Tibetan Royal Year of 2151 | Year of the Wood Dragon

བོད།

རང་ལུས་མེར་སྲེག་གནང་མཁན་གྲྭ་འཇམ་དབྱངས་བློ་གསལ་ལགས་འདས་གྲོངས་སུ་གྱུར་འདུག

ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༥ ཚེས་ ༡༩ ཉིན་གྱི་ཞོགས་པར་བོད་ནང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་གྱེར་སྟེང་དགོན་པའི་རང་ལོ་ ༢༠ ནང་ཡིན་པ་དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་གི་མི་དམངས་སྨན་ཁང་གི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་སྟེ་འདས་གྲོངས་སུ་ཕྱིན་འདུག དེ་འབྲེལ་གནས་ཚུལ་ཤེས་རྟོགས་ཡོད་མཁན་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཁོང་གིས་རང་ལུས་མེར་བསྲེགས་གནང་རྗེས་རང་སྲེག་གནང་ས་རང་དུ་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པ་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཏེ་ད་ལྟ་ནང་མིར་ཕྱིར་རྩིས་སྤྲོད་བྱས་མེད་པ་མ་ཟད། ས་གནས་ལ་དོན་རྐྱེན་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་ས་གནས་སུ་དམ་དྲག་བྱས་ཡོད་པ་རེད་འདུག འོན་ཀྱང་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་ཞོགས་པ་སྔ་པོ་ནས་བྱུང་སྟབས་ངོ་རྒོལ་གྱི་འབོད་ཚིག་གང་ཞིག་སྒྲོག་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་འགྲེལ་བརྗོད་གནང་ཡོད། རྩ་བའི་དགེ་འདུན་པ་ཁོང་་ད་ལྟ་རང་ལོ་ ༢༢ དང་ཡང་ན་ ༢༩ ཡིན་པ་བཅས་མི་འདྲ་བ་གཉིས་བརྗོད་མཁན་ཡོད་ཀྱང་གང་ལྟར་རང་ལོ་ ༢༠ ནང་ཡིན་པ་དང་། ཁོང་གི་སྐྱེས་ཡུལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་མཚོའི་མདུང་རྒྱ་སྡེ་བ་ནས་ཡིན་པ་དང་ཁོང་གི་ཕ་མ་གཉིས་པོ་སྔ་ས་ནས་ཁ་བྲལ་ཕྱིན་ཡོད་པ་རེད་འདུག འཇམ་དབྱངས་བློ་གསལ་ལགས་ཀྱི་དགོན་པ་གྱེར་སྟེང་དགོན་པ་ནི་གཅན་ཚ་རྫོང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ་ ༣༠ ཡས་མས་སུ་ཆགས་ཡོད་པ་དང་། དགོན་པ་དེའི་དགོན་བདག་ནི་ལ་མོ་གྲྭ་གྲགས་རྒན་ཚང་ཡིན་ཞིང་ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་གྱི་གྲྭ་ ༢༠ ལྷག་ཡོད་པ་རེད་འདུག གཞི་རྩའི་ཕྱི་ལོ་ ༢༠༡༢ ལོར་བོད་མི་རྟ་མགྲིན་ཐར་ལགས་ཀྱིས་གཙན་ཚ་རྫོང་རྒྱ་གཞུང་སྤྱི་བདེ་དྲག་ཆས་ཉེན་རྟོག་དམག་མིའི་དམག་སྒར་སྒོ་འགྲམ་དུ་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཡོད་པ་དང་། ད་རེས་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་གནང་པ་དེ་ནི་གཙན་ཚ་རྫོང་ནས་རང་ལུས་མེར་སྲེག་གནང་མཁན་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མི་འདོད་པའི་ངོ་རྒོལ་གྱི་རྣམ་འགྱུར་ཆེད་བཏོན་གནང་ནས་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༡༤༩ བྱུང་ཡོད་པ་རེད། གཞི་རྩའི་མདོ་སྨད་ས་ཁུལ་གཅན་ཚ་རྫོང་ནི་ད་ལྟ་རྒྱ་གཞུང་གིས་བཅད་བགོས་བྱས་པ་ལྟར་ན་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་གཅན་ཚ་རྫོང་ལ་ཡུལ་ཚོ་ ༦ དང་གྲོང་རྡལ་ ༣ གྲོང་སྡེ་ ༧༩ ཡོད་ཅིང་གཅན་ཚ་རྫོང་གི་སའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ ༡༧༡༤ ཡོད་པ་དང་མི་འབོར་ ༥༠༠༠༠ ཡོད་པའི་ནང་བོད་རིགས་ནི་མི་འབོར་གྱི་བརྒྱ་ཆའི་ ༦༧ ཟིན་ཡོད་འདུག གཅན་ཚ་ས་་ཁུལ་ནི་དེང་སྐབས་མདོ་སྨད་ཕྱོགས་ནས་བོད་ཀྱི་རིག་གཞུང་ཐད་དོ་སྣང་ཆེ་ཤོས་གྲགས་ཤིག་ལ་ངོས་འཛིན་གནང་བཞིན་ཡོད་པ་མ་ཟད་ས་གནས་དེ་ནས་དུས་རབས་དེའི་ནང་དཔལ་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་དེང་རབས་ཀྱི་མཁས་པ་མང་པོ་ཞིག་བྱུང་ཡོད་པ་རེད་འདུག

