་ཞུགས་དང་ཉན་ཞིབ། གསུང་བཤད་སོགས་གནང་སྟེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཇི་ཡིན་བརྒྱུད་བསྒྲགས་གནང་ཐུབ་ཡོད་པ་ཙམ་མིན་པར་སྔ་ལོའི་ཇི་ནི་ཝའི་ལྷན་ཚོགས་ཐེངས་ ༡༡ ཐོག་ལྷན་ཚོགས་འདིའི་ ༢༠༡༩ ལོའི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་ཕྱགས་ལས་གནང་མཁན་ལ་ཕུལ་བའི་སྙིང་སྟོབས་ཞེས་པའི་བྱ་དགའ་དེ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་འབུལ་བཞེས་གནང་ཐུབ་པ་བྱུང་ཡོད་པ་རེད།

ལྷོ་ཨ་ཕི་རི་ཀའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་བའི་ཞུ་སྐུལ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཉིན་གྲངས་བཞིའི་རིང་ལྷོ་ཨ་ཕི་རི་ཀའི་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པའི་ཁྲོད་ཡུལ་དེའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་མཉམ་ཞུགས་དང་དེ་བཞིན་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གྱིས་ལྷོ་ཨ་ཕི་རི་ཀའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་བའི་ཞུ་སྐུལ་གནང་འདུག ཨ་ཕི་རི་ཀའི་སྲིད་དོན་ཚོགས་པ་ Inkatha Freedom Party འམ་ཨིན་ཀ་ཐ་རང་དབང་ཚོགས་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ཁུལ་དེའི་ State of the National Address  འམ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་གདན་ཞུས་གནང་དོན་ལྟར་ཚེས་ ༡༣ ཉིན་ Inkatha Freedom Party སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་དང་སྲིད་འཛིན་མཆོག་གི་རྒྱལ་ཡོངས་གསུང་བཤད་ཐོག་ལྷན་ཞུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་ Inkatha སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་རྒྱལ་སྲས་ Buthelize མཆོག་དང་ད་ལྟའི་ཚོགས་གཙོ་ལས་ཐོག་སྐུ་ཞབས་ Velenkosini Hlabisa མཆོག་ལ་སོགས་པའི་གྲོས་ཚོགས་འཐུས་མི་དང་དེ་བཞིན་ཚོགས་པ་དེ་དང་འབྲེལ་ཡོད་ཁག་ཅིག ཐེ་ཝན་གཞུང་ཚབ། འཇར་མ་ནིའི་སྤྱི་ཚོགས་རིང་ལུགས་སྲིད་དོན་ཚོགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་སོགས་མཉམ་ཞུགས་གནང་ཡོད་སྟབས། སྐབས་དེར་ Inkatha འི་གྲོས་ཚོགས་ཤོག་ཁག་འགན་འཛིན་སྐུ་ཞབས་ Narend Singh མཆོག་གིས་རྒྱ་ནག་གཞུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་ནས་ཁོང་ཚོའི་ཚོགས་པར་བོད་དང་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་གནང་ན་འགྲིག་གི་མེད་པའི་ཉེན་བརྡ་བཏང་བར་བལྟོས་མེད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཐེ་ཝན་གཞུང་ཚབབཅས་མགྲོན་འབོད་གནང་བ་ལྟར་ཕེབས་ཐུབ་པར་དགའ་བསུ་ཡོད་ཅེས་གསུངས་ཡོད་པ་རེད། ཐེངས་འདིའི་གཞུང་འབྲེལ་ཕྱོགས་བསྐྱོད་ཁྲོད་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ Scalabrini and Africa Committee for Tibet གཉིས་ནས་གོ་སྒྲིག་ཞུས་པའི་བོད་དེ་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ རྗེས་རྒྱ་གར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གནང་ཕྱོགས་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་གནང་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་མི་གྲངས་ ༦༠ ལྷག་ཕེབས་ཡོད་པའི་ཁོངས་ནས་གྲོས་ཚོགས་འཐུས་མི་ལྔ་དང་སྤྱི་ཚོགས་ཞབས་ཞུ་བ། བོད་དོན་སྣང་ཅན། ཡུལ་དེར་སྐྱབས་བཅོལ་དུ་འབྱོར་བ་བཅས་ཆགས་ཀྱི་འདུག ཕྱི་ཚེས་ ༡༤ ཉིན་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་མང་གཙོ་མཉམ་མཐུན་ཚོགས་པའི་གྲོས་ཚོགས་ཤོག་ཁག་གི་འགན་འཛིན་ལྕམ་སྐུ་ Natasha Mazzone མཆོག་དང་མཇལ་མོལ་གནང་ཡོད་པ་ལྟར་མཇལ་མོལ་སྐབས་བོད་ནང་གི་དཀའ་ངལ་དངོས་ཡོད་ཁག་ངོ་སྤྲོད་དང་འབྲེལ་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་དང་གསུང་བཤད་གནང་ཐུབ་ཚེ་དགེ་མཚན་ཆེ་སྐོར་དང་དེ་བཞིན་ཡུལ་དེར་སྲིད་དོན་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེད་འཛུགས་གནང་རྒྱུ་གཙོས་པའི་ལྕམ་སྐུ་མཆོག་དང་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་གཞུང་འབྲེལ་སྐུ་མགྲོན་དུ་གདན་ཞུ་ལྟར་ཕེབས་ཐུབ་ན་དགའ་བསུ་ཡོད་ཅེས་ཞུས་པར་ལྕམ་སྐུ་མཆོག་གིས་ཁོང་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་མོས་ཤུགས་ཆེ་ཞུ་མཁན་ཞིག་ཡིན་པ་དང་དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཡུལ་དེར་གདན་འདྲེན་ཞུས་ཡོད་སྐོར་གསུངས་པ་མ་ཟད། གྲོས་ཚོགས་ནང་བོད་དོན་སྐོར་གསུང་བཤད་གནང་རྒྱུར་དཀའ་ངལ་མེད་པར་འགྲེལ་བརྗོད་གནང་སྟེ་སླད་མར་ལྷོ་ཨ་ཕི་རི་ཀར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་རྒྱུར་ཡུལ་དེའི་  Inkatha སྲིད་དོན་ཚོགས་པའི་གྲོས་ཚོགས་ཤོག་ཁག་དང་ལྷན་དུ་བཀའ་མོལ་གནང་རྒྱུའི་ཞལ་བཞེས་གནང་འདུག གཞི་རྩའི་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ པའི་ནང་ཨ་ཕི་རི་ཀའི་སྲིད་དོན་ཚོགས་པ་ Inkatha Freedom Party འམ་ཨིན་ཀ་ཐ་རང་དབང་ཚོགས་པས་ཡུལ་དེའི་གྲོས་ཚོགས་སུ་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཛུ་མ་མཆོག་གི་རྒྱལ་ཡོངས་གཏམ་བཤད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟངསེང་གེ་མཆོག་ཀྱང་གདན་ཞུ་གནང་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནང་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དང་རྒྱ་ནག་གཞུང་དབར་དཔལ་འབྱོར་དང་ཚོང་གི་འབྲེལ་ལམ་དམ་ཟབ་ཕྱིན་ཡོད་པ་དང་། འབྲེལ་ལམ་དེའི་རྐྱེན་གྱིས་རྒྱ་གཞུང་གིས་གནོན་ཤུགས་འོག་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་མཛད་ཐུབ་མེད་པ་རེད།

རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཆེས་ཐོག་མ་འཚོགས་རྒྱུ།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གཉིས་ཀྱིས་གོ་སྒྲིག་གནང་ཐོག་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢ ནས་དབུ་འཛུགས་གནང་སྟེ་ཚེས་ ༤ བར་ཉིན་གྲངས་གསུམ་གྱི་རིང་བཞུགས་སྒར་དྷརྨ་སཱ་ལཱར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་གཙོས་བོད་མིའི་སྒེར་གཉེར་སྤྱི་ཚོགས་ཞབས་ཞུ་བའི་ལས་ཁང་སོགས་ནས་བོད་མི་རིགས་ཀྱི་བདེ་དོན་སླད་དུ་ཕྱག་ལས་གནང་མཁན་བོད་མི་ཁྱོན་ ༡༢༥ ལྷག་བསྡུ་བསྐོང་གིས་ Global summit of international Tibetan Associations /Organizations ཞེས་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་ཆེས་ཐོག་མ་འཚོགས་གཏན་ཁེལ་འདུག