Tibetan Royal Year of 2151 | Year of the Wood Dragon

བོད།

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་བོད་མིར་དམ་དྲག་ཤུགས་ཆེ་བྱས་པ།

རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་སྔར་ལྷག་ཞིབ་བཤེར་བཀག་སྡོམ་དང་། དྲ་རྒྱའི་བརྒྱུད་ལམ་ཁག་ལ་དོ་དམ་ནན་པོ་བྱེད་བཞིན་འདུག དྷ་ས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ་ནས་བོད་མིར་མནར་གཅོད་དང་འཛམ་གླིང་ལ་བསླུ་བྲིད་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག དེའི་ནང་གཙོ་བོ་ཟླ་ ༨ ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དབུས་གཞུང་སྦྲགས་སྲིད་ལས་ཁུངས་ཀྱིས་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་ནང་བཀའ་ཁྱབ་ཞིག་བཏང་སྟེ། ཟླ་བ་འདིའི་ཚེས་ ༢༠ ནས་ཕྱི་ཟླ་༩པའི་ཚེས་༡༢ བར། བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་༥༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་རིང་། བོད་དང་ཕྱི་ཕྱོགས་དབར་གྱི་སྦྲགས་ལམ་དང་ཏར་འཕྲིན་འགྲོ་འོང་ཐོག་དོ་དམ་བཀག་སྡོམ་ནན་པོ་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྦྲགས་ལམ་བརྒྱུད་ནས་བོད་ལ་ཡིག་ཆེའི་རིགས་དང་ གྲི དེ་བཞིན་འབར་རྫས་སོགས་ཉེན་ཁ་ཡོད་པའི་རྫས་འགྱུར་རིགས། ཐ་ན་ཆབ་སྲིད་ཀྱི་ནང་དོན་ལྡན་པའི་དེཔ་དེབ་རིགས་ཡོངས་རྫོགས་བཙོང་མི་ཆོག་པའི་བཀག་སྡོམ་བྱས་པ་མ་ཟད། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་སྐོར་སོགས་འཁོད་འདུགད་རེས་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་འབྲེལ། སྤྱི་ཡོངས་ནས་ཁུལ་དེའི་ནང་གི་ཁྲོམ་གཞུང་དང་ཟ་ཁང་། དེ་བཞིན་སློབ་གྲྭ་སོགས་མང་ཚོགས་འདུ་འཛོམས་ཀྱི་གནས་གང་སར་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་ཕོན་ཆེ་འགྲེམས་འཇོག་གིས་ཞིབ་བཤེར་བྱས་ནས་བོད་རིགས་མང་ཚོགས་ཐོག་སྔར་ལྷག་དམ་དྲག་ཤུགས་ཆེ་བྱས་བཞིན་པ་མ་ཟད། སྤྱི་ལེ་ ༨༠༠༠ མཚམས་ལ་མཐའ་གཅིག་ཏུ་དམག་རྒྱབ་ཐུབ་པ་དང་ཉིན་ ༦༠ རིང་དཀའ་སྡུག་འཐབ་འཛིང་བྱེད་ཕོད་པ་ཟེར་བའི་འབོད་ཚིག་འོག དུས་ཆེན་སྐབས་བདེ་འཇགས་ཁས་ལེན་དགོས་པའི་ཐད་ཚོགས་ཞུགས་དམག་དཔོན་སྟོང་ཕྲག་ལྷག་ལ་དམ་བཅའ་ཕུལ་བཅུག་སྟེ། བོད་མིའི་འགྲོ་སྡོད་སྤྱོད་གསུམ་གྱི་རང་དབང་མཐའ་དག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏོང་རྒྱུ་རེད་འདུག དེར་མ་ཟད་ད་ལན་གྱི་བསྒྲགས་གཏམ་དེའི་ནང་ད་དུང་རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་བསྒྱུར་གྱིས་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་བྱས་པ་ནས་ད་བར། བོད་མི་ཚོའི་སུམ་བཅུའི་སྒེར་ལངས་དང་རང་ལུས་མེར་བསྲེགས་ལ་སོགས་པའི་ཞི་བའི་ངོ་རྒོལ་འདྲ་མིན་སྣ་ཚོགས་ཤིག་རྒྱུན་ཆད་མེད་པར་བྱུང་ཡོད་མུད་ཁར། ད་ལྟའི་ཆར་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་དམག་མི་འབོར་ཆེན་འགྲེམས་འཇོག་གིས་དམག་ས་ལྟ་བུར་སྒྱུར་ཡོད་པ་མ་ཟད། ལྷག་དོན་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་ད་བར་རང་བསྲེགས་གནང་མཁན་ཁྱོན་བོད་མི་ ༡༤༢ བྱུང་ཡོད་པ་དང། དེ་བཞོན་རྒྱའི་བཙོན་འོག་ཏུ་བོད་མི་ཆབ་སྲིད་བཙོན་པ་ ༢༡༣༩ ལྷག་མུ་མཐུད་མནར་གཅོད་མྱོང་བཞིན་ཡོད་པ་སོགས་གསལ་བཏོན་གནང་འདུག