རང་ལུས་མེར་སྲེག་གནང་མཁན་གྱི་ཕ་མ་གཉིས་འཛིན་བཟུང་འོག་འབོ་ར་དགོན་གྲོང་གཉིས་ཀ་དམ་དྲག་ཆེན་པོའི་འོག་བཞག་འདུག

རང་ལོ་ ༡༦ ཡིན་པའི་བོད་པའི་ན་གཞོན་ཕྱག་རྡོར་སྐྱབས་ལགས་ནས་ཟླ་བ་འདིའི་ཚེས་ ༢ ཉིན་འབོ་ར་དགོན་པའི་གླིང་སྐོར་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ནས་ཉིན་གྲངས་ཉི་ཤུ་སོང་ལ་ཉེ་ནའང་ས་གནས་སུ་དམ་དྲག་རྐྱེན་པས་གནས་ཚུལ་ཆ་ཚང་བ་ཞིག་ད་དུང་ཡང་འབྱོར་ཐུབ་ཀྱི་མེད་པ་རེད། ཁ་སང་འདི་གར་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འབོ་ར་ནང་གི་གནས་ཚུལ་གསར་པ་ཤེས་རྟོགས་བྱུང་བ་ཁག་ཅིག་ངོ་སྤྲོད་གནང་དོན། ཕྱི་ཚེས་ ༢ ཉིན་ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་གནང་པའི་རྗེས་སུ་ཉིན་དེར་ཕ་མ་གཉིས་དང་ཁོང་གི་སྲིང་མོ་བཅས་གསུམ་འཛིན་བཟུང་བྱས་འདུག་ཀྱང་རིང་པོར་མ་སོང་བར་གློད་འདུག དུས་དེ་ནས་བཟུང་ཁོང་གི་སྲིང་མོ་རྒྱུ་མཚན་གང་ཡིན་མ་ཤེས་པར་ལུས་ཁམས་མ་དྭངས་པར་ཉལ་སར་ལྷག་ཡོད་པ་རེད་འདུག ད་དུང་ཁོང་གིས་ཕྱག་རྡོར་སྐྱབས་ལགས་ཀྱི་ཕ་མ་གཉིས་རྗེས་སུ་ཡང་བསྐྱར་འཛིན་བཟུང་བྱས་ཏེ་ད་དུང་ཡང་གློད་བཀྲོལ་བཏང་མེད་པ་མ་ཟད། གཞན་ཡང་ཁོང་གི་སློབ་གྲོགས་ཤིག་ཀྱང་འཛིན་བཟུང་བྱས་འདུག་ཀྱང་གནས་ཚུལ་ཞིབ་ཕྲ་ཤེས་ཐུབ་ཀྱི་མི་འདུག་གསུངས་ཡོད། ད་ལྟའི་གནས་སྐབས་སུ་རྒྱལ་གཅེས་པ་ཕྱག་རྡོར་སྐྱབས་ལགས་རྒྱ་གཞུང་གི་བཙན་ཁྱེར་བྱེད་ཡོད་པ་ཙམ་ལས་འཆི་གསོན་གང་ཡིན་གྱི་གནས་སྟངས་ཇི་ཆགས་ཁ་གསལ་ཤེས་དཀའ་བར་གྱུར་ཡོད་པ་ཡང་གསུངས་ཀྱི་འདུག གཞི་རྩའི་རྒྱལ་གཅེས་པ་ཁོང་གི་འབོ་ར་དགོན་པའི་གླིང་སྐོར་ནང་དུ་རང་ལུས་མེར་སྲེག་གནང་ནས་བོད་ལ་རང་དབང་དགོས། ༸རྒྱལ་དབང་རིན་པོ་ཆེ་བོད་ལ་ཕེབས་བཅུག་དགོས། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ཞེས་ལེན་གཉིས་ལ་འཐེན་མཚམས་དེ་ག་རང་ལ་ཉེན་རྟོག་པས་བཙན་ཁྱེར་བྱེད་ཡོད་པ་རེད། ཕྱག་རྡོར་སྐྱབས་ལགས་ནི་ཕ་བཟོད་པ་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་ཁོང་རང་ལོ་ ༡༦ ཡིན་པ་རེད་འདུག

