Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱ་གཞུང་ཉེན་རྟོག་པས་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱི་ནང་མིར་དམ་གནོད་བྱེད་བཞིན་འདུག

ཉེ་ཆར་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་མདོ་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་གནང་བར་བརྟེན་རྒྱ་ཉེན་རྟོག་པས་ཁོང་གི་ནང་མིར་སུན་གཙེར་དང་དམ་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག དེ་ཡང་ཟླ་སྔོན་མའི་ཚེས་ ༢༩ ཉིན་མཚོ་ཁ་ཨརྱ་གླིང་དགོན་གྱི་གྲྭ་སྐལ་བཟང་དབང་འདུས་ལགས་ཁྱིམ་ཞིག་ཏུ་ཞབས་བརྟན་ཆེད་ཕེབས་ཡོད་པ་དང། ཁོང་གིས་ཞབས་བརྟན་གྲུབ་པ་དང་རང་གི་གྲྭ་ཤག་ཏུ་མ་ཕེབས་གོང་ཁྱིམ་དེར་ཞལ་ཆེམས་ཤིག་བཞག་ཡོད་པ་རེད་འདུག དེ་རྗེས་ཁྱིམ་མི་དེར་རྙེད་སོན་བྱུང་ནས་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱི་ནང་མིར་རྩིས་སྤྲོད་ཞུས་འདུག་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མིར་སུན་གཙེར་དང་དམ་གནོད་བྱེད་བཞིན་ཡོད་སྟབས། ད་ལྟའི་ཆར་ཞལ་ཆེམས་དེའི་ནང་གང་བཀོད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གསུང་ཕོད་ཀྱི་མེད་པ་རེད། དེ་བཞིན་རྒྱ་གཞུང་ཉེན་རྟོག་པས་སྐལ་བཟང་དབང་འདུས་ལགས་ཀྱི་སྐུ་པུར་རྩིས་སྤྲོད་དགོས་པའི་བཙན་བཀའ་བཏང་འདུག་ཀྱང་སྐུ་པུར་རྩིས་སྤྲོད་བྱ་རྒྱུ་ལས་ལྡོག་སྟེ་གསང་སྟབས་ཀྱིས་ཞུགས་འབུལ་གནང་ཟིན་ཡོད་པ་རེད་འདུག དེང་ཆར་རྒྱ་ནག་གཞུང་གིས་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱི་ནང་མིར་ཁོང་གི་གྲྭ་ཤག་ལ་མེ་སྐྱོན་ཤོར་བའི་དབང་གིས་གྲོངས་ཡོད་སྐོར་བརྗོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག དེ་བཞིན་རྒྱ་གཞུང་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་སྐུ་ཕུང་ནང་མིར་ཕྱིར་སྤྲོད་མི་བྱེད་པ་དང་། ལྷག་དོན་རང་སྲེག་གནང་མཁན་རྣམས  ་ཀྱི་གནད་དོན་ཐད་ལ་བཙན་བཀའ་བཏང་ནས་རྫུན་གཏམ་ཤོག་བཅུག་གི་ཡོད་པ་རེད། རྩ་བའི་ད་ལན་སྐལ་བཟང་དབང་འདུས་ལགས་གཙོས་པའི་ད་བར་བོད་ནང་བོད་མི་ ༡༤༣ གྱིས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་གྱི་རང་ལུས་མེར་བསྲེགས་གནང་ཟིན་ཡོད་པ་རེད།  

