Tibetan Royal Year of 2151 | Year of the Wood Dragon

བོད།

བོད་མཐོ་སྒང་ཐོག་གོད་ཆག་ཡང་ཡང་འབྱུང་བཞིན་པའི་རྒྱུ་རྐྱེན་ངོ་མ་ཇི་ཡིན་རྩད་ཞིབ་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རྔ་བ་གཟི་རྩ་སྡེ་དགུ་རྗོང་གྱི་ས་ཡོམ་ཁྲོད་གོད་ཆག་ཕོག་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུས་པ་ཆབས་གཅིག དེང་སྐབས་བོད་མཐོ་སྒང་སྟེང་འབྱུང་བའི་གོད་ཆགས་དེ་རིགས་ཡང་ཡང་འབྱུང་བཞིན་ཡོད་སྟབས་དེ་དག་གི་རྒྱུ་རྐྱེན་ངོ་མ་གང་ཡིན་ངེས་པར་དུ་རྩད་ཞིབ་གནང་དགོས་གལ་ཡིན་པའི་འབོད་སྐུལ་གནང་འདུག དེའང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིགས་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གིས་བོད་མིའི་ཐོག་དབང་སྒྱུར་བྱེད་ཆེད་འཛུགས་སྐྲུན་ལས་གཞི་ཚད་ལས་བརྒལ་བ་བྱས་པ་དང་། ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པར་ཁྲིམས་མེད་ལུང་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་གྱིས་བོད་མིའི་སྲོལ་རྒྱུན་ལམ་སྲོལ་ཙམ་མ་ཟད་ཧ་ཅང་འཇིག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་རྩ་མེད་གཏོང་བཞིན་ཡོད་སྐོར་མངོན་གསལ་གནང་འདུག ཁོང་གིས་ད་དུང་རྒྱ་གཞུང་གིས་བོད་ནང་ཕྱི་མི་གནས་སྤོས་དང་གང་བྱུང་གཏེར་ཁ་སྔོག་འདོན། དེ་བཞིན་ཆུ་མཛོད་ཀྱི་ལས་གཞི་ཚད་ལས་བརྒལ་བ་གསར་རྒྱག་བྱེད་བཞིན་པའི་ཁྲོད་འདས་པའི་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོ་སོ་སོའི་ནང་ས་གནས་སུ་ཆུ་ལོག་དང་གངས་རུད། ས་རུད་སོགས་ཀྱི་འབྱུང་བའི་འཇིགས་པ་གཅིག་རྗེས་གཉིས་མཐུད་བྱུང་ཡོད་པ་ལུང་འདྲེན་གནང་པ་དང་ལྷན་ཅིག་ཏུ་རྒྱ་གཞུང་གི་ངོས་ནས་གནད་དོན་དེ་དག་ལ་བསམ་ཞིབ་ནན་པོ་གནང་སྟེ་རང་ཉིད་ཀྱི་སྲིད་བྱུས་ལ་བསྐྱར་བཅོས་བྱེད་དགོས་སྐོར་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ཟླ་བ་འདིའི་ཚེས་ ༨ ཀྱི་དགོང་དྲོ་ཚོུད་ ༩།༡༩ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་སྟེ་ད་བར་ཁྱོན་མི་ ༢༤ གྲོངས་པ་དང་མི་ ༤༩༣ ལ་རྨས་སྐྱོན་ཕོག་ཡོད་པ་རེད། ས་ཡོམ་གྱི་འཇིགས་པའི་ཁྲོད་གཟི་རྩ་སྡེ་དགུ་རྫོང་གི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་རབ་དབེན་དགོན་བཀྲིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན་དང་འདུ་ཁང་སོགས་ལ་གས་སྲུབས་བྱུང་ཡོད་པ་དང། དགོན་པའི་གྲྭ་བཙུན་རྣམས་ནས་ས་ཡོམ་ལས་གཡོལ་ཆེད་ཕྱི་ལོགས་སུ་བཞུགས་དགོས་བྱུང་བའི་གནས་ཚུལ་ཡང་བྱུང་ཡོད་པ་མ་ཟད། གཟི་རྩ་སྡེ་དགུར་ས་ཡོམ་བྱུང་རྗེས་ནོར་གླིང་རྦབ་ཆུ་དང་མེ་སྟག་མཚོ་སོགས་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མི་ཉུང་བར་གཏོར་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། སྐད་འཕྲིན་ནང་གནད་དོན་དེ་དང་འབྲེལ་བོད་མི་ཚོས་ས་ཡོམ་དེ་ནི་རང་བྱུང་ཁམས་ལ་ཚད་ལས་བརྒལ་བའི་གཏོར་བཤིག་བཏང་བའི་མཇུག་འབྲས་ཞིག་ཡིན་པ་དང་ཕྱི་རབས་པ་ཚོས་དོགས་ཟོན་ནན་མོ་དགོས་པའི་འབོད་སྐུལ་དང་། ཡང་ཁག་ཅིག་གིས་སྙིང་རྗེ་མེད་པའི་འབྱུང་བའི་འཇིགས་པ་རྣམས་ཉམ་ཆུང་གི་མི་ཚོས་ཨུ་ཚུགས་ཀྱིས་བཟོད་བསྲན་བྱེད་རྒྱུ་ལས་བྱ་ཐབས་གང་ཡོད་དམ་ཞེས་སོགས་ཀྱི་མཆན་མང་པོ་བཀོད་འདུག རྩ་བའི་གཟི་རྩ་སྡེ་དགུ་ནི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་དུ་ཡོད་ཅིང་། ལུང་པ་དེར་ཤུག་གཅོད་སྡེ་བ་དང་འོ་ཟོ་སྡེ་བ།རྫི་ཚ་བ་སྡེ་བ་སོགས་སྡེ་བ་དགུ་ཡོད་སྟབས་ཡུལ་དེའི་མི་དེ་ལྟར་བཏགས་པ་རེད་འདུག