གྲྭ་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་འདུག

བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་འོག་ཡོད་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཁ་སང་དགོང་མོ་གསང་སྟབས་ཐོག་བཙོན་གྲོལ་བཏང་འདུག འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་དོན་ལ། བློ་བཟང་རྒྱ་མཚོ་ལགས་སི་ཁྲོན་ཏེ་ཡང་བཙོན་ཁང་ནས་བཙོན་གྲོལ་བཏང་པའི་རྗེས་སུ་ཁ་སང་ཟླ་ ༥ ཚེས་ ༡༠ མཚན་དཀྱིལ་ཙམ་ལ་རང་ཁྱིམ་དུ་བསྐྱལ་འདུག་པ་དང་།  དེ་མཚུངས་སུ་ཁོང་ད་བར་མི་ལོ་ ༥ ལྷག་བཙོན་འཇུག་འོག་བཞུགས་རིང་ལ་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱང་ཡོད་པ་ཤེས་རྟོགས་བྱུང་བ་ལས་དེ་མིན་ད་ཆ་བཙོན་གྲོལ་ཐོབ་རྗེས་གཟུགས་གཞིའི་གནས་སྟངས་ཇི་ཡོད་སོགས་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་གསུངས་ཡོད། རྩ་བའི་དེ་སྔོན་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས་ ༡༣ ཉིན་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་སྐད་འབོད་གནང་ཞིང་རང་ལུས་མེར་བསྲེགས་གནང་སྟབས། རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་ཁོང་གི་ལུས་པོའི་སྟེང་གི་མེ་བསད་ནས་གཅར་རྡུང་དྲག་པོ་བཏང་པ་མ་ཟད། བཙན་དབང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། རྩ་བའི་རྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དེ་དག་ཕྱི་ཕྱོགས་ནས་བརྒྱུད་སྐུལ་གནང་པ་ཞིག་ཡིན་ཚུལ་དང་། དེ་ནི་འཇིགས་སྐུལ་རིང་ལུགས་པ་དང། རྒྱལ་ཁབ་ཀྱི་བརྟན་ལྷིང་དཀྲུག་གཞི་སོགས་ལ་ཁ་གཡར་ནས་བོད་མི་རང་ལུས་མེར་སྲེག་མཁན་ཚོ་དང་དེ་དག་གི་ནང་མི་ཉེ་འབྲེལ་ལ་དམ་དྲག་དང། རང་སྲེག་གི་གནས་ཚུལ་ཕྱི་ཕྱོགས་ལ་མཁོ་སྤྲོད་གནང་མི་ཆོག་པའི་སྡིག་སྐུལ་བྱས་པ་མ་ཟད། རང་སྲེག་གནང་མཁན་གྱི་ནང་མིར་གདུང་སེམས་མཉམ་བསྐྱེད་ཞུ་མི་ཆོག་པ་བཟོས་ཏེ། བཀོད་ཁྱབ་དེ་དག་ལ་མ་བརྩི་མཁན་མི་སྒེར་དང་དགོན་པ། གྲོང་སྡེ་སོགས་སྤྱི་ཡོངས་ལ་ཉེས་ཆད་གཏང་རྒྱུའི་ཁྲིམས་ལག་བསྟར་བྱེད་མུས་ཡིན་པ་རེད།