མང་དགའ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོ་ནས་ཡིན་ཞིང་ད་ལྟ་རང་ལོ་ ༣༣ སོན་པའི་སྐྱེད་མ་མང་དགའ་ལགས་ཀྱིས་ཁ་ཉིན་ཕྱི་ཚེས་ ༡ ཉིན་རྨེའུ་རུ་མའི་ཡུལ་ཚོའི་ཁྲོམ་ཐོག་ཏུ་༸གོང་ས་མཆོག་གི་སྐུ་པར་ཞིག་གནམ་ལ་འཕྱར་ནས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟབས། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་བོད་ནང་ཚོུད་ ༡༢ ཙམ་ལ་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོའི་བཀྲ་ཤིས་གཡས་འཁྱིལ་ཚང་གི་བུ་མོ་མང་དགའ་ལགས་ཀྱིས་རྨེའུ་རུ་མའི་ཡུལ་ཚོའི་ཁྲོམ་ཐོག་ཏུ་ཕྱག་ལ་༸གོང་ས་མཆོག་གི་སྐུ་པར་ཞིག་གནམ་ལ་འཕྱར་ཞིང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་ལ་མི་འདོད་པའི་ཞི་རྒོལ་གནང་སྟབས། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུགཀྱང། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་སྐྱེད་མ་མ་དགའ་ལགས་ནི་ཕྱི་ལོ་ ༢༠༠༨ ལོ་རྨེའུ་རུ་མའི་མི་ཚང་རེ་རེར་རྒྱ་ནག་གི་རྒྱལ་དར་འཕྱར་དགོས་པའི་བཙན་བཀའ་བཏང་འདུག་ཀྱང། སྐབས་དེར་མང་དགའ་ལགས་ཀྱིས་དང་ལེན་མ་གནང་བ་དང། དེ་འབྲེལ་རྒྱ་གཞུང་ལས་བྱེད་དང་ཁ་རྩོད་ཤོར་སྟབས། ཁོང་ལ་ཟླ་ ༨ ལྷག་རིང་འཛིན་བཟུང་གིས་མི་སྤྱོད་ལས་འདས་པའི་གཅར་རྡུང་དང་ཉེས་བཅོས་ཕོག་མྱོང་ཡོད་པའི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་འདུག ལྷག་དོན་སྔ་ལོའི་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ནས་རྔ་པ་རྫོང་ཐོག་ཏུ་རྒྱ་གཞུང་གི་ལས་ཁང་ཁག་ཕུད་པའི་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་ཅིང་། དུས་སྐབས་དེའི་རིང་ལ་ཟ་ཁང་གཙོས་པའི་ཚོང་གཉེར་བ་རྣམས་ནས་དྲ་སྒོ་ཕྱེ་དགོས་པའི་རེ་སྐུལ་ལན་མང་ཞུས་ཀྱང་དེ་དག་ལ་ཉན་འཇོག་མེད་པར་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཁག་བཀག་སྡོམ་བྱས་དང་བྱེད་མུས་ཡིན་འདུག རྩ་བའི་མང་དགའ་ལགས་ནི་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་དང་པོའི་བཀྲ་ཤིས་གཡས་འཁྱིལ་ཚང་གི་ཕ་ཚེ་པེ་དང་མ་པདྨ་སྐྱིད་གཉིས་ལ་ཕྲུ་གུ་དགུ་ཡོད་པ་ལས་བརྒྱད་པ་དེ་ཡིན་འདུག ཁོང་གི་ཁྱིམ་དུ་ཁོང་དང་ལོ་ན་ ༡༤ སོན་པའི་བུ་གངྒཱའི་ལྷ་མོ་མ་གཏོགས་གཞན་མེད་པ་རེད།

གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པ།

བོད་མདོ་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་གི་ཁོངས་གཏོགས་མཚོ་ཁ་ཨརྱ་གླིང་དགོན་གྱི་རང་ལོ་ ༡༨ སོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་ཟླ་ ༢ ཚེས་ ༢༩ ཉིན་དགོན་པའི་ཉེ་འདབས་སུ་’’བོད་ལ་རང་དབང་རང་བཙན་དགོས་’’ཞེས་ཞུ་འབོད་གནང་ནས་རང་ལུས་མེར་བསྲེགས་ཏེ་འདས་གྲོངས་སུ་གྱུར་འདུག དེ་ཡང་བོད་ནང་ཟླ་སྔོན་མའི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ཚོུད་ ༤།༠༠ ཙམ་ལ་བོད་མདོ་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་གི་ཁོངས་གཏོགས་མཚོ་ཁ་ཨརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་དགོན་པའི་ཉེ་འདབས་སུ་’’བོད་ལ་རང་དབང་རང་བཙན་དགོས་’’ཞེས་ཞུ་འབོད་གནང་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། གཞི་རྩའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་རྗེས། ཉེ་འཁོར་དུ་ཡོད་པའི་བོད་མི་རྣམས་ཀྱིས་དེ་མ་ཐག་མེ་གསོད་ནས་མྱུར་སྐྱོབ་གནང་ཐབས་ཞུས་འདུག་ཀྱང་། འདས་པོ་ཁོང་ནས་རང་ལུས་མེར་བསྲེག་མ་གནང་བའི་སྔོ་རོལ་ནས་ས་སྣུམ་མང་པོ་འཐུང་བ་མ་ཟད། ལྷག་དོན་རང་གི་ལུས་པོར་ས་སྣུམ་མང་པོ་གཤོས་ཡོད་སྟབས། སྨན་ཁང་གཅིག་ནས་གཅིག་ལ་མྱུར་སྐྱོབ་སླད་ཁྱེར་བའི་ལམ་བར་ན་ཁོང་འདས་གྲོངས་སུ་གྱུར་འདུག རྩ་བའི་གྲྭ་སྐལ་བཟང་དབང་འདུས་ལགས་ནི་ཕ་བསོད་གྲགས་དང་མ་ཨོ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༡༨ སོན་ཡོད་པ་རེད་འདུག    