བོད་རྔ་བ་ཁུལ་གྱི་ས་ཡོམ་དང་འབྲེལ་བའི་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་བཀོད་ཁྱབ།

དེ་ཡང་ China Digital Times ཞེས་པའི་གསར་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཁ་སང་རྒྱ་ནག་གཞུང་ནས་ཡོངས་ཁྱབ་བཀོད་ཁྱབ་ཅིག་བཏང་པའི་ནང་རྒྱ་ནག་ནང་ཡོད་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གཙོས་པའི་རྒྱལ་སྤྱིའི་གསར་ཁང་རྣམས་ནས་ཁ་ཉིན་ཕྱི་ཚེས་ ༨  དགོང་མོ་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་ཡོམ་བརྒྱབ་པའི་གནས་ཚུལ་དང་། ལྷག་པར་དུ་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་ཚེ་སྲོག་ཤོར་བོའི་མིའི་ཁ་གྲངས་རིགས་གནས་ཚུལ་རྣམས་རྒྱ་ནག་གཞུང་འབྲེལ་གསར་ཁང་ Xinhua ལ་གཞི་བཅོལ་དགོས་པའི་དམ་བསྒྲགས་བཀོད་ཁྱབ་བཏང་འདུག གསར་ཁང་དེའི་ངོས་ནས་ད་ལྟའི་ཆར་གནས་ཚུལ་ཡོང་ཁུངས་ཀྱི་བདེ་འཇགས་སོགས་ལ་དམིགས་ཏེ། དམ་བསྒྲགས་བཀོད་ཁྱབ་དེ་རྒྱ་གཞུང་གི་ལྷན་ཁང་དང་འགོ་ཁྲིད་སོགས་གང་གིས་བཏང་ཡོད་མེད་གསལ་ཁ་མེད་ཀྱང་།  དེའི་ནང་དུ་རྒྱ་ནག་གཞུང་ནས་མང་ཚོགས་ཁྲོད་ས་ཡོམ་དང་འབྲེལ་བའི་བསམ་ཚུལ་རྣམས་འགོག་ཐབས་སོགས་ལ་ཆེད་དམིགས་ཀྱིས་གསར་ཁང་ཁག་ནས་སྐབས་དེའི་ས་ཡོམ་དང་འབྲེལ་བའི་པར་རིས་དང་བརྙན་ཐུང་རིགས་ཀྱང་གསར་ཁང་གི་དྲ་བ་ཙམ་མ་ཟད། སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་སོགས་ཀྱི་ཐོག་ལ་འཇོག་རྒྱུར་ཚོད་འཛིན་བྱས་ཡོད་པ་བཀོད་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༨ ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ས་འགུལ་ཤུགས་ཚད་རིམ་པ་བདུན་ཅན་དེའི་ཁྲོད་དུ་མི་ ༡༩  ལྷག་གི་ཚེ་སྲེག་ཤོར་ཡོད་པ་མ་ཟད། ས་གནས་ཀྱི་སྡོད་ཁང་འབུམ་གཅིག་ལྷག་ལ་གས་རྡིབ་དང་། གཞུང་ལམ་དང་ཁང་པ། གཞུང་ལམ་ཁག་བཅད་པ་སོགས་ཀྱི་གོད་ཆག་བྱུང་ཡོད་པ་རེད།  དེ་རིང་ཚེས་ ༡༠ ཉིན་བརྒྱུད་ལམ་ཁག་ཏུ་མུ་མཐུད་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། དོན་རྐྱེན་དེའི་ཁྲོད་མི་བརྒྱ་ལྷག་གི་ཚེ་སྲོག་ཤོར་བ་དང་།  ༡༥༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་ཚོད་དཔག་གནང་བཞིན་འདུག