སྨན་པ་མཁས་གྲུབ་ལགས་འཛིན་བཟུང་དང་ཚེ་སྒྲུབ་སྐྱིད་ལགས་བཙོན་གྲོལ་ཐོབ་འདུག

བོད་ནང་གི་གནས་ཚུལ་ཁག་ཅིག་འདི་གར་འབྱོར་བར་གཞིགས་ན།  བོད་མདོ་སྨད་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་ཁང་གི་དབུ་འཛིན་སྨན་པ་མཁས་གྲུབ་ལགས་རྒྱ་ནག་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག་པ་དང། དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་རྒྱ་གཞུང་གིས་འཛིན་བཟུང་འོག་ལོ་བཞིའི་རིང་གར་སོང་ཆ་མེད་དུ་གྱུར་པའི་བེུད་ཚེ་སྒྲུབ་སྐྱིད་ལགས་ཉེ་ཆར་གློད་བཀྲོལ་ཐོབ་འདུག བོད་མི་ཞིག་གིས་བོད་མདོ་སྨད་རྨ་ཆུ་ནང་གི་གནས་ཚུལ་འགྲེལ་བརྗོད་གནང་པར་སྨན་པ་མཁས་གྲུབ་ལགས་དེ་སྔོན་ ༢༠༡༦ ལོའི་ཟླ་ ༡༢ ནང་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་མ་བྱས་སྟབས། མུ་ར་དགོན་པའི་དོ་དམ་པ་དང་སྨན་ཁང་གི་སྨན་པ་གཅིག་བཅས་ཁོང་གཉིས་ཀྱིས་མི་བརླག་པའི་གསལ་བསྒྲགས་སྤེལ་ནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་པས་ཉེན་རྟོག་པ་ཞེད་ནས་ཁོང་འཛིན་བཟུང་བྱས་ཡོད་པ་ངོས་ལེན་གྱིས་མཐར་འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་གློད་བཀྲོལ་བཏང་པ་ཞིག་ཡིན་པ་གསུངས་སོང་། འོན་ཀྱང་རྫོང་ཉེན་རྟོག་པས་དེ་སྔོན་མཁས་གྲུབ་ལགས་འཛིན་བཟུང་གིས་བཀག་ཉར་སྐབས་བཙན་འཕྲོག་བྱས་པའི་ཅ་དངོས་རྣམས་ལེན་དུ་ཤོག་ཅེས་བརྗོད་ནས་ཁོང་སླར་ཡང་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་ཡོད་པ་རེད་འདུག ཡང་དེའི་བར་ན་ཨོ་སི་ཊོ་ལི་ཡར་བཞུགས་པའི་རྨེའུ་དཀོན་རྒྱམ་ལགས་ཀྱིས་དེ་སྔོན་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོ་ནས་ཡིན་པའི་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣ ཉིན་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྐབས་ཚེ་སྒྲུབ་སྐྱིད་ལགས་ཀྱིས་ཁོང་གི་སྐུ་ཕུང་ལ་བཟུང་ནས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་གནང་སྟབས་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཉེ་ཆར་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་བཏང་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༥ ཉིན་རྒྱ་གཞུང་གི་ཁྲིམས་ཁང་ནས་ཁོང་ལ་ལོ་ངོ་ ༤ རིང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ནས་མེ་ཡན་བཙོན་ཁང་ནང་བཅུག་ཡོད་པ་དང་། ཁོང་བཙོན་ཁང་ནང་དུ་བཞུགས་སྐབས་གཟུགས་གཞི་བདེ་མིན་རྐྱེན་པས་ལོ་གཅིག་ལྷག་བཙོན་པའི་སྨན་ཁང་དུ་བཞུགས་དགོས་བྱུང་འདུག ཉེ་ཆར་ཁོང་བཙོན་གྲོལ་གཏང་ལ་ཉེ་བའི་མཚམས་དེར་རྒྱ་གཞུང་གིས་ཁོང་ལ་ཁྱེད་རང་གི་སྨན་ཡོན་ལ་རྒྱ་སྒོར་ཁྲི་བཅུ་གསུམ་སོང་ཟིན་སྟབས། དངུལ་ཚབ་སྤྲོད་དགོས་ཟེར་ནས་དཀའ་ངལ་མང་དག་འཕྲད་ཡོད་པ་ཤེས་རྟོགས་བྱུང་འདུག རྩ་བའི་ཚེ་སྒྲུབ་སྐྱིད་ལགས་ཟླ་འདིའི་ཚེས་ ༥ ཉིན་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ས་གནས་ཡུལ་མི་ ༢༠༠ ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག གཞན་ཡང་སྔ་ལོ་ཨ་མདོ་ཨ་མཆོག་ནས་གཏེར་ཁ་སྔོག་འདོན་གྱི་ལས་གཞིར་ཞུ་གཏུག་གི་ལས་འགུལ་སྤེལ་བ་དང་འབྲེལ་འཛིན་བཟུང་གིས་བློ་རིག་མི་གསལ་བ་བཟོས་ནས་རང་ཁྱིམ་དུ་བཏང་བའི་ཚེ་དབང་སྐྱབས་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེའང་སྔ་ལོའི་ཕྱི་ཟླ་ ༥ པའི་ནང་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་ ་གོང་སྔོན་བླ་རིའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་པའི་ཁྲོད། ཚེ་དབང་སྐྱབས་ལགས་ནས་ལས་གཞི་དེ་མཚམས་འཇོག་དགོས་པའི་གཏམ་བཤད་བྱས་ཡོད་པ་དང་། དེའི་བརྙན་པར་ཞིག་བརྒྱུད་ལམ་ཐོག་ཕྱིར་འགྱར་བྱུང་བས་ཁོང་དང་བོད་མི་གཞན་ལྔ་དྲུག་ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། སུད་སིར་བཅའ་བཞུགས་ལྷ་སྲས་བསོད་ནམས་ལགས་ཀྱིས་གནས་ཚུལ་གནང་འབྱོར་བྱུང་བར་གཞིགས་ན། ཚེ་དབང་སྐྱབས་ལགས་ལ་ནད་གཞི་ལྕི་མོ་ཞིག་བྱུང་ནས་རྫོང་དང་ཁུལ་སྨན་ཁང་སོགས་སུ་འགྲོ་སོང་ཆེན་པོ་བཏང་ནས་སྨན་བཅོས་ཞུས་ཀྱང་ཕན་འབྲས་མ་བྱུང་ནས་མཐར་ཟླ་ ༤ ཚེས་ ༢༥ ཕྱི་དྲོ་ཚོུད་ ༡༡།༡༥ སྟེང་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད་འདུག

