Tibetan Royal Year of 2151 | Year of the Wood Dragon

བོད།

རྩ་སའི་བདག་དབང་ཆེད་བོད་མི་གཅིག་འཛིན་བཟུང་གིས་ཤེས་རྟོག་མེད་པར་གྱུར་འདུག

དེའང་སེར་ཤུལ་རྫོང་སྲིད་གཞུང་གི་རྒྱལ་སྒོ་མདུན་དུ་གྲྭ་བློ་བཟང་བཟོད་པ་ལགས་ཀྱིས་དབོན་པོ་རུ་ཁག་གཉིས་པའི་རྩ་སའི་བདག་དབང་ཕྱིར་སྤྲོད་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་བས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་འདུག འདི་ག་རླུང་འཕྲིན་ཁང་གིས་བརྒྱུད་ལམ་ཁག་ཏུ་ཁུངས་ལྡན་གྱི་གནས་ཚུལ་ཐོན་པ་ལས་ཤེས་རྟོགས་བྱུང་བར། ཁ་ཉིན་ཟླ་འདིའི་ཚེས་ ༡༠ ཉིན་སེར་ཤུལ་རྫོང་ཁོངས་ཀྱི་གྲྭ་བློ་བཟང་བཟོད་པ་ལགས་ཀྱིས་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གི་རྒྱལ་སྒོ་མདུན་དུ་གུར་ཞིག་ཕུབ་ནས་རང་དཀར་པོའི་སྟེང་ལ་སེར་ཤུལ་དབོན་པོ་རུ་ཁག་གཉིས་པའི་རྩ་སའི་བདག་དབང་ཕྱིར་སྤྲོད་དགོས་ཞེས་ཡོག་ཐོག་ཏུ་བྲིས་ཏེ་ཞུ་འབོད་ཀྱི་ལས་འགུལ་སྤེལ་སྟབས། དེ་མ་ཐག་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རླངས་འཁོར་ནང་དུ་བཅུག་སྟེ་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་སྐྱིལ་བྱེད་ཡོད་པ་དང་ལོ་ཇི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། གཞི་རྩའི་སེར་ཤུལ་རྫོང་ཁོངས་ཀྱི་གྲྭ་བློ་བཟང་བཟོད་པ་ལགས་ཀྱིས་ལོ་ཤས་གོང་ནས་གོང་རིམ་ལ་རིམ་པ་བརྒྱུད་དེ་ལན་མང་རིང་དབོན་པོ་རུ་ཁག་གཉིས་པའི་རྩ་སའི་བདག་དབང་ཕྱིར་སྤྲོད་དགོས་སྐོར་གྱི་ཞུ་གཏུག་མང་དག་ཞིག་གནང་ཡོད་ཀྱང་། གོང་རིམ་གྱི་ལས་སྣེ་བཟུང་བའི་དཔོན་རིགས་ཚོས་དེར་ཕན་འབྲས་སོན་པའི་ལན་འདེབས་གང་ཡང་མ་བྱུང་སྟབས། ཁོང་རང་ཉིད་འུ་ཐུག་ཐབས་ཟད་ཀྱི་གནས་ལས་མ་འདས་པས་སེར་ཤུལ་རྫོང་སྲིད་གཞུང་གི་རྒྱལ་སྒོ་མདུན་དུ་དངོས་སུ་བཅར་ཏེ་དབོན་པོ་རུ་ཁག་གཉིས་པའི་རྩ་སའི་བདག་དབང་ཕྱིར་སྤྲོད་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།     རྒྱ་གཞུང་གིས་ཕྱི་རྒྱལ་དཔོན་རིགས་ཚོ་དང་གསར་འགོད་པར་བོད་ནང་གི་བོད་མི་རྣམས་ཞི་བདེ་ལྷིང་འཇགས་ངང་གནས་ཡོད་པ་མ་ཟད། རྒྱ་གཞུང་གིས་རྐང་འགན་འཁུར་ཐོག་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་རྣམ་པ་གསར་པ་ཞེས་སོགས་ལ་སྙད་སྟེ་བོད་མི་ཞིང་འབྲོག་མང་ཚོགས་ཚོའི་འཚོ་བར་དོག་ཕོག་འགྲི་གཞིའི་རྩ་ས་བཙན་འཕྲོག་བྱས་དང་བྱེད་བཞིན་ཡོད་པ་རེད། དེ་མཚུངས་སུ་དེ་སྔ་བོད་མདོ་སྨད་རྔ་བ་ནང་ཁྱུང་མཆུ་རྫོང་སྲིད་གཞུང་གིས་ཁུལ་དེའི་བོད་མིའི་འབྲོག་ས་བཙན་འཕྲོག་གིས་ཁོང་རྣམ་པའི་འཚོ་བར་དཀའ་ངལ་ཆེན་པོ་བཟོས་པ་མ་ཟད། ལྷག་དོན་བོད་མི་དེ་དག་གིས་རྫོང་སྲིད་ལ་ཞུ་གཏུག་བྱེད་སྐབས་སླར་ཡོང་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་པའི་གནས་ཚུལ་ཐོན་མྱོང་ཡོད་པ་རེད། རྩ་བའི་ Wikipedia དྲ་གནས་ཐོག་སེར་ཤུལ་རྫོང་དང་འབྲེལ་བའི་གནས་ཚུལ་འཁོད་པ་ལྟར་ན།  རྫོང་དེ་ཟི་ཁྲོན་ཞིང་ཆེན་གྱི་བྱང་ཕྱོགས་ལ་ཁེལ་གྱི་ཡོད་པ་དང་། རྫོང་དེའི་མི་འབོར་ཧ་ལམ་སྟོང་ཕྲག་ ༦༨ ཙམ་ཡོད་པའི་ནང་ནས་རྒྱ་ཆ་ ༩༦ བོད་པའི་བྲོག་པ་ཆགས་ཀྱི་ཡོད་པ་རེད་འདུག  སྤྱི་ལེ་གྲུ་བཞི་མ་ ༢༥༠༠༠ ཙམ་ལ་ཁྱབ་པའི་སེར་ཤུལ་རྫོང་དེ་ས་གནས་ཕལ་ཆེ་བ་རྩ་ས་ཡིན་པ་དང་།  ཁུལ་དེའི་བོད་པའི་བྲོག་པ་མང་ཚོགས་རྣམས་ཀྱི་འཚོ་གནས་གཙོ་བོ་གནང་ཡུལ་ཆགས་ཀྱི་ཡོད་པ་རེད་འདུག