རྒྱ་གཞུང་གིས་ལི་ཐང་ནས་བོད་མི་གཅིག་འཛིན་བཟུང།

ཁ་སར་ཟླ་ ༨ ཕྱི་ཚེས་ ༡༨ ཉིན་སྔ་དྲོ་ཚོུད་ ༩།༤༠ སྟེང་མདོ་ཁམས་ལི་ཐང་རྫོང་ཐོག་གི་ཁྲུང་ཁྲུང་དཀར་མོ་ནང་རྟེན་གཞི་བྱས་པའི་བོད་མི་ཞིག་གིས་ཁུལ་དེའི་ཁྲོམ་གཞུང་དུ་༸གོང་ས་མཆོག་གི་སྐུ་ཐང་ཆེན་པོ་ཞིག་མཁའ་དབྱིངས་སུ་འཕྱར་ནས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ཞེས་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས། དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག སྐབས་དེར་ཁྲོམ་གཞུང་དུ་མི་མང་པོ་མེད་པས་རྒྱ་གཞུང་ཉེན་རྟོག་པ་གོས་ནག་ཅན་སྐོར་ཞིག་གིས་ཞི་འབོད་གནང་མཁན་ཁོང་གློ་བུར་ལས་སླ་པོའི་ཐོག་སྣུམ་འཁོར་ནག་པོ་ཆུང་ཆུང་ཞིག་གི་ནང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་རྒྱ་གཞུང་གིས་དམ་དྲག་རྐྱེན་པས་ཁོང་གི་མིང་དང། ལོ་ན་ཇི་སོན། དེ་བཞིན་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད་པ་རེད་འདུག

རྒྱ་གཞུང་གིས་རྔ་བ་ནས་བེུད་གཅིག་འཛིན་བཟུང།

བོད་མདོ་སྨད་རྔ་བ་ནས་ཡིན་པའི་འོད་དཀར་སྐྱིད་ཞུ་མཁན་བེུད་གཅིག་གིས་བོད་ལ་རང་དབང་དགོས་པའི་ཞི་རྒོལ་གྱི་རྔམ་སྟོན་གནང་རྗེས་བཙོན་འཇུག་བྱས་འདུག ཕྱི་ཟླ་ ༨ ཚེས་ ༡༥ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཚོུད་ ༣ ཙམ་ལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་ནས་རང་ལོ་ ༢༣ ཡས་མས་སོན་པའི་བུ་མོ་འོད་དཀར་སྐྱིད་ལགས་ཀྱིས་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབ་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུའི་རང་དབང་དགོས། ང་ཚོ་ལ་གཉའ་གནོན་བྱས་པ་ཚད་ལས་བརྒལ་སོང་ཞེས་རྨེའུ་རུ་མ་ཡུལ་ཚོའི་གཞུང་ལམ་ཐོག་ཞི་རྒོལ་གྱི་འབོད་ཚིག་སྒྲོག་བཞིན་རྔམ་སྟོན་གནང་རྗེས།དེ་མ་ཐག་ས་གནས་ཀྱི་རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་བཙན་ཁྲིད་འོག་འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ས་གནས་གང་དུ་བཙོན་འཇུག་བྱེད་ཡོད་མེད་དང་གནས་སྟངས་ཇི་ཆགས་སོགས་ཤེས་རྟོགས་གང་ཡང་བྱུང་ཐུབ་མེད། ཁོང་གི་ནང་མི་གཙོས་གཉེན་འབྲེལ་རྣམས་ནས་འོད་དཀར་སྐྱིད་ལགས་ཀྱི་གནས་སྟངས་ཇི་ཆགས་ཐད་ཐུགས་འཚབ་ངང་གནས་ཡོད་པ་རེད་འདུག རྩ་བའི་ཁོང་ནི་རྨེའུ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པ་དང། ཕ་ཀུན་པོ་དང་མ་འཕགས་པ་རྣམ་གཉིས་ཀྱི་མཉམ་དུ་འབྲོག་སར་འཚར་ལོངས་བྱུང་ཞིང་སློབ་སྦྱོང་གི་གོ་སྐབས་ཐོབ་མྱོང་མེད་པ་ཞིག་དང། བཟའ་ཟླའི་མིང་ལ་ལ་བཀྲ་ཤིས་ཡིན་པ་དང་། ཁོང་གཉིས་ལ་བུ་ལོ་ན་ ༤ སོན་པ་གཅིག་འདུག