གྲྭ་མཆོག་སྤྲིན་རྒྱ་མཚོ་ལགས་དགོང་མོ་ཚོུད་བཅིུས་ཡས་མས་ཤིག་ལ་རང་ཁྱིམ་དུ་བསྐྱེལ་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་མདོ་སྨད་གཙང་དགོན་པ་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཆད་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་ས་གནས་ཀྱི་མང་ཚོགས་ཚོར་ཁོང་ལ་ཕེབས་བསུ་ཞུ་མི་ཆོག་པའི་བཙན་བཀའ་བཏང་འདུག དེའང་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་ནག་གཞུང་གི་བཙན་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྐབས་མདོ་སྨད་གཙང་དགོན་པའི་དགེ་འདུན་པ་དང་བོད་མི་སེར་སྐྱ་མང་པོས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམས་ཏེ་མཁའ་དབྱིངས་སུ་འཕྱར་ཞིང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་ཞི་རྒོལ་གྱི་སྐད་འབོད་གནང་པར་བརྟེན། ལོ་དེའི་ཟླ་ ༤ ཚེས་ ༩ ཉིན་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་དང་། ཚུལ་བཟང་རྒྱ་མཚོ་ལགས། དེ་བཞིན་མཁས་གྲུབ་རྒྱ་མཚོ་ལགས་བཅས་གསུམ་ལ་ལས་འགུལ་སྣེ་ཁྲིད་གནང་མཁན་ཡིན་ལུགས་དང་། ཕྱི་ལོགས་སུ་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ཏེ་ལོ་ངོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་དང་མཁས་གྲུབ་རྒྱ་མཚོ་གཉིས་ཁྲིམ་ཆད་ཆག་ཡང་གིས་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་སྔ་རྗེས་སུ་བཙོན་གྲོལ་ཐོབ་ཡོད་པ་རེད། འོན་ཀྱང་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཀྱི་བཙོན་འཇུག་དུས་ཡུན་མ་ཚང་སྟབས་བཙོན་ཁང་དུ་མུ་མཐུད་བཞུགས་དགོས་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ལ་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཀྱི་སྤུན་མཆེད་འགའ་ཆེན་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། ཆབ་སྲིད་བཙོན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཉེ་ཆར་ཟླ་ ༤ ཚེས་ ༡༥ ཉིན་ལོ་བཅུའི་བཙོན་འཇུག་གྱི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མི་ཉེ་འབྲེལ་དང་ས་གནས་ཀྱི་མང་ཚོགས་ཚོར་ཁོང་ལ་ཕེབས་བསུ་ཞུ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་གསུངས་སོང་། རྩ་བའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནས་ཡིན་པ་དང་། ད་ལྟ་ཁོང་རང་ལོ་ ༤༤ ཙམ་སོན་ཡོད་པ་རེད་འདུག

རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱི་སྡེ་བའི་ཡུལ་མི་ཚོར་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་འདུག

  ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱལ་གཅེས་པ་དབང་ཕྲུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་ཏེ་རྒྱ་གཞུང་གིི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་གནང་པའི་ཉིན་དེར་རྒྱ་གཞུང་གིས་ཁོང་གི་སྡེ་བའི་ནང་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱས་པ་དང་། སྡེ་བའི་མི་མང་རྣམས་ཚོགས་འདུར་བསྐོང་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་ཡོད་པ་རེད་འདུག རྒྱ་གཞུང་གིས་སྡེ་བའི་མི་མང་ཡོངས་རྫོགས་ཚོགས་འདུར་བསྐོར་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་དང་འབྲེལ། ད་རེས་རང་ལུས་མེར་སྲེག་གནང་པའི་གནད་དོན་ལ་བརྟེན་ནས་སྲིད་གཞུང་གིས་སྡེ་བའི་ཡུམ་མི་ཚོར་སྤྲོད་བཞིན་པའི་མཐུན་རྐྱེན་རོགས་རམ་ཐམས་ཅད་བཀག་སྡོམ་བྱེད་རྒྱུ་མ་ཟད། སྡེ་བའི་མི་སུ་འདྲ་ཞིག་ཡིན་རུང་རྫོང་དང་ཡུལ་ཚོ་སོགས་ལ་འགྲོ་མི་ཆོག་པ་དང་། གལ་སྲིད་ངེས་པར་དུ་འགྲོ་དགོས་ཚེ་དེ་གར་འགྲེམས་འཇོག་འོག་ཡོད་པའི་དམག་མི་ལས་ཆོག་མཆན་ཡི་གེ་ཞུ་དགོས་པ་སོགས་བརྗོད་ཡོད་པ་རེད་འདུག སྐབས་དེའི་གནས་ཚུལ་རྒྱུས་མངའ་ཤེས་རྟོགས་ཡོད་པའི་བོད་མི་ཞིག་གིས་བརྗོད་གནང་དོན། རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་ཀྱི་གནས་ཚུལ་གསལ་ཁ་གནང་པར་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་བོད་ནང་གི་སྔ་དྲོ་ཚོུད་ ༨།༠༠ ཡས་མས་ཡིན་པ་དང་མེར་སྲེག་མ་གནང་གོང་དུ་ཁོང་གིས་ས་སྣུམ་མང་པོ་འཐུངས་པ་མ་ཟད། ཁོང་གི་ཞལ་ནས་༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་ཐེངས་ཁ་ཤས་གནང་རྗེས་ཐང་དུ་འགྱེལ་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་དམག་མི་འབྱོར་ཏེ་མེ་བསད་དེ་སྐུ་ལུས་བཙན་འཁྱེར་བྱས་ཡོད་པ་དང་ཕལ་ཆེར་སྐུ་འདས་གྲོངས་དུ་གྱུར་ཡོད་པར་ཚོད་དཔག་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།