ལྷག་པར་དུ་ས་ཁུལ་དེ་ནི་རྒྱུན་ལྡན་ནས་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འགྲོ་ཡུལ་གྱི་ས་ཚིགས་གཙོ་བོ་ཞིག་ཆགས་ཀྱི་ཡོད་སྟབས། ས་གནས་རྒྱ་གཞུང་ལས་བྱེད་ཀྱིས་གོད་ཆག་དེའི་འོག་ས་གནས་ཀྱི་ཡུལ་མི་ཙམ་མ་ཟད།  ཡུལ་སྐོར་སྤྲོ་འཆམ་པ་མི་ཉུང་བ་ཞིག་ལ་རྨས་སྐྱོན་དང་ཚེ་སྲོག་ཤོར་ཡོད་པར་ཚོད་དཔག་གནང་མུས་ཡིན་པ་དང་། ཁ་སང་ཁུལ་དེ་ནས་ཡུལ་སྐོར་སྤྲོ་འཆམས་པ་ཁྲི་གསུམ་ལྷག་གནས་སྤོས་བྱེད་བཞིན་ཡོད་པ་འགྲེལ་བརྗོད་ཀྱང་བྱེད་ཀྱི་འདུག ད་ལྟའི་ཆར་ས་གནས་དེར་ཛ་དྲག་གི་གནས་ལས་སྐྱོབ་ཕྱིར་མི་སྣ་ཆིག་སྟོང་ལྷག་འགྲེམས་འཇོག་གིས་སྨན་བཅོས་དང་ས་འོག་ལ་ཐིམ་པའི་མི་སྣ་འཚོལ་ཞིབ་སོགས་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་མ་ཟད་ཉེན་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་རྒྱ་ནག་སྡེ་ཚན་གྱི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པའི་མགྲིན་ཚབ་པ་ Gwendolyn Pang གྱིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་འོག་ས་གནས་ཀྱི་གནས་སྟངས་ནག་ཁུང་ཞིག་ཏུ་གྱུར་ཡོད་སྟབས།  ད་ལྟའི་ཆར་མི་ཤི་གོད་ཆག་དང་གནོད་འཚེ་ཕོག་པ་སོགས་ཇི་བྱུང་ཤེས་རྟོགས་དཀའ་བས་ངེས་རྙེད་བརྗོད་དཀའ་བའི་གནས་ཡིན་སྐོར་གསུངས་འདུག རྩ་བའི་རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་སོགས་ཀྱི་གོད་ཆག་བྱུང་བ་ད་རེས་ཐེངས་དང་པོ་མ་ཡིན་པར། འདས་པའི་ལོ་དུས་ནང་ལ་ས་ཡོམ་ཤུགས་ཚད་རིམ་པ་མི་འདྲ་བ་མི་ཉུང་བ་ཞིག་བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་ཕྱི་ལོ་ ༢༠༡༣  ལོར་སི་ཁྲོན་ཡཱ་ཨན་ཁུལ་དུ་ས་ཡོམ་ཤུགས་ཚད་རིམ་པ་བདུན་ཅན་བྱུང་བ་དེའི་ཁྲོད་མི་གྲངས་ ༢༠༠ ལྷག་གི་ཚེ་སྲོག་དང་མང་ཚོགས་ ༡༥༠༠༠ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་ཁུལ་དེར་ས་ཡོམ་ཤུགས་ཚད་རིམ་པ་བརྒྱད་ཅན་བྱུང་བ་དེའི་ཁྲོད་མང་མི་ཁྱོན་ ༨༠ ལྷག་གི་ཚེ་སྲོག་ཤོར་བ་དང་དེ་བཞིན་མང་ཚོགས་༣༧༠༠༠༠ ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།  

རྒྱ་གཞུང་གིས་བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་བཏང་པའི་ས་ཁུལ་ཁག་ཡུལ་སྐོར་སྤྲོ་འཆམ་པའི་འགྲོ་ལམ་བཟོ་བཞིན་པ་ར་སྤྲོད་བྱུང་འདུག

དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་རྒྱབ་ཏུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ནོར་བུ་གསོལ་མགྲོན་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཐོག་འདས་པའི་དུས་ཡུན་ནང་གསང་བའི་ཐོག་བོད་ནང་ནས་གསེར་རྟ་བླ་རུང་སྒར་དང་འབྲེལ་བའི་གནས་ཚུལ་པར་རིས་དང་བརྙན་ཐུང་སོགས་ཡོད་པ་མཁོ་སྒྲུབ་ཞུས་པ་ཁག་ཅིག་གཟིགས་འབུལ་དང་སྦྲགས། ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་སྔ་ལོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་འདི་ལོའི་ཟླ་ ༤ བར་བསྟུད་མར་བོད་གསེར་རྟ་ཁུལ་གྱི་ཆོས་སྡེ་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་སྟེ། གྲྭ་ཤག་ཁག་གཏོར་བཤིག་བཏང་པའི་ས་ཆ་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་སའི་རྒྱ་ལམ་དང་སྐས་བརྫེགས་ས་སྟོང་སོགས་གསར་རྒྱག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། གཞན་ཡང་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པར་དམིགས་ཏེ་གཞི་རྒྱ་ཆེ་བའི་མགྲོན་ཁང་ཁག་ཅིག་གསར་རྒྱག་བྱེད་བཞིན་ཡོད་པ་ཟད། ཆོས་སྡེ་དེར་ད་ཆ་ནང་ཆོས་སློབ་གཉེར་བ་ལས་ཡུལ་སྐོར་སྤྲོ་འཆམ་པ་མང་བ་ཆགས་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

བོད་རྔ་པ་གཟི་རྩ་སྡེ་དགུ་རྫོང་ཁུལ་དུ་ས་ཡོམ་འོག་མི་ ༡༩ ཚེ་སྲོག་ཤོར་འདུག

རྒྱ་གཞུང་གིས་དབྱེ་བའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གཟི་རྩ་སྡེ་དགུ་རྫོང་ཁོངས་སུ་ཁ་སང་དགོང་དྲོ་ཚོུད་༩།༡༩ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་ནས་དེ་རིང་ཉིན་གུང་ཚོུད་ ༡།༠༠ བར་མི་ ༡༩ འི་ཚེ་སྲོག་ཤོར་ཡོད་པ་ཤེས་རྟོགས་བྱུང་འདུག ད་ལྟའི་གནས་སྐབས་སུ་བརྒྱུད་ལམ་ཁ་ཤས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་བྱུང་ས་དེར་ནམ་རྒྱུན་ཕྱི་ནས་ཡུལ་སྐོར་བ་མང་དག་ཕེབས་ཡུལ་ཞིག་ཆགས་ཀྱི་ཡོད་སྟབས། རྐྱེན་འདས་སུ་སོང་མཁན་ཁོངས་སུ་ས་གནས་ཀྱི་མི་ཙམ་མ་ཟད་རེ་ཟུང་ཡུལ་སྐོར་སྤྲོ་འཆམ་བ་ཡིན་པ་གསུངས་འདུག ད་བར་ཤེས་རྟོགས་བྱུང་བར་ས་ཡོམ་གྱི་འཇིགས་པ་དེའི་ཁྲོད་དུ་རྨས་སྐྱོན་ཕོག་མཁན་མི་གྲངས་ ༢༤༧ དང་རྨས་སྐྱོན་ཚབས་ཆེ་ཕོག་མཁན་མི་གྲངས་ ༤༠ ཡོད་པ་རྣམས་འབྲེ་ལ་ཡོད་ས་གནས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་འདུག འདི་ག་རླུང་འཕྲིན་ཁང་ནས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ཁྲོད་གཟི་རྩ་སྡེ་དགུའི་ཉེ་འཁྲིས་ས་གནས་ཁག་ཅིག་ཏུ་ས་འགུལ་ཚོར་བ་ཙམ་ལས་ཚེ་སྲོག་ཤོར་བའི་གནས་ཚུལ་ཐོས་རྒྱུ་མི་འདུག་གསུངས་ཀྱི་འདུག བོད་ནང་གི་བོད་སྐད་རླུང་འཕྲིན་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བར་གཟི་རྩ་སྡེ་དགུ་རྫོང་དེའི་ནང་གི་གཡུང་དྲུང་བོན་གྱི་དགོན་པ་ཆེ་ཤོས་རབ་དབེན་དགོན་བཀྲིས་ཕུན་ཚོགས་གླིང་གི་གཡུང་དྲུང་ལྷ་རྩེ་མཆོད་རྟེན་དང་འདུ་ཁང་སོགས་ལ་གས་སྲུབས་བྱུང་ཡོད་པ་དང། དགོན་པའི་གྲྭ་བཙུན་རྣམས་ནས་ས་ཡོམ་ལ་གཡོལ་ཆེད་ཕྱི་ལོགས་སུ་བཞུགས་འདུག རྩ་བའི་ཁ་སང་རྔ་པ་གཟི་རྩ་སྡེ་དགུ་རྫོང་ཁུལ་གྱི་ས་ཡོམ་དེ་ཤུགས་ཚད་ཆེ་བ་གྲས་ཤིག་ཆགས་ཀྱི་ཡོད་སྟབས། སི་ཁྲོན་ཞིང་ཆེན་ཁྱབ་ཁོངས་ཀྱི་སྡོད་ཁང་འབུམ་གཅིག་ལྷག་ཙམ་ལ་གས་རྡིབ་དང་། གཞུང་ལམ་ཁག་ཅིག་བཅད་པ་སོགས་གོད་ཆགས་ཆེན་བྱུང་འདུག ཁ་སང་དགོང་དྲོ་ཚོུད་ ༩།༡༩ ཐོག་ས་ཡོམ་ཐོག་མ་དེ་བྱུང་པ་མ་ཟད་དེའི་རྗེས་སུ་ཤུགས་ཚད་ཆུང་བའི་ས་འགུལ་སྔ་རྗེས་བྱུང་འདུག