བསོད་ནམས་ཚེ་འཕེལ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

བོད་མདོ་ཁམས་ཆབ་མདོ་ཚ་བ་དཔའ་ཤོད་རྫོང་ནས་ཡིན་པའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་ཀྱིས་ཟླ་སྔ་མའི་ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་ ༢ ཕྱི་ཚེས་ ༡༩ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག་ཀྱང། རྒྱ་གཞུང་ནས་ཁོང་བཙན་ཁྲིད་ཀྱིས་འཛིན་བཟུང་བྱ་དོན་གང་ཡིན་དང་། ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། གཞི་རྩའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་ནི་ ༢༠༠༩ ལོར་གཞིས་ཀ་རྩེ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་ ༩ ལྷག་རིང་བཙོན་ཁང་དུ་བཀག་བསྐྱིལ་བྱས་པ་མ་ཟད། སླར་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག་ལོ་ ༢ རིང་བཙོན་འཇུག་ཁྲིམས་ཐག་བཅད་ནས་ངལ་རྩོལ་བསྒྱུར་ཁང་ཞིག་ཏུ་བཀག་ཉར་བྱས་འདུག དེ་རྗེས་ ༢༠༡༢ ལོའོ་ལོ་སྟོད་ཙམ་ནས་ཁོང་བཙོན་གྲོལ་བཏང་འདུག་ཀྱང། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༩ ཉིན་རྒྱ་གཞུག་ཉེན་རྟོག་པས་གློ་བུར་དུ་ཁོང་གིས་མི་རིགས་དབར་དཀྲུགས་པའི་རྩོམ་ཡིག་སྤེལ་བ་དང་། ལྷག་དོན་༸གོང་ས་མཆོག་གི་སྐུ་པར་མང་ཚོགས་ཁྲོད་སྤེལ་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པའི་ལས་བརྩམས་པའི་ཉེས་མིང་འོག་འཛིན་བྱས་པ་དང། རྒྱ་སྒོར་ ༡༥༠༠ ཉེས་ཆད་བཅད་དེ་སྔ་ལོའི་ཟླ་ ༧ ཚེས་ ༢༤ ཉིན་བཙོན་གྲོལ་བཏང་ཡོད་པ་རེད། རྩ་བའི་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལགས་སམ་གངས་ཅན་པ་གུ་དྲག་ལགས་ནི་བོད་མདོ་ཁམས་ཆབ་མདོ་ཚ་བ་དཔའ་ཤོད་རྫོང་ནས་ཡིན་ཞིང། དེ་སྔོན་སྟོད་དིང་རིར་རྫོང་ཤེལ་དཀར་གྲོང་རྡལ་དུ་ཚོང་ལས་གཉེར་ནས་བཞུགས་ཀྱི་ཡོད་པ་རེད་འདུག

འཇམ་དབྱངས་རྡོ་རྗེ་ལགས་ཀྱི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་འདུག