ཆབ་སྲིད་བཙོན་ཟུར་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་འདས་གྲོངས་སུ་གྱུར་འདུག

དེ་སྔ་ཕྱི་ལོ་ ༢༠༡༣ ལོ་མཇུག་ཏུ་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ཁ་ཉིན་ཟླ་ ༨ ཚེས་ ༧ ཉིན་གཟུགས་གཞི་གནས་སྟངས་ཞན་པའི་འོག་འདས་གྲོངས་སུ་གྱུར་འདུག དེའང་བོད་སྟོད་དིང་རི་རྫོང་ཤེལ་དཀར་དགོན་པའི་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ནས་དཔའ་ངར་ཞུམ་མེད་ཀྱིས་རྒྱ་གཞུང་གིས་དྲག་པོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང༌། ༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་དགོས་པའི་སློབ་གསོའི་ལས་རིམ་ལ་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་སྐད་གསང་མཐོན་པོས་ཞི་རྒོལ་གནང་པ་དང་དགེ་འདུན་པ་བཅུ་གཅིག་ཡར་བཞེངས་ཏེ་ཀྱང་ཁོང་ལ་རྒྱབ་སྐྱོར་གནང་སྟབས། རྒྱ་གཞུང་གིས་འཛིན་བཟུང་འོག་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་རྡུང་རྡེག་མནར་གཅོད་བཟོད་གླགས་མེད་པ་བཏང་བ་དང་། དེ་བས་ཀྱང་འཚོ་རྟེན་སྨན་བཅོས་ཀྱི་མཐུན་རྐྱེན་ཆེས་ཞན་པའི་དབང་གིས་མཐར་ཁོང་བཙོན་ལས་གཟུགས་གཞི་ནད་གཅོང་འོག་གློག་གྲོལ་བཏང་ནས་རང་ཁྱིམ་དུ་བཞུགས་རིང་ལ་སྨན་བཅོས་གང་དྲག་ཞུས་ཀྱང་ཕན་འབྲས་གང་ཡང་མ་སོན་པས་ཁ་ཉིན་ཟླ་ ༨ ཚེས་ ༧ ཉིན་འདས་གྲོངས་སུ་གྱུར་འདུག གཞི་རྩའི་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༥ ཚེས་ ༡༩ ཉིན་སྟོད་དིང་རི་རྫོང་ཤེལ་དཀར་དགོན་པའི་དགེ་འདུན་པ་ཚོར་ རྒྱ་གཞུང་གིས་དྲག་པོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང༌། ༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་དགོས་པའི་སློབ་གསོའི་ལས་རིམ་སྤེལ་སྐབས་དེར་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་སྐད་གསང་མཐོན་པོས་ཞི་རྒོལ་གནང་པ་དང་དགེ་འདུན་པ་བཅུ་གཅིག་ཡར་བཞེངས་ཏེ་ཀྱང་ཁོང་ལ་རྒྱབ་སྐྱོར་གནང་སྟབས། གྲྭ་མཁྱེན་རབ་མཐར་ཕྱིན་ལགས་ཀྱིས་གཙོས་དགེ་འདུན་པ་གྲངས་ ༡༣ འཛིན་བཟུང་བྱས་ཡོད་པ་རེད། དེ་དག་ལས་དགེ་འདུན་པ་བཞི་ལ་དུས་ཡུན་ལོ་ ༡ དང་ཕྱེད་ཀྱི་ཁྲིམས་ཐག་བཅད་པ་དང་། དགེ་འདུན་པ་གསུམ་མུ་མཐུད་བཀག་ཉར་བྱེད་བཞིན་པའི་ཁོངས་ནས་གྲྭ་མཁྱེན་རབ་མཐར་ཕྱིན་ལགས་མགོ་གཙོ་ཡིན་པར་ངོས་འཛིན་གྱིས་ཉེས་མིང་འོག་ལོ་ ༥ རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེའང་ཁོང་ལ་ལོ་གསུམ་རིང་གཞིས་རྩེའི་བཙོན་ཁང་དུ་བཙོན་འཇུག་དང་། དེ་རྗེས་ལོ་གཉིས་རིང་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། སྐབས་དེར་རྒྱ་གཞུང་གིས་གནས་ཚུལ་དེ་བྱུང་མ་ཐག་དགོན་པར་ཕྱི་མི་གནས་མཇལ་བ་སོགས་བཀག་འགོག་བྱས་པ་མ་ཟད། དགོན་པའི་དགེ་འདུན་པ་རྣམས་ཕྱིར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་བ། དགེ་འདུན་པ་རྣམས་ཀྱི་ལག་ཐོག་ཁ་པར་ཀྱང་བཙན་འཕྲོག་བྱས་ཏེ་གནས་ཚུལ་དེ་རིགས་ཕྱིར་བསྒྲགས་བྱ་མི་ཆོག་ཅིང་། དགོན་པའི་ཕྱི་ནང་ཡོངས་རྫོགས་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད། ལྷག་དོན་ཤེལ་དཀར་ས་གནས་སུ་སྔར་ལྷག་གིས་དམ་དྲག་དང་དྲག་གནོན་ཤུགས་ཆེ་རུ་བཏང་བའི་གནས་ཚུལ་ཐོན་པ་ཤེས་རྟོགས་ཐུབ་པ་བྱུང་ཡོད། རྩ་བའི་མཁྱེན་རབ་མཐར་ཕྱིན་ལགས་ནི་སྟོད་དིང་རི་རྫོང་གྲུ་བཞི་གྲོང་ཚོ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༤༠ ཙམ་སོན་ཡོད་པ་རེད་འདུག

གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པར་མ་བཟོད་ནས་བཙུན་མ་གཅིག་གིས་རང་སྲོག་བཅད་པ།

དེའང་རྒྱ་ནག་གཞུང་ནས་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་མགོ་བཙུགས་ཀྱིས་གསེར་རྟ་བླ་རུང་ཆོས་སྒར་དགོན་པའི་གྲྭ་ཤག་མང་དག་ཞིག་གཏོར་བཤིག་གཏོང་བཞིན་པའི་ངལ་བ་བཟོད་གླགས་མེད་པའི་གནས་སྟངས་དབང་གིས་དགོན་པ་དེར་སློབ་གཉེར་གནང་བཞིན་པའི་བཙུན་མ་རིག་འཛིན་སྒྲོལ་མ་ཀྱིས་རང་སྲོག་བཅད་འདུག ཟླ་བ་སྔོན་མའི་ཚེས་ ༢༠ ཉིན་བླ་རུང་སྒར་པདྨ་མཁའ་འགྲོའི་མདུན་ལམ་གྱི་ཉེ་འཁྲིས་ཀྱི་རྒྱུན་སྡོད་སློབ་གཉེར་བ་གྲྭ་བཙུན་ཚོའི་ཤག་གཏོར་བཤིག་གཏོང་པའི་ཉིན་དེར་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་ རང་ཉིད་ཀྱི་སྐེར་ཐག་པས་བཅིངས་ནས་རང་སྲོག་བཅད་ཡོད་པ་དང། སྐབས་དེར་ཁོང་གི་ཤུལ་དུ་དངུལ་ཁ་ཤས་དང། ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་ལག་སོན་བྱུང་འདུག ཡི་དགེ་དེའི་ནང་ཁོང་ནས་བླ་རུང་ཆོས་སྒར་དུ་སློབ་གཉེར་གནང་རིང་ལ་རྒྱ་གཞུང་གིས་སྔ་ཕྱི་རིམ་པར་བཙན་གནོན་གྱིས་སུན་གཙེར་བཟོད་གླགས་བྲལ་བ་བཟོས་པས་ཁོ་མོ་རང་སེམས་བཟོད་ཐབས་མི་འདུག་ཅེས་དང་། ཁོང་འདས་ཚར་བའི་རྗེས་སུ་ཤུལ་བཞག་གི་སྒོར་མོ་འགའ་ཡོད་པ་དེ་དག་དགོན་པར་ཕུལ་རོགས་ཞེས་བྲིས་ཡོད་པ་རེད་འདུག དེ་བཞིན་རྒྱ་ནག་གཞུང་གིས་བླ་རུང་ཆོས་སྒར་དུ་གྲྭ་ཤག་གཏོར་བཤིག་ཟིན་རིགས་ལ་རྒྱ་སྒོར་ཁྲི་གཉིས་མ་ཟིན་ཙམ་རེ་གུན་གསབ་ཀྱི་ཚུལ་དུ་སྤྲོད་བཞིན་ཡོད་པ་དང། དེའི་ཐོག་ལ་སྒེར་གྱི་ངོས་ནས་ཀྱང་རོགས་སྐྱོར་མི་ཉུང་བ་ཞིག་གནང་གི་ཡོད་པ་རེད་འདུག གྲྭ་ཤག་གཏོར་བཤིག་ཟིན་པའི་དགེ་བཙུན་རྣམས་གནས་སྐབས་རིང་གྲྭ་བཙུན་གཞན་གྱི་གྲྭ་ཤག་ནང་མཉམ་བཞུགས་ཀྱིས་སློབ་གཉེར་མུ་མཐུད་གནང་བཞིན་ཡོད་པ་སོགས་ཀྱང་འཁོད་འདུག འདི་ག་རླུང་འཕྲིན་ཁང་ནས་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱི་རང་སྲོག་བཅད་པའི་སྐོར་གནས་ཚུལ་རྒྱུས་ལོན་ཞུས་སྐབས་གོང་གནས་དེ་ཁུངས་ལྡན་ཡིན་པ་ཤེས་རྟོགས་བྱུང་བ་དང་། གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་ཀྱང་རྒྱ་ནག་གཞུང་དང་བླ་རུང་ཆོས་སྒར་གཉིས་ནས་གསང་སྟབས་ཀྱིས་ཕྱིར་བསྒྲགས་མ་བྱེད་པ་མ་གཏོགས་རང་སྲོག་བཅད་པའི་གནས་ཚུལ་དེ་གཅིག་པོ་ཚད་ཀྱི་མེད་སྐོར་གསུངས་པ་མ་ཟད། དེ་སྔོན་ ༢༠༠༡ ལོར་རྒྱ་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་བཤིག་གི་ལས་གཞི་ཐེངས་གཅིག་སྤེལ་མྱོང་ཡོད་པའི་སྐབས་སུ་སྡུག་བསྔལ་གྱིས་མནར་བའི་སློབ་གཉེར་བ་དགེ་བཙུན་ཁག་ཅིག་ནས་ཀྱང་རང་སྲོག་བཅད་པ་དང། དེ་བཞིན་ཁག་ཅིག་སེམས་ཁམས་མི་བདེ་བའི་གནས་སྟངས་ཐོན་པ་བྱུང་ཡོད། འོན་ཀྱང་ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཇི་བྱུང་ཤེས་རྟོགས་ཐུབ་མེད། ཡང་དེའི་བར་ན་ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་གནས་ཐོག