བོད་ནང་བརྟན་ལྷིང་ཆེད་དུ་ཡིན་ཟེར་ནས་དྲག་ཆས་དམག་དཔུང་ཕོན་ཆེ་གཏོང་བཞིན་པ་རེད་འདུག

ཕྱི་ཟླ་དགུ་པའི་ཚེས་ ༡ སྟེ་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་ཁེལ་གྱི་ཡོད་པ་དང། དེའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གཙོས་པའི་དཔོན་རིག་ཆེ་གྲས་མང་དག་ཅིག་ཡོང་གི་ཡོད་སྟབས། བོད་ཀྱི་ས་ཁུལ་ཁག་ཅིག་ཏེ་ལྷ་ས་དང་ཞི་རྒ་རྩེ། རེབ་སྒོང་སོགས་ས་ཁུལ་ཁག་ཅིག་གི་ནང་དུ། དྲག་ཆས་དམག་མི་སྟོང་ཕྲག་མང་པོ་དང་འཐབ་འཁོར་ཐན་ཁེ་སོགས་དམག་གི་གོ་ཚོན་ཕོན་ཆེན་པོ་ཁྱེར་བའི་མོ་ཊ་བརྒྱ་ཕྲག་མང་པོ་འབྱོར་བཞིན་པ་རེད་འདུགཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་ལ་གཞིགས་ན། ཕྱི་ཟླ་ ༧ པའི་ཟླ་འཇུག་ནས་ལྷ་ས་དང་ཞི་རྩེ། དེ་བཞིན་མདོ་སྨད་རེབ་གོང་སོགས་ཀྱི་ནང་དུ་བོད་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ། ཞི་བདེ་ལྡན་པའི་སྤྱི་ཚོགས་ནི་མང་ཚོགས་ཀྱི་རེ་བ་ཡིན། དེ་བཞིན་དམར་ཤོག་ཚོགས་པར་བློ་དད་རྩེ་གཅིག་དང་ཚོགས་པའི་ལས་དོན་གྲུབ་རྒྱུའི་བློ་སེམས་བརྟན་པོ་ཡོད་སྐོར་སོགས་རས་གཞི་དམར་པོའི་ཐོག་བྲིས་པའི་དམག་མིའི་མོ་ཊ་བརྒྱ་ཕྲག་ཁ་ཤས་འབྱོར་བཞིན་པའི་བརྙན་པར་ཐུང་ངུ་ཁག་ཅིག་ཀྱང་འདོན་སྤེལ་གནང་འདུག མོ་ཊ་དེ་དག་ནང་དུ་དྲག་ཆས་དམག་མི་དང་དམག་གི་གོ་མཚོན་ཕོན་ཆེན་འོར་འདྲེན་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་མ་ཟད། ས་གནས་བོད་མི་ཚོས་ད་བར་དེ་འདྲ་བྱུང་མྱོང་མེད་པའི་གནད་དོན་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག རྒྱ་གཞུང་དམག་མི་སླེབས་ཐེངས་རེ་རེའི་ནང་རླང་འཁོར་ ༢༠༠ ཙམ་ཡོད་པ་དང། དེ་དག་ལྷ་ས་བརྒྱུད་བོད་རྒྱ་ས་མཚམས་དང་ཐག་ཉེ་བའི་དམག་སྒར་ཆེ་ཤོས་ཉང་ཆུའི་སྟོད་རྒྱུད་ཀོང་པོ་ཁུལ་གྱི་བྲག་གཡབ་གྲོང་སྡེ་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་རེད་འདུག རྩ་བའི་དམག་དཔུང་ཕོན་ཆེན་དེ་འདྲ་ཞིག་གློ་བུར་དུ་སླེབས་དགོས་པའི་རྒྱུ་མཚན་གསལ་ཁ་མེད་ཀྱང། གནད་དོན་དབྱེ་ཞིབ་པ་འགས་དེ་དག་དམར་ཤོག་ཚོགས་པས་ཟླ་ ༩ ཚེས་ ༡ སྟེ་རྒྱ་གཞུང་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་ཁེལ་གྱི་ཡོད་པ་དང་བསྟུན། ཤོག་ཚོགས་པའི་ཁྱབ་བསྒྲགས་དང་སྟོབས་ཤུགས་ངོམ་རྒྱུ། དེ་བཞིན་དམག་སྦྱོང་བཅས་ཀྱི་སླད་ཡིན་སྲིད་པའི་ཚོད་དཔག་གནང་བཞིན་འདུག ཟླ་བ་འདིའི་ཚེས་༡༡ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Xinhua ཡི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་གསར་གནས་ལ་གཞིས་ན། རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁུལ་དུ་ཡོད་པའི་རྒྱ་ནག་བཅིང་གྲོལ་དམག་སྒར་ཆེ་ཤོས་ཀྱིས་གོ་སྒྲིག་འོག དམག་གི་དངོས་བྱུང་སྦྱོང་བརྡར་ཁག་ལྔ་ཙམ་སྤྲད་ཆར་ཡོད་པ་དང། དེའི་ནང་རྒྱ་ནག་བཅིང་གྲོལ་དམག་གི་རུ་ཁག་ ༡༤༠ ཙམ་ནས་དམག་མི་ཁྱོན་འབུམ་གཅིག་དང་སྟོང་ཕྲག་ ༤༠ ཙམ་ནས་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་འཁོད་པ་མ་ཟད། དེ་བས་ཀྱང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་ཉིན་མོ་སྲུང་བརྩི་བྱ་འཆར་དང་འབྲེལ། རྒྱ་གཞུང་བརྒྱུད་ལམ་ཁག་གི་ནང་དུ་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་ཤུགས་ཆེར་བྱེད་བཞིན་པ་རེད།