བོད་མདོ་ཁམས་དཀར་མཛེས་རྫོང་གི་ཉེ་འདབས་སུ་རྟེན་གཞི་བྱས་པའི་འབུ་ཆུ་གྲོང་ནས་ཡིན་པའི་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྫོང་ཐོག་ཏུ་ ‘༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་’ ཞེས་རྒྱ་གཞུང་ལ་ཞི་རྒོལ་གནང་སྟབས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༤ སྟེ་བོད་ཟླ་ ༡ ཚེས་ ༦ ཉིན་གྱི་སྔ་དྲོ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་ཞི་འབོད་གནང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་བཙོན་འཇུག་བྱས་འདུག ད་ལྟའི་ཆར་ཁོང་བཙོན་ཁང་གང་དུ་བཀག་ཉར་བྱེད་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཆགས་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད། འོན་ཀྱང་གནས་ཚུལ་དེ་ཕྱིར་མི་གྱར་བའི་ཆེད་དུ་ཁོང་གི་ནང་མི་གཙོས་པའི་གཉེན་ཉེ་རྣམ་པའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་སོགས་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་དགོས་པའི་དམ་དྲག་བྱས་ཡོད་པ་རེད། རྩ་བའི་འཇམ་དབྱངས་རྡོད་རྗེ་ལགས་ནི་མདོ་ཁམས་དཀར་མཛེས་རྫོང་གི་ཉེ་འཁྲིས་སེར་ཤུལ་ཤང་ཡ་ག་པའམ་འབུ་ཆུ་གྲོང་ནས་ཡིན་པ་དང། ད་ལྟ་རང་ལོ་ ༤༡ ཙམ་རེད་འདུག ཁོང་ནི་སངས་རྒྱས་རྒྱ་མཚོ་དང་རིག་འཛིན་ལྷ་མཚོ་གཉིས་ཀྱི་བུ་ཡིན་འདུག ལྷག་དོན་ཁོང་དབྱང་དུས་སུ་འབྲོག་སར་བཞུགས་ཀྱི་ཡོད་པ་དང་། དགུན་དུས་སུ་རང་ཁྱིམ་དུ་ཕ་མ་གཉིས་པོར་ཞབས་ཕྱི་ཞུ་ནས་བཞུགས་ཀྱི་ཡོད་པ་རེད་འདུག ལྷག་དོན་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྔ་རོལ་ནས་རྒྱ་གཞུང་གིས་དཀར་མཛེས་ས་གནས་རྫོང་ཁག་མང་པོའི་ནང་སྐད་འཕྲིན་བརྒྱུད་ལམ་བཀག་འགོག་གིས་དམ་དྲག་སྔར་ལྷག་བྱས་ཡོད་པ་རེད།

བོད་ནང་དུ་༸རྒྱལ་བའི་ཞབས་རིམ་གསོག་སྒྲུབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་ Rochester ནང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ནས་སྐུ་ངལ་གསོ་བཞུགས་མཛད་བཞིན་ཡོད་པའི་མཚམས་འདིར།  བོད་ཕྱི་ནང་གཉིས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཁག་ལམ་ལྷོང་ལྡན་པ་ཡོང་ཕྱིར་གསོལ་འདེབས་སྨོན་ལམ་སོགས་གསོག་སྒྲུབ་ཞུ་མུས་ཡིན་པ་ལྟར།  ཁྱད་པར་དུ་བོད་མདོ་ཁམས་རྫ་ཆུ་ཁའི་ཁྲི་འདུ་རྫོང་མཁར་ནང་སོ་དགོན་དགེ་ལྡན་བཤད་སྒྲུབ་ཐུབ་བསྟན་འཕེལ་རྒྱས་གླིང་དང་མཁར་ནང་སྡེ་བའི་ས་གནས་མང་ཚོགས་སྟོང་ཕྲག་ཁ་ཤས་ནས་༸སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེ་གསོག་སྒྲུབ་གནང་འདུག དེ་ཡང་བོད་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་དགོན་གྲོང་གཉིས་ནས་༸གོང་ལ་བོད་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པར་༸སྐུའི་གྱ་སྟོན་ལ་བཀྲིས་པའི་རྟེན་འབྲེལ་གྱི་ལེགས་སྐྱེས་དང། ལྷག་དོན་མགོན་པོ་༸གང་ཉིད་མཆོག་ཨ་རིའི་མི་ནེ་སོ་ཊ་ Minnesota མངའ་སྡེའི་གྲོང་ཁྱེར་ Rochester ནང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་པར་ཆེད་དམིགས་ཀྱིས་གཟའ་འཁོར་གཅིག་རིང་མ་ཎི་དུང་གྲུབ་ཚོགས་པ་དང་འདི་བཞིན་གཟའ་འཁོར་གཅིག་རིང་གུ་རུའི་འབུམ་ཚོགས་འཚོགས་འདུག གཞན་ཡང་མཁར་ནང་སེར་སྐྱ་མང་ཡོངས་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བོད་ཚེས་ ༡༦ ཉིན་༸རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་གཙོས་དགོན་པའི་མཁན་སྤྲུལ་སྐུ་པར་གདན་ཞུས་ཀྱིས་རང་ནུས་གང་ཡོད་དཔག་པའི་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་རྒྱ་གང་ཆེ་གསོག་སྒྲུབ་ཞུ་རྒྱུའི་དམ་འབུལ་དང་དོལ་རྒྱལ་བསྟེན་སྲོལ་བྱ་རྒྱུ་མིན་པའི་མནའ་སྐྱེལ་དམ་འབུལ་ཡང་གནང་འདུག      

གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ།

བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག     དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ནས་༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་གནང་སྟེ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༸གོང་ས་མཆོག་གི་༸སྐུ་པར་བཀྲམས་ཏེ་སྤྱི་ཚོགས་ཀྱི་བརྟན་ལྷིང་དཀྲུགས་པའི་ཉེས་མིང་འོག་འཛིན་བཟུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག འདི་གར་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། ད་ལྟའི་ཆར་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་དུ་བཅུག་ཡོད་པ་གསུངས་ཀྱི་འདུག གཞི་རྩའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ནི། ལོ་སྔོན་མའི་ཕྱི་ཟླ་ ༧ ཕྱི་ཚེས་ ༡༠ ཙམ་ལ་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་སྟབས། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གི་གྲྭ་ཤག་ཏུ་སྔོག་གཤེར་བྱེད་སྐབས་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་བྱེད་ཡོད་སྐོར་བཤད་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ད་ལྟ་བར་ཟླ་བ་བདུན་ལྷག་རིང་ཁོང་ལ་འདྲི་བརྩད་དང་བཀག་བསྐྱིལ་བྱས་པ་བརྒྱུད་བཙོན་འཇུག་གི་ཁྲིམས་ཐག་བཅད་ནས་ཉིན་བཅུའི་རྗེས་སུ་ནང་མི་སྤུན་མཆེད་ཐུག་འཕྲད་ལ་ཡོང་ཆོག་པ་བཤད་འདུག རྩ་བའི་རང་ལོ་ ༤༧ སོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ནི་བྲག་དམར་སྡེ་བ་ནས་ཡིན་ཞིང་། ཕ་མིང་ལ་ཀླུ་བྱམས་ཟེར་གྱི་ཡོད་འདུག བོད་མདོ་སྨད་རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སློབ་གཉེར་གནང་པ་མ་ཟད རེབ་གོང་རོང་པོ་དགོན་ཆེན་གྱི་གྲྭ་པ་རྒན་གྲས་ཡིན་པ་དང། རྒྱུན་དུ་ཡ་རབས་ཚུལ་མཐུན་ཅན་དང་སློབ་སྦྱོང་ལ་བརྩོན་ཞིང་དགོན་པ་ནས་བསླབ་པ་མཐར་སོན་པ་བྱུང་འདུག

ཞོགས་ལྗང་ལགས་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་མཐུན་མིན་པ་གསུངས་སོང་།

བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་པའི་རྩོམ་པ་པོ་དང་བོད་མིའི་རང་དབང་རྩོད་ལེན་པ་ཞོགས་ལྗང་ལགས་ལ་རྒྱ་གཞུང་གིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། དེ་ཡང་སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་བོད་མདོ་སྨད་རེབ་གོང་ནས་ས་གནས་རྒྱ་གཞུང་གི་ཉེན་རྟོགས་པས་ནག་ཉེས་གང་ཡིན་གསལ་ཁ་མེད་པར་ཞོགས་ལྗང་ལགས་བཙན་ཁྲིད་ཀྱི་འཛིན་བཟུང་བྱས་པ་ནས་བཟུང་ད་བར་ཁོང་གི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་མེད་པར་ལྷག་ཡོད་པ་རེད། སྤྱི་ཚོགས་ཀྱི་དྲ་གནས་ཁག་ཏུ་གནས་ཚུལ་སྤེལ་བ་གཞིགས་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐུན་རིན་ཁྲིམས་ཁང་གིས་ཞོགས་ལྗང་གི་ནང་མི་ཚོར་བརྡ་ལན་བཏང་ནས་ཚེས་ ༡༧ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད་འདུག  ཁ་ཉིན་ཚེས་ ༡༦ ཉིན་ཁོང་གི་ནང་མི་སྤུན་མཆེད་དང་ཚོ་བའི་མི་སྣ་མི་སྣ་ ༤༠ ལྷག་མདོ་སྨད་རེབ་གོང་དུ་ཕྱིན་ཡོད་ཀྱང།  སྐབས་དེར་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་དུ་ཁྲིམས་རྩོད་པ་སོགས་ཀྱི་གོ་རིམ་མི་སྣ་གང་ཡང་མེད་པར་ཁྲིམས་དཔོན་ཞིག་གིས་ཞོགས་ལྗང་ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་བ་དང་ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ལན་མང་རིང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་པའོ་ལས་བརྩམས་པ་སོགས་ནག་ཉེས་བཞིའི་ཐོག་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་ཁག་ནི་ཆེས་ནོར་འཁྲུལ་ཅན་ཞིག་དང་། ལྷག་དོན་ཞོགས་ལྗང་ལགས་ཀྱིས་རྒྱ་གཞུང་ནས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་བྱ་སྤྱོད་ཁག་ནི་ནོར་འཁྲུལ་ཡིན་པར་རྩོམ་ཡིག་སྤེལ་བར་ ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་མཐུན་ཞིག་མིན་པ་གསུངས་ཀྱི་འདུག ད་དུང་ཁོང་གིས་རྒྱ་གཞུང་ནས་ཞོགས་ལྗང་ལགས་ཀྱི་གཟུགས་གཞི་དང་སེམས་ཁམས་ཀྱི་གནས་སྟངས་ལའང་འགན་ཁུར་བྱ་དགོས་པ་སོགས་གསུངས་ཡོད། གཞི་རྩའི་རྩོམ་པ་པོ་ཞོགས་ལྗངས་ལགས་ནི། བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་ནས་ཡིན་ཞིང་། ཁོང་ལ་རྒྱ་ནག་གཞུང་གིས་སྔ་རྗེས་སུ་ཐེངས་གཉིས་འཛིན་བཟུང་བཙོན་འཇུག་བྱས་འདུག  དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དུ་ས་བྱི་ཞི་རྒོལ་ཆེན་མོའི་བྱུང་བའི་སྐབས་སུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་དངོས་སུ་སློབ་གྲྭའི་ཐང་ཆེན་དུ་འཛོམས་ཏེ།༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་འཕྲེད་དར་བསྣམས་ཏེ། ཞི་རྒོལ་འགོ་ཁྲིད་མཁན་དང་མི་རིགས་ཁ་བྲལ་གྱི་བསམ་བློ་བཅངས་ཏེ་རྩོམ་ཡིག་སྤེལ་ཡོད་པར་བརྟེན།  སྤྱི་ལོ་ ༢༠༡༠ ལོར་རྩོམ་པ་པོ་ཐེའུ་རིང་དང་ཞོགས་ལྗང་གཉིས་སློབ་གྲྭ་ནས་འཛིན་བཟུང་བྱས་ནས་ཟླ་གཅིག་ལྷག་རིང་ཞི་དྲག་གཉིས་ཀྱི་ཐོག་ནས་འདྲི་བརྩད་བཀག་བསྐྱིལ་བྱས་མཐར་གློད་བཀྲོལ་བཏང་འདུག  དེ་རྗེས་བོད་མིའི་རང་དབང་དང་། མང་གཙོ། ལྷག་དོན་ས་གནས་དུ་སྐོར་བསྐྱོད་ཀྱི་མཐོང་ཐོས་སྐོར་ཟིན་བྲིས་སོགས་སྤེལ་སྟབས།  སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རེབ་གོང་ནས་ས་གནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་ཐེངས་གཉིས་པ་དེ་བྱས་འདུག  