དེ་ལས་གསར་འགོད་སྡེ་ཚན་གྱི་ངེས་སྟོན་པ་ལྕམ་ Elizabeth Trudeau ལགས་ནས་གསར་འགོད་པ་དང་མཇལ་འཕྲད་སྐབས། གསར་འགོད་པས་བོད་གསེར་རྟ་བླ་རུང་སྒར་དུ་བོད་མིའི་འདོད་པ་མེད་བཞིན་དུ་རྒྱ་གཞུང་གིས་དགོན་པའི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པའི་སྐོར་ལ་བཅར་འདྲི་ཞུས་པར། ལྕམ་ Trudeau ལགས་ཀྱིས་ཁོང་ནས་གནས་ཚུལ་དེའི་སྐོར་མཁྱོན་རྟོགས་ཡོད་པ་དང་། རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གནད་ཡོད་དབུ་ཁྲིད་མཁན་པོ་རྣམ་པ་ཚོས་བཀའ་འཁྲོལ་གང་ཡང་མེད་པར་དགོན་པའི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པར་བློ་འཚབ་ཡོད་པ་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གི་ངོས་ནས་རྙོག་གླེང་གྱི་ཉེན་ཁ་ཤུགས་ཆེ་ཡོད་པའི་ལས་དོན་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་དང། རྒྱ་གཞུང་གིས་དགོན་པའི་གནད་ཡོད་དབུ་ཁྲིད་རྣམས་དང་གྲོས་མཐུན་གྱིས་བོད་མིའི་ཆོས་དད་རང་དབང་ལ་དོག་ཕོག་མི་འགྲོ་བའི་ཐོག་དགོན་པར་ཉེན་སྲུང་གི་ལས་དོན་སྤེལ་དགོས་གལ་ཡིན་པ་བཅས་གསུངས་འདུག གཞི་རྩའི་ཟླ་བ་སྔོན་མའི་ཟླ་ཤར་ཙམ་ལ་རྒྱ་ནག་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་འབྲེལ། ༢༠༡༧ ལོའི་ཕྱི་ཟླ་ ༩ ཚེས་ ༣༠ སྔོན་ཚུད་དུ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ བར་ཚོད་འཛིན་ཐུབ་པ་དགོས་རྒྱུ་དང། འདི་ལོའི་ཟླ་ ༡༠ ཚེས་ ༣༠ སྔོན་དུ་གཏོར་བཤིག་གི་ལས་དོན་ཟིན་དགོས་སྐོར་སོགས་ཀྱི་བཀའ་རྒྱ་བཏང་ཡོད་པ་དང། དེ་རྗེས་རྒྱ་གཞུང་གི་དམག་མི་དང་ལས་མི་བཏང་སྟེ་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་དངོས་སུ་གྲྭ་ཤག་གཏོར་བཤིག་གི་ལས་གཞིས་མགོ་བཙུགས་ཡོད་པ་རེད། འོན་ཀྱང་དགོན་པའི་དགོན་བདག་མཁན་པོ་རྣམས་ཀྱིས་མང་ཚོགས་ལ་གནད་དོན་དེའི་སྐོར་ལབ་གླེང་མང་པོ་བྱེད་རྒྱུ་མེད་པ་དང། གྲྭ་ཤག་གཏོར་བཤིག་གི་ལས་དོན་ལ་འགོག་རྐྱེན་བཟོ་རྒྱུ་མེད་པའི་འབོད་སྐུལ་ནན་པོ་ཞུས་པའི་ཁར། ད་ལྟ་ས་གནས་དེར་དགེ་བཙུན་སློབ་གཉེར་བ་སུས་ཀྱང་འགོག་རྐྱེན་མེད་པར་གྲྭ་ཤག་གཏོར་བཤིག་གི་ལས་གཞི་འགྲོ་བཞིན་པ་དང། དེའང་ཆེས་ཐོག་མར་གྲྭ་བཙུན་གཉིས་ཀྱི་ཤག་ལས་བཙུན་མའི་ཤག་ནས་གཏོར་བཤིག་གཏོང་མགོ་བཙུགས་ཡོད་པ་རེད། རྩ་བའི་བཙུན་མ་རིག་འཛིན་སྒྲོལ་མ་ལགས་ནི་བླ་རུང་ཆོས་སྒར་དུ་རྒྱུན་བཞུགས་སློབ་གཉེར་བ་ཞིག་ཡིན་པ་དང། ཕ་ཡུལ་ཁམས་སྡེ་དགེ་ནས་ཡིན་པ་རེད་འདུག