ཁམས་ནང་ཆེན་ཁུལ་གྱི་བོད་མི་ཚོར་རྒྱ་གཞུང་ཉེན་རྟོག་པས་གཅར་བརྡུང་བཏང་སྟེ་བོད་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེ་ཕོག་འདུག

བོད་མདོ་ཁམས་ནང་ཆེན་ཁུལ་གྱི་བོད་མི་ཚོར་རྒྱ་ནག་གཞུང་ཉེན་རྟོག་པས་བཙན་གནོན་གྱིས་གཅར་བརྡུང་བཏང་ནས་བོད་མི་ ༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པས་མྱུར་སྐྱོབས་སླད་སྨན་ཁང་དུ་སྐྱེལ་དགོས་པའི་གནས་ཚུལ་ཐོན་ཡོད་པ་རེད་འདུག ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་བརྒྱད་གཅིག་དམག་མིའི་དུས་ཆེན་སྐབས་ཁམས་ནང་ཆེན་རྫོང་ཁོངས་སུ་རྫོང་ཆེ་ཆུང་མི་འདྲ་བ་བཅུ་ཙམ་ཡོད་པའི་ནང་ནས་ཀ་གཞུང་རྫོང་དུ་དུས་སྟོན་ཚོགས་དགོས་པའི་བཀའ་རྒྱ་ཕབ་པ་དང་སྦྲགས་རྒྱ་གཞུང་གིས་དུས་སྟོན་དེ་ནི་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་ཆེད་ཡིན་ཚུལ་བཤད་ནས་བོད་མི་ཁྱིམ་ཚང་སོ་སོའི་མཆོར་ཆས་ལེགས་སྤྲས་ཀྱིས་གསལ་སྟོན་བྱ་དགོས་པ་དང་། དེ་བས་ཀྱང་སྲོལ་རྒྱུན་ལག་རྩལ་ཁག་འགྲེམས་སྟོན་བྱེད་དགོས་ཀྱི་འདུག་ཀྱང།ནང་ཆེན་རྫོང་དུ་ཚེས་གཅིག་ནས་གསུམ་བར་རིག་གནས་དར་སྤེལ་ཞེས་པའི་དུས་སྟོན་ཚོགས་བཞིན་པའི་རིང་ལ་ས་གནས་བོད་མི་ཚོས་སྤྱིར་བཏང་གི་བོད་པའི་གྱོན་ཆས་གོན་པ་མ་གཏོགས་དེ་མིན་སྟག་སྤགས་དང་གཟིགས་པགས་ཀྱིས་བརྒྱན་པའི་གྱོན་གོས་རིགས་གྱོན་མེད་པ་དང། མགོ་དང་། སྐེ། ལག་པ་སོགས་ལུས་པོ་ཡོངས་རྫོགས་གཟི་དང་བྱུ་རུ། དེ་བཞིན་སྤོས་ཤེལ་ལ་སོགས་པའི་མཆོར་ཆས་གྱོན་མེད་པ་མ་ཟད། བོད་མི་བསམ་ཤེས་ཅན་འགས་ད་ལན་གྱི་