གྲྭ་བློ་བཟང་རྒྱ་མཚོ་ལགས་ལོ་གསུམ་གྱི་བཙོན་འཇུག་རྗེས་གློད་བཀྲོལ་ཐོབ་པ།

ཕྱི་ལོ་ ༢༠༡༤ ལོར་བོད་མདོ་སྨད་རྔ་བ་ནང་དུ་ཞི་རྒོལ་གནང་མཁན་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ལོ་གསུམ་གྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་གློད་བཀྲོལ་ཐོབ་འདུག དེ་ཡང་སུད་སིར་གནས་སྡོད་བསོད་ནམས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་པར་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་བཙོན་གྲོལ་ཐོབ་པའི་རྗེས་སུ་ཁ་སང་ཚེས་ ༡༩ ཉིན་རང་དགོན་དུ་འབྱོར་འདུག་ཅེས་གསུངས་སོང་། གཞི་རྩའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ནི་ད་ལྟ་རང་ལོ་ ༢༣ ཡིན་པ་དང་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཕ་བྷེ་ཚེ་དང་མ་ཞིས་ཆུང་ལགས་གཉིས་ཀྱི་བུ་ཡིན་འདུག ཁོང་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་ཞུགས་གནང་ནས་སྔོན་འགྲོའི་འཛིན་གྲྭ་དགུ་པ་རེད་འདུག  ཁོང་གིས་དེ་སྔོན་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢ ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་ནས་ཕྱག་ཏུ་ཁོང་རང་ཉིད་ཀྱིས་བྲིས་པའི་བོད་ཀྱི་རྒྱལ་དར་ཞིག་བཟུང་ནས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་ཞི་འབོད་སྒྲིག་བཞིན་ངོ་རྒོལ་རྔམ་སྟོན་གནང་ཡོད་པ་རེད། འོན་ཀྱང་ལོ་དེའི་ཟླ་ ༤  ཚེས་ ༡༥ ཉིན་རྒྱ་གཞུང་ཉེན་རྟོག་པ་དགོན་པར་ཡོང་ནས་བློ་བཟང་རྒྱ་མཚོ་ལགས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་རེད། གནས་ཚུལ་ངོ་སྤྲོད་པས་གསུངས་པར་གྲྭ་བློ་བཟང་རྒྱ་མཚོ་ལགས་ལ་བཀག་སྡོམ་འོག་མནར་གཅོད་རིམ་པ་བཏང་མཐར། ༢༠༡༤ ཟླ་ ༡༡ ཚེས་ ༧ ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ཏུ་ཁོང་ལ་ལོ་ ༣ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་གི་ལྷན་དུ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསྟན་པ་ལགས་ལ་ཡང་ལོ་ ༢ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་གསུངས་སོང་།  ཁོང་གཉིས་ལ་ཁྲིམས་ཐག་གཅོད་སྐབས་ནང་མིར་བརྡ་ལན་སྤྲད་དེ་ཁྲིམས་རར་ཟུར་ཉན་དུ་ཡོང་བཅུག་པ་ཙམ་ལས་དེ་མིན་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླ་རྒྱུ་སོགས་ཀྱི་གོ་སྐབས་དང་ཐོབ་ཐང་གང་ཡང་སྤྲད་མེད་པ་གསུངས་ཡོད།