རྒྱ་ནག་གི་རྒྱལ་དར་འགྲེང་འཛུགས་མ་བྱས་པས་བོད་མིའི་དུས་སྟོན་བཀག་འགོག་བྱས་པ།

 རྒྱ་ནག་གི་རྒྱལ་དར་འགྲེང་འཛུགས་བྱེད་རྒྱུའི་བཀའ་རྒྱ་ལ་ཁས་ལེན་མ་བྱས་པས་རྒྱ་གཞུང་གིས་ཏྲེ་ཧོར་དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོའི་དུས་སྟོན་སྲུང་བརྩི་ཞུ་བར་བཀག་འགོག་བྱས་འདུག དེའང་ལོ་ལྟར་བོད་ཁམས་དཀར་མཛེས་ཁུལ་དཀར་མཛེས་རྫོང་ཏྲེ་ཧོར་དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོ་ཞེས་ལོ་ལྟར་ཆར་དུས་སྐབས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུག་རྟག་ཏུ་ལེགས་པ་ཡོང་སླད། དར་རྒྱས་ཡུལ་དགོན་གཉིས་ཀྱི་རི་བསང་ཆེན་མོ་ཟེར་བ་ཞིག་ལོ་ལྟར་བོད་ཟླ་དྲུག་པའི་ནང་སྲུང་བརྩི་གནང་སྲོལ་ཡོད་པ་དང། དེའི་ཐོག་ཡུལ་དགོན་གཉིས་ཀྱི་རྟ་རྒྱུག་བྲོ་གར་སོགས་ཆོས་ཕྱོགས་དང་དགའ་སྤྲོའི་བྱེད་སྒོ་སྣ་མང་ཞིག་སྤེལ་སྲོལ་ཡོད་པ་རེད་འདུག འོན་ཀྱང་འདི་ལོའི་དུས་སྟོན་དབུ་འཛུགས་གནང་རན་པའི་སྐབས་དེར་རྒྱ་གཞུང་གིས་དུས་སྟོན་དེའི་ཐོག་སྐར་མ་ལྔ་ཅན་གྱི་དར་དམར་འགྲེང་འཛུགས་བྱེད་དགོས་པའི་བཀའ་རྒྱ་བཏང་ཡང་། ས་གནས་བོད་མི་རྣམས་ཀྱིས་དུས་སྟོན་དེའི་ཐོག་གནའ་སྔ་མོ་ནས་དེ་ལྟར་བྱེད་སྲོལ་མེད་པས་རྒྱ་ནག་གི་རྒྱལ་དར་འགྲེང་འཛུགས་བྱེད་རྒྱུ་མིན་ཅེས་བརྗོད་ཡོད་སྟབས། རྒྱ་གཞུང་གིས་དུས་སྟོན་དེ་ཚོགས་མ་བཅུག་པར་བཀག་འགོག་བྱས་ཡོད་པ་རེད་འདུག དེ་བཞིན་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན།  དུས་སྟོན་དེ་ཕྱི་ཟླ་བརྒྱད་པའི་ཟླ་ཤར་ཙམ་ནས་དབུ་འཛུགས་ཀྱིས་རྟ་རྒྱུག་དང་གཞས་ཞབས་བྲོ་སོགས་ཉིན་ཤས་རིང་གནང་གཏན་འཁེལ་ཡོད་པ་དང། དར་རྒྱས་དགོན་དང་ཡུལ་མི་རྣམས་ནས་ལྷ་མོ་དང་སེང་གེ བཀྲིས་གླུ་གར་འཁྲབ་སྟོན། དེ་བཞིན་གྲོང་ཚོ་སོ་སོ་ནས་གཞས་ཞབས་བྲོ་འཁྲབ་བསྟོན་དང་རྟ་རྒྱུག་སོགས་གྲ་སྒྲིག་ཆ་ཚང་གནང་ཟིན་པ་དང། རི་བསང་དུས་སྟོན་དེའི་གྲ་སྒྲིག་ཆེད་དུ་རྒྱ་མིའི་སྒོར་མོ་ཁྲི་ཚོ་མང་པོའི་འགྲོ་སོང་བཏང་ཟིན་ཡོད་ཀྱང། ས་གནས་བོད་མི་རྣམས་ནས་དུས་སྟོན་ཐོག་རྒྱ་གཞུང་གི་དར་དམར་འགྲེང་མཛུགས་བྱེད་རྒྱུའི་བཀའ་རྒྱར་དང་ལེན་མ་བྱས་པས་དུས་སྟོན་སྲུང་བརྩི་ཞུ་རྒྱུར་བཀག་འགོག་བྱས་འདུག རྩ་བའི་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་རྣམས་ལ་རང་གི་ཆོས་དང་རིག་གཞུང་དར་སྤེལ་བྱེད་རྒྱུའི་རང་དབང་ཆ་ཚང་ཡོད་སྐོར་འཁོད་པ་དེ་ལྟར་ཡང། དུས་སྟོན་དེ་དག་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གྲུ་དོན་དང་མི་མཐུན་པ་ཡིན་ན། དེ་དག་ལ་བཀག་འགོག་དང་། ལ་ལར་མང་ཚོགས་ཀྱི་འདོད་པ་མེད་བཞིན་དུ་བཙན་བཀའ་བཏང་ནས་དུས་སྟོན་སྲུང་བརྩི་ཞུས་བཅུག་པ་སོགས་ཀྱི་གནས་སྟངས་བྱུང་མྱོང་ཡོད་པ་རེད། དཔེར་ན་ཕྱི་ལོ་ ༢༠༡༤ ལོར་འབྲི་རུ་ནང་དུ་རྒྱ་གཞུང་གིས་བོད་མི་རྣམས་ལ་རང་གི་ཁང་སྟེང་ལ་སྐར་མ་ལྔ་ཅན་གྱི་དར་དམར་འགྲེང་འཛུགས་བྱེད་དགོས་པའི་བཙན་བཀའ་ལན་མང་བཏང་ཡང་བོད་མི་ཚོས་དེར་ངོས་ལེན་མ་བྱས་སྟབས་བོད་མི་རྣམས་ཀྱི་ཐོག་ལ་དྲག་གནོན་ཤུགས་ཆེ་བྱས་ནས་ཡ་ང་བའི་གནས་ཚུལ་ཐོན་ཡོད་པ་རེད། སྐབས་དེ་ནས་བཟུང་ས་གནས་བོད་མི་རྣམས་ནས་མྱ་ངན་དང་ངོ་རྒོལ་གྱི་ཚུལ་དུ་ཡུལ་དེའི་ལོ་འཁོར་དུས་སྟོན་ཆེན་མོ་སྲུང་བརྩི་ཞུ་རྒྱུ་མིན་པའི་ཐག་གཅོད་བྱུང་སྟབས།  རྒྱ་གཞུང་གིས་བཙན་བཀའ་བཏང་ནས་དུས་སྟོན་དེ་སྲུང་བརྩི་ཞུ་བཅུག་པ་དང་། ལྷག་དོན་དེར་མཉམ་ཞུགས་མི་བྱེད་མཁན་བྱུང་རིགས་ལ་ཉེས་ཆད་དྲག་པོ་གཏང་རྒྱུའི་བཙན་བཀའ་བཏང་འདུག དེ་མཚུངས་སུ་ཉེ་སྔོན་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུར་གཞིས་ཀ་རྩེ་ལ་དུས་དབང་བསྩལ་བཅུག་པ་མ་ཟད། ས་གནས་མང་ཚོགས་རྣམས་ལ་དུས་འཁོར་དབང་ཆེན་དེའི་ཐོག་ངེས་པར་དུ་བཅར་དགོས་པ་ཡོངས་བསྒྲགས་བྱས་དོན་ལྟར་མ་བྱེད་ཚེ་ཉེས་ཆད་གཏང་རྒྱུའི་བཙན་བཀའ་བཏང་ཡོད་པ་རེད།

རྒྱ་གཞུང་གིས་སླར་བོད་པའི་དགེ་འདུན་པ་གཅིག་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