དུས་སྟོན་དེའི་དམིགས་ཡུལ་ལེགས་པོ་ཞིག་མེད་སྟབས། ང་ཚོས་གཟབ་གཟབ་བྱེད་དགོས་ཀྱི་འདུག་ཅེས་ཕན་ཚུལ་གླེང་རེས་བྱས་པའི་སྐད་ཆ་དེ་རིམ་བཞིན་ཁྱབ་བརྡལ་སོང་བར་བརྟེན་ཚེས་གསུམ་གྱི་ཉིན་གུང་དང་ཚེས་བཞིའི་མཚན་མོ་བཅས་སུ་རྒྱ་གཞུང་ཉེན་རྟོག་པས་དོན་མེད་བོད་མི་ཚོར་མེ་མདའ་དང། གློག་རྒྱུགས་སོགས་གོ་མཚོན་སྤྱོད་ནས་བོད་མི་དེ་དག་ལ་མི་སྤྱོད་ལས་འདས་པའི་བཙན་གནོན་ཐོག་དུས་སྟོན་ཚོགས་སའི་མང་ཚོགས་ཉལ་གུར་ནང་ཡོང་ནས་རྣམ་འགྱུར་ལེགས་པོ་མེད་ལུགས་རྒྱུ་མཚན་དུ་ཁྱེར་ནས་གཅར་བརྡུང་ཚད་མེད་བཏང་ཡོད་པ་རེད་འདུག དུས་མཚུངས་སུ་ཟླ་༨ ཚེས་ ༡ ཉིན་རྒྱ་གཞུང་གིས་བཙན་དབང་འོག་ཁམས་འབྲི་རུའི་བོད་མི་རྣམས་ལ་གཅན་གཟན་གྱི་པགས་རིགས་གྱོན་བཅུག་པ་དང། ཅི་ལྟེ་བོད་མི་དེ་དག་ནས་དང་ལེན་གྱིས་ས་གནས་སུ་བྱེད་དགོས་པ་བཞིའི་བཀོད་ཁྱབ་འོག གཞས་སྣ་འཁྲབ་སྟོན་པས་གཅན་གཟན་གྱི་པགས་རིགས་གྱོན་དགོས་པ་དང་དེའི་ཚེ་མང་ཚོགས་ཚོས་ཀྱང་ལྟད་མོ་བལྟ་བར་མཉམ་ཞུགས་མ་བྱེད་ཚེ་ཁུལ་དེའི་བོད་མིའི་འཚོ་རྟེན་གཙོ་བོ་་དབྱར་རྩ་དགུན་འབུ་རྐོ་མི་ཆོག་པའི་སྡིག་ར་སྐུལ་འདུག དེ་ལྟར་བྱེད་དོན་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་དབང་ཐེངས་ ༣༠ པའི་སྐབས་བོད་མི་རྣམས་ལ་གཅན་གཟན་གྱི་པགས་རིགས་སྐོར་བླང་དོར་གྱི་བཀའ་སློབ་བསྩལ་མ་ཐག་མདོ་ཁམས་འབྲི་རུ་གཙོས་པའི་བོད་ས་ཡོངས་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་བཞིན་གཅན་གཟན་གྱི་པགས་རིགས་དང་གྲི་སོགས་གོ་མཚོན་རིགས་མེར་བསྲེགས་གནང་ཡོད་པ་རེད།