དབང་ཕྱུག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ནང་མིར་སྤྲད་མི་འདུག

བོད་ཁམས་དཀར་མཛེས་ཉག་རོང་ནས་ཡིན་པའི་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཟིན་ཡོད་ཀྱང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་སྐུ་ཕུང་ད་དུང་ཡང་ནང་མིར་རྩིས་སྤྲོད་བྱས་མི་འདུག རྒྱལ་གཅེས་པ་དེ་ཉིད་ཀྱིས་ཟླ་ ༤ ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་པ་ནས་བཟུང་དཀར་མཛེས་རྫོང་དང་ཉག་རོང་ས་གནས་སུ་སྔར་ལྷག་དམ་བསྒྲགས་བྱེད་བཞིན་ཡོད་སྟབས་ཐེངས་འདིའི་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ་དང་བརྒྱུད་རིམ་ཞིབ་ཚགས་ཞིག་ཡོང་ཐུབ་མེད་པ་རེད། དེ་རིང་འབྲེལ་ཡོད་ཁ་ཤས་ནས་གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བའི་ཁོངས། རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་རྒྱ་གཞུང་གི་ཉེན་རྟོག་པའི་ལག་ཏུ་དགོངས་པ་རྫོགས་ཡོད་ཀྱང་ཁོང་གི་སྐུ་ཕུང་ད་བར་ནང་མིར་རྩིས་སྤྲོད་བྱེད་མེད་པ་མ་ཟད། ཁ་སང་དེ་རིང་ཁོང་གི་ནང་མི་ལ་ཧ་ཅང་དམ་དྲག་བྱེད་ནས་དཀའ་ངལ་བཟོ་བཞིན་འདུག ད་དུང་ཤེས་རྟོགས་བྱུང་བར་དཀར་མཛེས་རྫོང་ཉེན་རྟོག་པས་དབང་ཕྱུག་ཚེ་བརྟན་ལགས་ཀྱི་རང་སྲེག་དང་འབྲེལ་ཡོད་འཛིན་བཟུང་བྱས་པ་ཉག་རོང་བ་དཀོན་མཆོག་རྒྱལ་མཚན་ལགས་དང་ཉི་མ་ལགས་གློད་བཀྲོལ་བཏང་ཡོད་ཀྱང་། ཁོང་གཉིས་གནས་སྐབས་ཕ་ཡུལ་ཉག་རོང་ལ་འགྲོ་མི་ཆོག་པ་བཟོ་ཡོད་འདུག ཁ་སང་འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་ནང་སྐབས་དེ་དུས་ཉག་རོང་ནས་མི་གསུམ་འཛིན་བཟུང་བྱས་ཡོད་པའི་ཁོངས་མི་གསུམ་པའི་མིང་ལ་ཚེ་རིང་རྒྱ་མཚོ་ཡིན་པ་ཞུས་ཡོད། འོན་ཀྱང་དེ་རིང་གནས་ཚུལ་ཡོང་ཁུངས་ལ་ཞིབ་དཔྱད་བྱེད་སྐབས་ཁོང་གི་མིང་ལ་དཀོན་དབང་ངམ་དཀོན་མཆོག་ཚེ་རིང་ཟེར་གྱི་འདུག རྫོང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་ཕྱོགས་ཐད་ད་ལྟའི་ཆར་འགྲེལ་བཤད་གཉིས་ཡོང་གི་འདུག་སྟབས། གཅིག་གིས་གསུངས་པར་ཁོང་ནས་སྐུ་ལུས་མེར་སྲེག་གི་བརྙན་པར་ལེན་པའི་དབང་གིས་ཡིན་པ་དང་། གཞན་གྱིས་གསུངས་པར་ཁོང་གིས་རྒྱལ་གཅེས་པ་དབང་ཕྱུག་ཚེ་རིང་ལགས་ཀྱི་ལག་ཐོག་ཁ་པར་ཉར་བའི་རྐྱེན་གྱིས་ཡིན་པ་གསུངས་འདུག

རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་སྲེག་དང་འབྲེལ་ནས་བོད་མི་ལྔ་འཛིན་བཟུང་བྱས་པ།