སྔ་ལོར་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ལ་གསང་སྟབས་ཀྱིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐད་བཅད་ནས་ད་ལྟའི་ཆར་ཁོང་ཟིན་ཁྲོན་མི་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་འདུག དེའང་ཨ་གྲགས་སམ་གྲྭ་བློ་བཟང་གྲགས་པ་ལགས་ཀྱིས་སྔ་ལོའི་ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོ་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༢༡ ཙམ་སོན་པའི་གྲྭ་ཨ་གྲགས་ལགས་ཀྱིས་”བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་” ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་པར་དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་དང།  ལྷག་དོན་སྐབས་དེ་ནས་བཟུང་འདི་ལོའི་ཟླ་ ༨ ཚེས་ ༤ བར་བཅས་ལོ་གཅིག་མིན་ཙམ་རིང་ཁོང་གི་གནས་སྟངས་ཇི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།   འོན་ཀྱང་དེ་ཉིན་ཉེ་འཁོར་དུ་ཡོད་པའི་ས་གནས་བོད་མི་ཚོས་སྐད་འབོད་སྣ་ཚོགས་གནང་སྟབས་ཉེན་རྟོག་པས་བོད་མི་ཚོར་གང་བྱུང་ཉེས་བརྡུང་བཏང་པ་མ་ཟད། དེ་དག་ལས་བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། འདི་ག་རླུང་འཕྲིན་ཁང་ལ་སུད་སིར་བཞུགས་པའི་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་གཞིགས་ན། ཉེ་ཆར་རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ཀྱི་ཕ་མ་སྤུན་མཆེད་སོགས་ནང་མི་སུ་གང་ཞིག་ལ་བརྡ་ལན་མེད་པར་གསང་སྟབས་ཀྱིས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅེས་གསུངས་སོང་། ད་རེས་རྒྱ་ནག་གཞུང་ནས་གྲྭ་ཨ་གྲགས་ལགས་ལ་གསང་སྟབས་ཀྱིས་ལོ་གསུམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པར་གཞིགས་ན། ཁོང་ལ་ཁྲིམས་ཐག་ནམ་བཅད་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་ལས་མ་འདས་ཀྱང་། གནས་ཚུལ་དེ་ཐོན་པའི་དུས་མཚུངས་ཙམ་ལ་བོད་ནང་གི་འབྲེལ་ཡོད་མི་སྣ་གཅིག་གིས་ཁོང་དང་འབྲེལ་བའི་རྩོམ་ཡིག་ཞིག་སྤེལ་ཡོད་སྟབས་རྒྱ་གཞུང་གིས་ཨ་གྲགས་ལགས་ལ་ཁྲིམས་ཐག་བཅད་པའི་དུས་ཚིགས་དེ་འདི་ལོའི་ཟླ་ ༨ པའི་གཡས་གཡོན་ཙམ་ཞིག་ཡིན་པར་ཚོད་དཔག་གནང་བཞིན་འདུག རྩ་བའི་སྔ་ལོ་ཕྱི་ཟླ་ ༣ པའི་ནང་དུ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་ནས་འགོ་བཙུགས་ཀྱིས། ད་བར་བོད་མདོ་སྨད་རྔ་བའི་ནང་དུ་བོད་དོན་ཆེད་ཁེར་རྐྱང་གི་ཞི་རྒོལ་གནང་མཁན། བོད་མི་སེར་སྐྱ་ཕོ་མོ་ཁྱིན་ ༡༢ བྱུང་ཡོད་པ་དང་། དེ་དག་ཁྲོད་ནས་རྒྱ་གཞུང་གིས་རྔ་བ་རྨི་རུ་མ་ཡུལ་ཚོའི་དབང་མོ་ལགས་གློད་གྲོལ་བཏང་བ་མ་གཏོགས། དེ་མིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལགས་དང་འཇམ་དཔལ་རྒྱ་མཚོ་ལགས། དེ་བཞིན་གྲྭ་ཨ་གྲགས་ལགས་བཅས་ལ་སྔ་རྗེས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་མིན་བོད་མི་གཞན་འཛིན་བཟུང་བྱས་པ་དེ་དག་གི་གནས་སྟངས་ཇི་ཆགས་ཤེས་རྟོགས་གང་ཡང་ཐུབ་ཀྱི་མེད་པ་རེད།

གྲྭ་ཨ་གྲགས་ལགས་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་བཅད།

དེ་རིང་ཟླ་ ༨ ཚེས་ ༤ ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། བོད་རྔ་བ་ཀིརྟི་དགོན་པའི་གྲྭ་ཨ་གྲགས་ལགས་ལ་རྒྱ་གཞུང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐད་བཅད་འདུག་པ་དང་། དེའང་ད་ལྟ་ཁོང་ཟིན་ཁྲོན་མི་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད་འདུག གཞི་རྩའི་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༡ སོན་པའི་གྲྭ་ཨ་གྲགས་ལགས་ཀྱིས་སྔ་ལོའི་ཟླ་ ༩ ཚེས་ ༡༠ ཉིན་གྱི་སྔ་དྲོར་”བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་” ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་པར་དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཉེས་རྡུང་གཏོང་བཞིན་འཛིན་བཟུང་བྱས་ཡོད་པ་རེད། འོན་ཀྱང་འཛིན་བཟུང་བྱས་རྗེས་ད་བར་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།

སྔ་ལོ་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་དགེ་འདུན་པ་གཅིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