ཚོགས་ཆེན་ཐོག་ཕྱི་རྒྱལ་དུ་བཞུགས་པའི་བོད་མི་ཚོས་རྒྱལ་སྤྱིའི་ཐོག་བོད་ཀྱི་འཐབ་རྩོད་ཀྱི་གནས་བབས་དེ་ ཤུགས་ཆེ་རུ་གཏོང་ཐབས་དང་ཁུལ་དེ་དག་ཏུ་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོར་བོད་ཀྱི་ཆོས་རིག་སློབ་ཁྲིད་གནང་བ་བརྒྱུད་ནས་སྲུང་སྐྱོབ་གནང་ཐབས། བོད་རིགས་སྤྱི་མཐུན་ཚོགས་པ་སྲ་བརྟན་དང་ཚགས་ཚུད་གནང་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་རིགས་ཚོགས་པའི་དབར་འབྲེལ་ལམ་དམ་ཟབ་གནང་ཐབས་བཅས་ཀྱི་བརྗོད་གཞི་བཞིའི་ཐོག་བཀའ་བསྡུར་གནང་རྒྱུ་རེད་འདུག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚོགས་ཆུང་ནས་ཚོགས་འདུར་མཐུན་འགྱུར་གནང་གི་ཡོད་པ་རེད། རླུང་འཕྲིན་ཁང་ནས་རིང་མིན་འཚོགས་རྒྱུའི་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་ཡོད།

སྲིད་སྐྱོང་མཆོག་ཨོ་སི་ཀྲི་ཡར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྱང་ཨ་མི་རི་ཀའི་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁག་ཅིག་གྲུབ་རྗེས་ཕྱི་ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་རིང་ཡོ་རོབ་རྒྱལ་ཁབ་ Austria ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག ཐེངས་འདིའི་གཞུང་འབྲེལ་ཕེབས་གནང་དོན་གཙོ་བོ་ནི་ཡུལ་དེར་རྟེན་གཞི་བྱས་པའི་ Innsbruck གཙུག་ལག་སློབ་གཉེར་ནས་དགུན་དུས་ཤེས་ཡོན་ལས་རིམ་གྱི་དབུ་འབྱེད་མཛད་སྒོར་གསུང་བཤད་བར་སྲིད་སྐྱོང་མཆོག་གདན་ཞུ་ཕུལ་བ་ལྟར་ཆེད་ཕེབས་གནང་བ་ཞིག་ཆགས་ཀྱི་འདུག སྲིད་སྐྱོང་མཆོག་གིས་ཟླ་ ༢ ཚེས་ ༡༥ ནས་ ༡༧ བར་ཉིན་གྲངས་གསུམ་ཨོ་སི་ཀྲི་ཡའི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་ས་གནས་སུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཡོད་མི་སྣ་མི་ཁག་ལ་མཇལ་མོལ་དང་གསར་ཁང་ཁག་ལ་བཅར་འདྲི་དང་ལེན། དེ་བཞིན་ཨོ་སི་ཀྲི་ཡ་ Grafenworth ས་གནས་རྫོང་དཔོན་སྐུ་ཞབས་ Alfred Riedl མཆོག་དང་མཇལ་མོལ། ཕྱི་ཚེས་ ༡༥ ཉིན་སྲིད་སྐྱོང་མཆོག་ནས་ཨོ་སི་ཀྲི་ཡའི་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་བ་དང་འབྲེལ། སྐབས་དེར་ཨོ་སི་ཀྲི་ཡའི་བོད་རིགས་མི་མང་ཚོགས་པས་སྲིད་སྐྱོང་མཆོག་གིས་ད་བར་སྲིད་སྐྱོང་གི་ཕྱག་ལས་གནང་རིང་ལ་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ཐོག་ཞབས་འདེགས་གང་ལེགས་ཞུས་པར་ཆེ་བསྟོད་ཀྱི་བཀའ་དྲིན་ཅན་ལ་བཀྲིན་ཆེ་ཞེས་པའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད། དེ་རིང་ཁུལ་དེའི་ནང་གཞུང་འབྲེལ་ཕྱོགས་ཕེབས་མཐའ་མ་དང་འབྲེལ་ཏེ་ཁུལ་དེར་རྟེན་གཞི་བྱས་པའི་ Innsbruck གཙུག་ལག་སློབ་གཉེར་ནས་དགུན་དུས་ཤེས་ཡོན་ལས་རིམ་གྱི་དབུ་འབྱེད་མཛད་སྒོར་དགེ་སློབ་ཚོར་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད་གཙུག་ལག་སློབ་གཉེར་ཁང་གི་དབུ་འཛིན་དང། ས་གནས་རྫོང་དཔོན་ Georg Wille ལགས་དང་མཇལ་མོལ་སོགས་གནང་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་ཕྱི་ཚེསས་ ༡༨ ཉིན་སྲིད་སྐྱོང་མཆོག་ Austria ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ཐོན་གནང་གི་ཡོད་པ་རེད།

Latest news