རྒྱ་གཞུང་གིས་རང་སྲེག་གནང་མཁན་བོད་མི་གསུམ་གློད་བཀྲོལ་བཏང་འདུག

རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་རྐྱེན་འཛིན་བཟུང་བྱས་པའི་བོད་མིའི་ཁྲོད་ནས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་དུས་ཚོད་སྔ་རྗེས་སུ་གློད་བཀྲོལ་བཏང་འདུག དེའང་ཟླ་བ་འདིའི་ཚེས་ ༢༩ ཉིན་གྲྭ་བློ་བཟང་སྐལ་བཟང་ལགས་རྔ་བ་ཏིག་ཡང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པ་དང་། ཁོང་ནི་དེ་སྔོན་༢༠༡༡ ལོ་ཟླ་ ༣ ཚེས་ ༡༦ ཉིན་རང་ལུས་མེར་སྲེག་གནང་མཁན་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་ཡིན་པ་རེད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་བོད་ནང་གི་སྔ་དྲོ་ཚོུད་ ༡༠།༠༠ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྱི་རང་ལོ་ ༡༨ སོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་རྣམ་གཉིས་ཀྱིས་༸རྒྱལ་བ་རིན་པོ་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་ཞེས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་སྲེག་གནང་བཞིན་ཞི་རྒོལ་གནང་ནས་དུས་ཡུན་རིང་པོ་མ་འགོར་བར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་འབྱོར་ནས་ཁོང་གཉིས་འཛིན་བཟུང་བྱས་རྗེས་ད་བར་ལོ་ངོ་དྲུག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དེ་བཞིན་ཁོང་གི་རོགས་པ་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་ལགས་འདིའི་ལོ་ཟླ་ ༣ ཚེས་ ༢༨ མཚནམོར་རྒྱ་ནག་ཟི་ཁྲོན་དན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། དྲག་ཆས་ཉེན་རྟོག་དམག་མིས་གསང་སྟབས་འོག་ནས་རང་ཁྱིམ་དུ་བསྐྱེལ་ཡོད་པ་དང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་རྐང་པ་གཡས་པ་བཏུབ་ཡོད་པ་མ་ཟད་གཟུགས་གཞིའི་གནས་སྟངས་ཆེས་ཞན་པོ་ཆགས་ཡོད་པ་རེད་འདུག དེ་མིན་ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་བཙན་གནོན་ལ་ཞི་རྒོལ་སླད་རང་སྲེག་གནང་མཁན་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱང་སྔ་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡༠ ཉིན་རྒྱ་ནག་ཟི་ཁྲོན་ཏན་ཡང་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་རེད་འདུག ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ཆགས་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། འདི་གའི་ས་གནས་གསར་འགོས་པས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་ཡོད་པའི་བོད་མི་ཞིག་ལ་བཅར་འདྲི་ཞུས་དོན་ལྟར་ཁོང་གིས་བཙོན་གྲོལ་དང་འབྲེལ་བའི་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། རྩ་བའི་རྒྱ་གཞུང་གིས་འདི་ལོ་ནང་བོད་དོན་སླད་རང་སྲེག་གནང་མཁན་བོད་མི་གསུམ་བཙོན་གྲོལ་བཏང་འདུག