དཀར་མཛེས་རྫོང་ཉེན་རྟོག་པས་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་སྲེག་དང་འབྲེལ་ནས་ད་བར་ཁོང་གི་ཕ་ཡུལ་གཅིག་པའི་ཉག་རོང་བ་དཀོན་མཆོག་རྒྱལ་མཚན་དང་ཉི་མ། དེ་བཞིན་ཚེ་རིང་རྒྱ་མཚོ་བཅས་གསུམ་དང་། དཀར་མཛེས་ནས་ཡིན་པ་བོད་མི་གཉིས་བཅས་ཁྱོན་བོད་མི་ལྔ་འཛིན་བཟུང་བྱས་འདུག འདི་གར་གནས་ཚུལ་མཁོ་སྤྲོད་གནང་མཁན་ནས་གསུངས་པར་ཉག་རོང་ནས་ཡིན་པའི་བོད་མི་གསུམ་པོ་འཛིན་བཟུང་བྱེད་དོན་ནི། ཁོང་ཚོས་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱི་ལག་ཐོག་ཁ་པར་ཉར་ཡོད་པའི་རྒྱུ་མཚན་གྱིས་རེད་འདུག་ཅེས་གསུངས་སོང་། ད་ལྟའི་གནས་སྐབས་སུ་གནས་ཚུལ་ཡོང་ཁུངས་ནས་འགྲེལ་བརྗོད་གནང་པར་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་ཚེས་ ༡༥ཉིན་དཀར་མཛེས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་མ་གནང་གོང་དུ་ཁོང་གི་ཕ་ཡུལ་གཅིག་པའི་བོད་མི་གསུམ་པོ་དེ་དག་ལ་ང་ད་ལྟ་དཀར་མཛེས་རྫོང་ལ་ཡོད། ངའི་ཁ་པར་དེ་ཨ་མ་ལོ་རྒན་ཞིག་གི་ལག་ཏུ་བཅོལ་ཡོད། ཁྱེད་རྣམ་པས་ངའི་ཁ་པར་དེ་ངེས་པར་དུ་ལེན་རོགས་ཞེས་གསུངས་ཡོད་པ་དང་། དེ་ནས་དུས་ཚོད་རིང་པོ་མ་སོང་བར་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ནས་རང་སྲེག་གནང་ཡུལ་གྱི་ཉེ་འཁྲིས་སུ་ཡོད་པའི་ཨ་མ་ལོ་རྒན་ཞིག་ལ་ཁ་པར་འདི་ཉར་རོགས་ཞེས་ཞུས་པ་དང་དུས་མཉམ་དེ་མ་ཐག་ས་གནས་དེར་སྐུ་ལུས་མེར་བསྲེགས་གནང་པ་ཞིག་རེད་འདུག རྗེས་སུ་དཀོན་མཆོག་རྒྱལ་མཚན་དང་ཉི་མ། དེ་བཞིན་ཚེ་རིང་རྒྱ་མཚོ་གསུམ་པོ་ཉག་རོང་ནས་དཀར་མཛེས་ལ་འབྱོར་ནས་ཁ་པར་དེ་ཨ་མ་ལོ་རྒན་དེའི་ལག་ནས་རག་ཐུབ་པ་བྱུང་འདུག འོན་ཀྱང་ཁོང་ཚོས་ཁ་པར་དེ་ཁ་ཕྱེ་པ་སོགས་ལ་བརྟེན་ནས་རྒྱ་གཞུང་གི་ལས་བྱེད་པས་ཁ་པར་དེ་དབང་ཕྱུག་ཚེ་བརྟན་ལགས་ཀྱི་ཡིན་པ་ཤེས་སྟབས་ཁོང་གསུམ་པོ་གློ་བུར་དུ་འཛིན་བཟུང་བྱས་འདུག་པ་མ་ཟད། ཁོང་གསུམ་ཀར་གཅར་བརྡུང་དྲག་པོ་བཏང་འདུག དེ་དག་ལས་གཉིས་གློད་བཀྲོལ་བཏང་འདུག་ཀྱང་གཅིག་ལ་ད་དུང་མུ་མཐུད་གཅར་བརྡུང་དྲག་པོ་གཏོང་མུས་ཡིན་པ་གསུངས་སོང་། གཞན་ཡང་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་ཀྱི་རང་ལུས་མེར་སྲེག་དང་འབྲེལ་ནས་དཀར་མཛེས་རྫོང་ཉེན་རྟོག་པས་རང་སྲེག་གི་བརྙན་པར་ལེན་མཁན་དཀར་མཛེས་ནས་ཡིན་པའི་བོད་མི་གཉིས་འཛིན་བཟུང་བྱས་ཡོད་པ་གསུངས་སོང་། འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་གསུངས་དོན། རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་དང་ཕ་ཡུལ་གཅིག་པའི་ཁམས་ཉག་རོང་ནས་ཡིན་ཞིང་། མིང་ལ་དཀོན་དབང་ངམ་དཀོན་མཆོག་ཚེ་རིང་ཞུ་མཁན་ཞིག་གིས་སྐབས་དེའི་རང་སྲེག་གི་བརྙན་པར་ལེན་པའི་རྐྱེན་གྱིས་ས་གནས་རྒྱ་གཞུང་གི་མི་སྣས་ཁོང་འཛིན་བཟུང་བཙན་འཁྲིད་ཀྱིས་གཅར་བརྡུང་དྲག་པོ་བཏང་སྟེ་ད་ཆ་ཁོང་བསད་ཚར་ཡོད་པ་ཚོད་དཔག་གནང་བཞིན་ཡོད་པ་གསུངས་ཡོད། དེ་བཞིན་ཁོང་གི་མིང་ལ་དཀོན་མཆོག་ཚེ་རིང་དང་རང་ལོ་ ༣༩ ཡིན་པ་ཙམ་ལས་གནས་ཚུལ་ཞིབ་ཕྲ་ཤེས་ཐུབ་ཀྱི་མི་འདུག གཞི་རྩའི་ད་རེས་ཁམས་ཉག་སྟོད་ནས་ཡིན་པའི་རྒྱལ་གཅེས་པ་དབང་ཕྱུག་ཚེ་བརྟན་ལགས་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས་ས་གནས་སུ་སྔར་ལྷག་དམ་བསྒྲགས་བཟོས་རྐྱེན། རྒྱལ་གཅེས་པ་དེ་ཉིད་རང་ལོ་ ༣༩ དང་ཕྲུ་གུ་བཞི་ཅན་གྱི་ཕ་ཞིག་ཡིན་པ་ཙམ་ལས་སྐབས་དེར་འབོད་ཚོགས་ཇི་སྒྲོག་སོགས་ཞིབ་ཕྲའི་གནས་ཚུལ་དང་ལོ་རྒྱུས་ད་བར་ཕྱིར་ཐོན་ཐུབ་མེད་སྟབས། ཕྱི་ཕྱོགས་ལ་དེ་འབྲེལ་གནས་ཚུལ་ཐོན་རིམ་སོ་སོར་འགྱུར་བ་ཕྲན་བུ་རེ་ཡོང་བཞིན་པའི་གནས་སྟངས་ཡང་ཆགས་ཡོད།  

Latest news