སྔ་ལོ་བོད་མདོ་སྨད་རྔ་བ་ནང་དུ་རྒྱ་གཞུང་ལ་ཞི་རྒོལ་གནང་པས་འཛིན་བཟུང་བྱས་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ལ་ཁ་སང་རྒྱ་གཞུང་གི་ཁྲིམས་ཁང་ནས་ལོ་ ༣ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་འདུག དེའང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་བསོད་གནམ་ལགས་ཀྱི་གསུངས་པར་གཞིགས་ན། ཁ་སང་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་གཞུང་གི་དབྱེ་བའི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་མའོ་ཝུན་རྫོང་ཁྲིམས་ཁང་ནས། ད་ལྟ་རང་ལོ་ ༢༢ སོན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ལ་ལོ་ ༣ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག གཞི་རྩའི་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་སྔ་ལོ་ ༢༠༡༥ ཟླ་ ༩ ཚེས་ ༩ ཉིན་བོད་ནང་གི་ཉིན་གུང་ཚོུད་ ༡༢ ཡས་མས་ཙམ་ལ་རྔ་བ་རྫོང་གི་གཞུང་ལམ་ཐོག་ཏུ་ཕྱག་ལ་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་བསྣམས་ཏེ་བོད་ལ་རང་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཅེས་རྒྱ་གཞུང་ལ་ཞི་རྒོལ་སྐད་འབོད་གནང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་པ་མ་ཟད། ཁོང་གི་གྲྭ་ཤག་སོགས་སྔོག་བཤེར་ནན་པོ་བྱས་པ་དང་། ས་གནས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། དེ་རྗེས་འཇམ་དཔལ་རྒྱ་མཚོ་ལགས་ལ་ལོ་གཅིག་ཙམ་རིང་བཀག་ཉར་འོག་བཞག་ནས་ད་བར་གནས་སྟངས་ཇི་ཆགས་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད།  འོན་ཀྱང་ཁ་སང་རྒྱ་གཞུང་གི་ཁྲིམས་ཁང་ནས་ལོ་ ༣ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་པ་ཤེས་རྟོགས་ཐུབ་ཡོད། རྩ་བའི་སྔ་ལོ་གྲྭ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ཞི་རྒོལ་གནང་རྗེས་འཛིན་བཟུང་གི་གནད་དོན་བྱུང་བའི་ཉིན་ཤས་སྔོན་ལ་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་པས་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་ཐོན་སྟབས། སྔ་ལོ་རྔ་བའི་ནང་བོད་མི་ཁེར་ཀྱང་གིས་ཞི་རྒོལ་ལས་འགུལ་མང་དག་ཞིག་སྤེལ་ཡོད་པ་རེད། དེའི་ཐད་ལ་བཙན་བྱོལ་ནང་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས་ཀྱང་དེ་སྔོན་རྒྱ་གཞུང་གིས་བོད་ནང་བོད་མིའི་རང་ལུས་མེར་སྲེག་གནང་མཁན་དང་དེ་དག་གི་ནང་མི་ཉེ་འབྲེལ་དང་དགོན་གྲོང་སོགས་ལ་ཉེས་ཆད་ཚབས་ཆེན་བཏང་ཡོད་པ་མ་ཟད། ལྷག་དོན་བོད་ནང་གི་བོད་མིའི་གནས་སྟངས་དེ་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱུ་མཚན་ཁག་ཅིག་ཐོག་ནས་རིན་པོ་ཆེ་བཙོན་དུ་བཀྲོངས་ཡོད་པ་གསུངས་སོང།