རྒྱ་གཞུང་གིས་བོད་ནང་སྐད་འཕྲིན་ཚོགས་པ་གཉེར་རྒྱུར་དམ་དྲག་བྱེད་བཞིན་འདུག

བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་དེང་སྐབས་སྐད་འཕྲིན་ཚོགས་པ་ཁག་ལ་དམིགས་བསལ་གྱི་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། རྒྱ་གཞུང་གིས་འདི་ལོའི་ཟླ་དྲུག་པ་ཙམ་ནས་ལྷ་ས་ཁུལ་དུ་སླར་དྲ་ལམ་ཞིབ་བཤེར་གྱི་ལས་འགུལ་ཞིག་སྤེལ་བཞིན་པའི་གནས་ཚུལ་ཐོན་ཡོད་ཅིང་། དོགས་གཞི་ཡོད་པའི་མི་སྒེར་ཁག་ཅིག་ལ་སྐད་འཕྲིན་ཚོགས་པ་གཉེར་མི་ཆོག་པ་དང་། ཅི་སྟེ་དེ་ལྟར་གཉེར་དགོས་ཚེ་རང་གི་ཡུལ་མི་ཐོབ་ཐང་དཔང་ཡིག་སོགས་འཁྱེར་ནས་སྲིད་གཞུང་ལ་ཐོ་འགོད་དང་ཆོག་མཆན་ཞུ་དགོས་པ་སོགས་བཤད་འདུག སྐད་འཕྲིན་ཚོགས་པ་གཉེར་མཁན་བོད་མི་ཚོར་སྲིད་གཞུང་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པ་དང་། ཆབ་སྲིད་སོགས་ཀྱི་གནད་དོན་ཐོག་གླེང་སློང་གནང་མི་ཆོག་ཚུལ་ཆ་རྐྱེན་ཁག་ཅིག་སྟོན་ཡོད་པ་ལྟར་ཐོ་འགོད་ཞུ་བར་ཕྱིན་ཡོད་ཀྱང་། ཐོ་འགོད་གནང་ས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུག རྩ་བའི་སྐད་འཕྲིན་དྲ་ལམ་དེ་དར་བ་ནས་བཟུང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཕན་ཚུན་དབར་སྟབས་བདེའི་ངང་འབྲེལ་ལམ་གནང་རྒྱུ་བྱུང་བ་མ་ཟད། ལྷག་དོན་རྒྱལ་སྤྱིའི་གནས་ཚུལ་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གོ་རྟོགས་སྤེལ་ཕྱིར་སྐད་འཕྲིན་ཚོགས་པ་མང་དག་ཞིག་གསར་འཛུགས་གནང་ཡོད་པ་རེད། དེ་དེ་བཞིན་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཛ་དྲག་ཅན་གྱི་བོད་མི་དབུལ་ཕོངས་དང་ནད་མནར་སོགས་ཀྱི་སླད་དངུལ་བསྡུ་རུབ་གནང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་རེད་འདུག