བྲག་འགོ་ནང་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པའི་དམ་དྲག་བྱེད་པ་རྒྱ་གཞུང་གིས་ངོས་ལེན་བྱས་འདུག

ཉེ་སྔོན་ཁམས་དཀར་མཛེས་བྲག་འགོ་རྫོང་གི་བོད་མིའི་ཚོང་ཁང་ཁག་ལ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ལྷག་དོན་༸སྐུ་པར་ཡོངས་རྫོགས་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་རྩིས་སྤྲོད་བྱ་དགོས་པའི་བཙན་བཀའ་བཏང་པ་རྒྱ་གཞུང་གིས་ངོས་ལེན་བྱས་འདུག དེ་ཡང་ཁ་སང་ཟླ་ ༢ ཚེས་ ༣ ཉིན་ Global Times བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་འཁོོད་དོན། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ས་གནས་སྲིད་གཞུང་གི་དྲིལ་བསྒྲགས་ཚན་པའི་མགོ་གཙོ་ Gou Yadong ཟེར་བ་དེས་ཟླ་སྔོན་མའི་ཚེས་ ༤ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་བྲག་འགོར་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བརྡ་ཐོ་ཞིག་བཏང་ཡིན་པ་ངོས་ལེན་བྱས་འདུག་པ་དང། དེའང་ལོ་ལྟར་སྤྱི་གསར་དུས་ཆེན་གྱི་སྔ་རོལ་དུ་རྒྱལ་ཁབ་ཁ་བྲལ་གྱི་དབུ་ཁྲིད་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་ནི་ཁྲིམས་འགལ་གྱི་པར་དང་། དེ་བཞིན་དཔེ་དེབ་ཁག་ཅིག་ཀྱང་བཀག་སྡོམ་བྱ་རྒྱུའི་ལས་འགུལ་སྤེན་བཞིན་ཡོད་པའི་ཆ་ཤས་ཤིག་ཡིན་སྐོར་བཤད་པ་མ་ཟད། ལྷག་དོན་བོད་མི་མང་ཚོགས་ཚོའི་ངོས་ནས་རྒྱ་ནག་གི་འགོ་ཁྲིད་རིམ་པའི་འདྲ་པར་ཁག་སྒྲིག་གཤོམ་བྱེད་ན་དེར་བཀག་སྡོམ་གང་ཡང་མེད་པ་བརྗོད་འདུག ད་དུང་ Gou Yadong ཡིས་ལས་འགུལ་དེ་ཡང་བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་སྟངས་འཛིན་འོག་སྤེལ་མུས་ཡིན་པ་བཤད་ཡོད་པ་རེད། དེ་མཚུངས་སུ་ Tibet.cn བརྒྱུད་ལམ་གྱིས་འདི་ལོར་རྒྱ་གཞུང་གིས་མང་ཚོགས་ཚོར་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན། གཞུང་གི་ལས་ཁུངས་དང་དགོན་སྡེ་སོགས་ཚོགས་སྐྱིད་ཁག་ལ་རྒྱ་ནག་གི་འགོ་ཁྲིད་སྔ་རྗེས་ལྔའི་པར་རྔན་པའི་ཚུལ་དུ་སྤྲད་ཡོད་པ་མངོན་གསལ་བྱས་འདུག གཞི་རྩའི་ཟླ་སྔོན་མའི་ཚེས་ ༤ ཉིན་རྒྱ་གཞུང་གིས་བོད་ཁམས་དཀར་མཛེས་བྲག་འགོ་རྫོང་གི་བོད་མིའི་ཚོང་ཁང་ཁག་ལ་༸གོང་ས་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། ལྷག་དོན་༸སྐུ་པར་ཡོངས་རྫོགས་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་སྤྲོད་དགོས་པ་དང་རང་འགུལ་གྱིས་རྩིས་སྤྲོད་མ་བྱེད་ཚེ། ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་རྒྱུ་མ་ཟད། དོ་བདག་ལ་ཁྲིམས་ཆད་ནན་པོ་གཏང་རྒྱུ་ཡིནཞེས་བཀའ་རྒྱའི་བརྡ་ཐོ་ཞིག་བཏང་ཡོད་པ་རེད།

Latest news