རྒྱལ་གཅེས་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་དེ་རིང་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་གཞུང་ནས་ཁོང་གི་ཨ་ཞང་ལགས་མནར་གཅོད་འོག་བཀྲོངས་ཡོད་པ་དང། སྲིད་གཞུང་ནས་རིན་པོ་ཆེ་མཆོག་གི་གནད་དོན་ཐོག་ཐག་གཅོད་གཙང་མ་བྱ་དགོས་པ་དགོས་འདུན་བཏོན་ཡོད། དེ་ཡང་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཉིན་ཤས་གོང་སྟེ་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་པ་ལྟར། དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ སྟེང་ཁོང་གིས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་རྣམས་ལ་སྔ་ལོ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཀྲོངས་པའི་སྔ་རྗེས་ཀྱི་བྱུང་རིམ་དངོས་དང་། དེའི་ཚེ་དེའི་དུས་སུ་ཁོང་རང་ཉིད་གཙོས་པའི་ནང་མི་ཉེ་འབྲེལ་དང་དེ་བཞིན་རིན་པོ་ཆེ་མཆོག་གི་སློབ་མ་སོགས་ལ་འཕྲད་པའི་ཡང་ང་བའི་གནས་ཚུལ་ཁག་ཅིག་མིག་ཆུ་གཏོང་བཞིན་འགྲེལ་བརྗོད་གནང་སོང། རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ནི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་ནས་བཀྲོངས་ཡོད་མེད་ཐད་ད་བར་ས་གནས་ས་ཐོག་ཏུ་བྱུང་རིམ་དངོས་དང་། གནས་སྟངས་ངོ་མ་མཐོང་ཐོས་བྱུང་མཁན་དཔང་རྟགས་དངོས་ཤིག་ཆགས་ཡོད་སྟབས། ཁོང་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་འདིའི་ཐོག་ནས་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་མ་བྱེད་གོང་དུ་ཕྱག་སེན་དང་ཞལ་མཆུའི་མདོག་ནག་པོ་ཡོད་པ་མཐོང་བ་དང། བཙོན་ཁང་ནང་ཐུགས་འཕྲད་དུ་མ་གཏང་བར་དུས་ཚོད་ནར་འགྱངས་བྱེད་པ་སོགས་རྒྱུ་མཚན་ཁག་ཅིག་གི་ཐོག་ནས་རིན་པོ་ཆེ་བཙོན་ཁང་ནང་བཀྲོངས་ཡོད་པ་གསུངས་ཡོད། ད་དུང་ཉི་མ་ལྷ་མོ་ལགས་དང་ཁོང་གི་ཨ་མའམ་རིན་པོ་ཆེ་མཆོག་གི་སྐུ་སྲིང་སྒྲོལ་དཀར་ལྷ་མོ་གཉིས་ནས་བཙོན་ཁང་དུ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཇལ་དུ་བསྐྱོད་ཐུབ་ཆེད། བཙོན་ཁང་ཕྱི་ལ་མང་ཚོགས་དང་ལྷན་དུ་ཞུ་འབོད་གནང་པའི་ཁྲོད་ཉི་མ་ལྷ་མོ་ལགས་ནས་སྐེས་ཐག་རྒྱབ་ནས་རང་ཤི་རྒྱབ་རྩིས་སོགས་བྱས་འདུག་པ་དང། དེ་རྗེས་རྒྱ་གཞུང་ནས་ཉི་མ་ལྷ་མོ་ལགས་དང་ཁོང་གི་ཨ་མ་གཉིས་འཛིན་བཟུང་གིས་ཉིན་གྲངས་ ༡༨ རྗེས་ཁོང་གཉིས་ལ་རིན་པོ་ཆེ་མཆོག་གི་ཕྱག་སེན་དང་ཞལ་མཆུ་ནག་པོ་ཆགས་ཡོད་པ་དང་། རིན་པོ་ཆེ་མཆོག་གི་གནས་ཚུལ་ཁག་ཕྱི་ལ་བཤད་མི་ཆོག་པ་སོགས་རྒྱུ་མཚན་གསུམ་ཅན་འཁོད་པའི་ཤོག་བུ་ཞིག་གི་སྟེང་ས་རྟགས་རྒྱག་དགོས་པའི་བཙན་བཤད་དང་འཇིགས་སྐུལ་བྱས་འདུག ཉི་མ་ལྷ་མོ་ལགས་ནས་ད་རེས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་དངོས་ཡོད་གནས་ཚུལ་ཁག་འཛམ་གླིང་མང་ཚོགས་ལ་བདེན་པ་ར་སྤྲོད་ཡོང་ཆེད་དཀའ་ངལ་དུ་མ་བརྒྱུད། བལ་ཡུལ་ནས་རྒྱ་གར་ལ་འབྱོར་བར་བདུན་ཕྲག་གཉིས་ལྷག་འགོར་འདུག་པ་དང་། ལྷག་པར་དུ་དེའི་ཆེད་དུ་ཁོང་རང་ཉིད་ཀྱི་ལོ་ན་དྲུག་ཅན་གྱི་བོུ་དང་ཨ་མ་ལོ་རྒན་ཞིག་བློས་གཏོང་གནང་འདུག གསར་འགོད་ལྷན་ཚོགས་ཐོག་སེམས་སྐྱོ་སྣང་ཆེན་པོས་མིག་ཆུ་གཏོང་བཞིན་གཏོང་བཞིན་ཁོང་གི་བློས་གཏོང་ཆེན་པོ་དེ་ལྟར་གནང་དགོས་པའི་རེ་བ་གཅིག་ཡོད་པ་དེ་ནི་རྒྱ་གཞུང་གིས་རིན་པོ་ཆེར་འཇིགས་སྐུལ་རིང་ལུགས་པར་བརྗོད་ནས་མ་ཉེས་ཁ་གཡོགས་འོག་སྐུ་བཀྲོངས་པའི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཁྲིམས་ལྟར་ཞིབ་འཇུག་མཐིལ་ཕྱིན་ཞིག་དགོས་ཀྱི་ཡོད་པ་གསུངས་ཡོད། རྩ་བའི་རྒྱ་ནག་གཞུང་ནས་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་ཁྲེན་ཏུར་འབར་རྫས་གས་ཐོར་གྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པ་བརྗོད་ནས་ཕྱི་ལོ་ ༢༠༠༢ ཟླ་ ༤ ཚེས་ ༧ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང། དེའི་རྗེས་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་སྟེ་བཙོན་ཁང་གི་མནར་གཅོད་འོག་ལོ་ངོ་ ༡༣ རིང་བཞག་མཐར་སྔ་ལོ་ ༢༠༡༥ ཕྱི་ཟླ་ ༧ ཚེས ༡༢ ཉིན་ཁྲེན་ཏུའི་ཉེ་འཁྲིས་ཁྲན་ཏུ་བཙོན་ཁང་དུ་གློ་བུར་དུ་དགོངས་པ་རྫོགས་པའི་གནས་ཚུལ་བྱུང་ཡོད་པ་རེད། ད་ལྟའི་གནས་སྐབས་འདིར་རྒྱ་ནག་གཞུང་ནས་ལི་ཐང་ཁུལ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བླ་མ་རྫུན་མ་ཡིན་པར་དྲིལ་བསྒྲགས་ལས་འགུལ་སྤེལ་བ་དང་རིན་པོ་ཆེ་མཆོག་གི་ཡང་སྲིད་ཡོང་མི་ཆོག་པ་བརྗོད་པ། དེ་བཞིན་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲོག་གཤོམ་མི་ཆོག་པ་སོགས་བཟོས་ཡོད་པ་རེད་འདུག བརྙན་པར།  http://www.youtube.com/watch?v=9gms05de9I8

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོས་གསར་འགོད་གསལ་བསྒྲགས་སྤེལ་གནང་པ།

དེ་རིང་ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཚོུད་ ༡༡།༠༠ སྟེང་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཉེ་ཆར་བཙན་བྱོལ་དུ་འབྱོར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད། སྐབས་དེར་ཁོང་གིས་ཁོང་མོ་བཙན་བྱོལ་དུ་ཉེན་ཁར་མ་འཛེམས་པར་རིན་པོ་ཆེའི་གནད་དོན་དང་འབྲེལ་བའི་དྲང་བདེན་གྱི་གནས་ཚུལ་ཕྱིར་བསྒྲགས་བྱ་སླད་ཆེད་ཕེབས་གནང་པ་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། ལྷག་དོན་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་སྔ་རྗེས་ཀྱི་གནད་དོན་ཆ་ཚང་གསལ་བཤད་བྱེད་དགོས་པ་མ་ཟད། ཁོང་ལ་མ་ཉེས་ཁ་གཡོགས་བྱས་པའི་ནག་ཉེས་ར་སྤྲོད་མཐིལ་ཕྱིན་བྱེད་དགོས་པའི་དགོས་འདུན་བཏོན་གནང་སོང། བརྙན་པར།  http://www.youtube.com/watch?v=9gms05de9I8

Latest news