རྔ་བའི་ནང་དུ་བོད་ཀྱི་བོད་རྒྱལ་དར་སྒྲེང་འཛུགས་གནང་འདུག

བོད་མདོ་སྨད་རྔ་བའི་ནང་གི་ཁང་ཆེན་ཞིག་གི་སྟེང་བོད་ཀྱི་བོད་རྒྱལ་དར་སྒྲེང་འཛུགས་གནང་འདུག་པ་དང། རྒྱ་གཞུང་གིས་ཁུལ་དེར་ཚོགས་པའི་རོལ་དབྱངས་ཀྱི་མཚན་ཚོགས་ཤིག་གི་ཐོག་དམ་དྲག་ཤུགས་ཆེ་དང་འབྲེལ། གཞས་པ་ཚོ་དེར་མཉམ་ཞུགས་གནང་རྒྱུར་བཀག་སྡོམ་བྱས་འདུག དེ་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཟླ་ ༧ ཚེས་ ༡༢ ཉིན་བོད་མདོ་སྨད་རྔ་བ་ནང་དུ་བོད་མི་རང་ལུས་མེར་སྲེག་དང་ཞི་བའི་རྔམ་སྟོན་གྱི་དོན་རྐྱེན་མང་ཤོས་གནང་ཡུལ་དཔའ་བོའི་གསང་ལམ་གྱི་ཁང་ཆེན་ཞིག་གི་ཐོག་ཏུ་དུས་ཐུང་རིང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་རེད་འདུག ད་ལྟའི་ཆར་དྲ་རྒྱ་དང་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པའི་འདྲ་པར་དེ་ཁྱབ་སྤེལ་ཤུགས་ཆེ་གནང་བཞིན་འདུག་པ་དང་། ས་ཁུལ་དེར་རྒྱ་ནག་གཞུང་གིས་དམ་དྲག་ཇི་ཙམ་བྱེད་མུས་ཡིན་པར་ལྟོས་མེད་ཀྱིས་ས་གནས་བོད་མི་ཚོས་རྒྱ་གཞུང་ལ་གདོང་ལེན་གྱི་རྣམ་པ་ཕྱིར་འགྱར་གནང་རྒྱུར་འདུན་པ་ཇི་ཙམ་ཡོད་པ་ཆེས་མངོན་གསལ་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉིན་ཤས་སྔོན་རྔ་བ་ནང་དུ་ཕྱི་ལོ་ ༢༠༠༨ ལོར་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོའི་སྒེར་ལངས་གནང་རྗེས། བོད་ཀྱི་རིག་གཞུང་དུས་སྟོན་ཐེངས་དང་པོ་དེ་ཚོགས་བཅུག་ཡོད་པ་དེ་ལྟར་ཡང་། རྒྱ་གཞུང་གིས་དེའི་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁྲོད། དུས་སྟོན་གྱི་བྱེད་སྒོའི་ཁོངས་སུ་ཡོད་པའི་རོལ་དབྱངས་ཀྱི་མཚན་ཚོགས་སྐབས་དྲག་ཆས་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་པ་མ་ཟད། བོད་མི་གཞས་པ་གྲགས་ཅན་གཉིས་མཚན་ཚོགས་དེར་མཉམ་ཞུགས་གནང་བཅུག་མེད་པ་རེད་འདུག

བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་འདུག

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཕུལ་འདུག ཁ་སང་ཕྱི་ཚེས་ ༡༢ ཉིན་མོ་དེ་ནི་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གྲོངས་པའི་ཉིན་མོ་ཡིན་པ་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུ་དོན་ལྟར་ཁུལ་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་སྐུ་འདས་གྲོངས་སུ་གྱུར་ནས་ལོ་གཉིས་འཁོར་བའི་རྗེས་དྲན་གྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས། ད་ལྟ་རྒྱ་གཞུང་གིས་ཆེས་དམ་དྲག་བཙོན་འཇུག་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་འདི་ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཕུལ་འདུག གཞི་རྩའི་ཁ་སང་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་རྗེས་དྲན་གྱི་ལས་རིམ་ཐོག་རིན་པོ་ཆེ་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གཙོས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་དང་ས་གནས་མི་མང་སོགས་ནས་མཉམ་ཞུགས་གནང་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ནས་ཕྱི་ལོ་ ༢༠༠༢ ལོར་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་འཛིན་བཟུང་བྱས་པའི་གནས་སྟངས་དང་། དེ་རྗེས་རྒྱ་གཞུང་གི་བཙོན་ཁང་ནང་ལོ་ངོ་ ༡༣ རིང་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་མཐར་བཙོན་ཁང་ནང་སྐུ་གྲོངས་པའི་གནས་ཚུལ་རྣམས་གསལ་བཤད་གནང་པ་དང་འབྲེལ། རིན་པོ་ཆེ་དམ་པའི་གནད་དོན་ཐད་དྲང་བདེན་གྱི་རྒྱལ་ཁབ་ཐོབ་རྒྱུར་ཚང་མས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་འདུག དེ་བཞིན་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་རིན་པོ་ཆེ་དམ་པའི་རྗེས་དྲན་གྱི་གཟེངས་རྟགས་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཕུལ་བ་དེའི་བརྒྱུད། བོད་པའི་གཞོན་སྐྱེས་ཚོ་ལ་རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་གནང་རྒྱུ་གལ་ཆེ་ཡིན་པའི་དྲན་གསོ་ཐུབ་པ་ཞིག་གནང་རོགས་ཞེས་གསུངས་འདུག ད་དུང་ཁོང་གིས་རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་གྲོངས་ཡོད་ཀྱང་རིན་པོ་ཆེ་དམ་པའི་མཛད་རྗེས་དང་སྙིང་སྟབས་དེས་བོད་མི་ཚོ་ལ་སེམས་ཤུགས་འཕར་མ་ཞིག་སྐྲུན་ཡོད་པ་སོགས་མངོན་གསལ་གནང་ནས་གསུངས་ཡོད་པ་རེད།

བོད་ཀྱི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་བཙོན་གྲོལ་ཐོབ་འདུག

ཁ་སང་ཟླ་ ༧ ཚེས་ ༡༠ ཉིན་བོད་མདོ་སྨད་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་པའི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་ལོ་ ༤ རིང་གི་བཙོན་འཇུག་བྱས་རྗེས་བཙོན་གྲོལ་ཐོབ་འདུག་པ་དང་། སྐབས་དེར་ཁོང་གི་ནང་མི་དང་གྲོགས་པོ་སོགས་ཀྱིས་བཙོན་གྲོལ་ཐོབ་པར་དགའ་བསུའི་མཇལ་དར་སྒྲོན་ཏེ་ཕེབས་བསུ་ཞུས་འདུག འདི་ག་རླུང་འཕྲིན་ཁང་ལ་དེ་འབྲེལ་བོད་མི་ཞིག་གིས་གསུངས་པར་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ནས་ཕྱི་ལོ་ ༢༠༡༢ བོད་ཟླ་ ༡༠ ནས་ ༡༡ ཉིན་ལ་ཁ་བའི་མེ་ཏོག་རིག་རྩལ་དགོང་ཚོགས་ཆེན་མོ་གཙོ་གཉེར་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་བླངས་པའི་བོད་པ་ཚོ་ཞེས་པའི་གླུ་གཞས་དེའི་ནང་དུ། བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ། ཞེས་སོགས་གཞས་ཚིག་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་དེ། ཁོང་གི་འོད་སྡེར་དེ་དག་བོད་ཁུལ་དུ་འགྲེམས་སྤེལ་གནང་རྗེས་ཟླ་བ་གཅིག་གི་རྗེས་སུ་ཕྱིར་བསྡུ་བྱས་པ་མ་ཟད། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་སྔ་ཕྱིར་ཐེངས་འགར་ལྷ་སར་བཀག་ཉར་གྱིས་འདྲི་བརྩད་བྱས་འདུག ལྷག་དོན་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཡས་མས་ཤིག་ལ་ལྷ་ས་ནས་འཇུ་བཟུང་ཁྲིད་ཀྱིས་རྒྱ་ནག་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ལྟ་སྲུང་ཁང་ཞིག་ཏུ་ཟླ་བ་བཅུ་དྲུག་རིང་བཀག་བསྐྱིལ་བྱས་རྗེས་ཁྲིན་ཏུའུ་གྲོང་ཁྱེར་ཁྲིམས་ཁང་ཞིག་གིས་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་གསུངས་སོང་། ད་ཆ་སྐལ་བཟང་ཡར་འཕེལ་ལགས་བཙོན་འཇུག་གི་དུས་ཡུན་གཙང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་། ཁོང་གི་གཟུགས་གཞིའི་གནས་སྟངས་ཇི་ཡོད་ཐད་ལ་ཤེས་རྟོགས་ཐུབ་ཀྱི་མི་འདུག རྩ་བའི་བོད་ཀྱི་རྡུང་ལེན་པ་སྐལ་བཟང་ཡར་འཕེལ་ལགས་ནི་བོད་ནང་མང་ཚོགས་ཀྱི་ཁྲོད་ནས་དགའ་མོས་ཆེན་པོ་ཐོབ་བཞིན་ཡོད་པ་མ་ཟད། མང་ཚོགས་ནས་ཁོང་ལ་དེང་རབས་ཀྱི་ཁུ་བྱུག་གཞོན་ནུ་དང་བདུད་བྷེ་ཆུང་བ་སོགས་ཀྱི་མཚན་བསྟོད་ཞུ་ཡུལ་གྱི་གླུ་བ་སྙན་གྲགས་ཅན་ཞིག་ཡིན་པ་རེད།  ཁོང་གིས་སྔ་ཕྱི་བར་གསུམ་དུ། གླིང་གེ་སར་རྒྱལ་པོའི་ཕ་ཡུལ་དང་། དགུང་ནས་འབྲུག་གྲགས་བྱུང་། གཡུ་འབྲུག་སྔོན་མོའི་འཁྱུག་རྩལ། དཔྱིད་དཔལ་བསུ་བའི་འབྲུག་སྒྲ། ཉི་ཟེར་འབོད་པའི་གངས་རི། དེང་རབས་ཀྱི་བོད་པ། གངས་ཅན་བསུ་བའི་འབྲུག་སྒྲ། གྲགས་སྙན་གཡུ་འབྲུག་སྔོན་མོ། དེང་རབས་ཁུ་བྱུག་གི་འགྱུར་ཁུགས་སོགས་གླུ་གཞས་ཆེད་བསྒྲིགས་སྒྲ་ཐག་དང་འོད་སྡེར་མང་དག་ཞིག་བོད་ས་གང་སར་འགྲེམས་སྤེལ་གནང་མྱོང་ཡོད་པ་རེད།

Latest news