རྒྱ་གཞུང་གིས་པ་སངས་དབང་ཕྱུག་ལགས་བཙོན་གྲོལ་བཏང་འདུག

བོད་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ནས་ཡིན་པའི་བོད་མི་ཚོང་པ་པ་སངས་དབང་ཕྱུག་ལགས་རྒྱ་གཞུང་ཉེན་རྟོག་པས་ཟླ་བ་གཅིག་ལྷག་བཙན་བཀག་འོག་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། ཟླ་ ༨ ཕྱི་ཚེས་ ༦ ཉིན་པ་སངས་དབང་ཕྱུག་ལགས་རྒྱ་གཞུང་ཉེན་རྟོག་པས་ཟླ་བ་གཅིག་ལྷག་བཙན་བཀག་འོག་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་འདུག རྩ་བའི་ཁོང་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་ཀྱིས་འཛིན་བཟུང་བྱ་དོན་ནི། འདི་ལོ་ཟླ་ ༧ ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་འཁྲུངས་སྐར་སྐབས་རྒྱ་གཞུང་ཉེན་རྟོག་མི་སྣས་མདོ་ཁམས་དཀར་མཛེས་ཁུལ་དུ་འདི་ལོའི་༸སྐུའི་འཁྲུངས་སྐར་ཉིན་བསང་གསོལ་གཏང་མི་ཆོག་པའི་བཙན་བཀའ་ཕབ་ཡོད་ཀྱང་ཁོང་གིས་བཙན་བཀའ་ཕབ་པར་ལྟོས་མེད་ཀྱིས་བོད་ཆས་གཙང་བཞེས་ཐོག་དགོན་ཁག་ཕེབས་པ་དང་བསང་གསོལ་གཏོང་བ་དེ་ནི་ཆབ་སྲིད་ཀྱི་ནག་ཉེས་ཤིག་ལ་ངོས་འཛིན་བྱས་པར་བརྟེན་ཟླ་ ༧ ཕྱི་ཚེས་ ༧ ཉིན་བཙོན་འཇུག་བྱས་པ་ཞིག་ཡིན་འདུག རྩ་བའི་་པ་སངས་དབང་ཕྱུག་ལགས་ཀྱིས་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་རྒྱ་གཞུང་ལ་བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་འཁོད་པའི་འབོད་ཚིག་བྲིས་པའི་ཕྲད་དར་སྣམས་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱི་རྔམ་སྟོན་གནང་བའི་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་ཟླ་ཤས་རིང་འཛིན་བཟུང་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་ལོ་གཅིག་རིང་བལྟ་སྲུང་ཞིབ་འཇུག་བྱ་རྒྱུ་དང་ཅི་ཏེ་གནས་ཚུལ་ཕྲད་ཚེ་སླར་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་ཞིག་བཏང་འདུག འདི་ལོའི་ཟླ་ ༧ ཚེས་ ༦་ཉིན་བཙོན་འཇུག་བྱས་པ་དེ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག དེ་བཞིན་ཁོང་གི་སྤུན་མཆེད་བཙུན་མ་དཔལ་དབང་ལགས་ཀྱང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་སྟབས་ལོ་གཉིས་དང་ཕྱེད་ཙམ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་སྡུག་སྦྱོང་ཚད་མེད་བཏང་སྟབས་ད་ལྟའི་མཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་པོ་ཆགས་ཡོད་པ་རེད་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་རྗེས་འཇུག་དད་ལྡན་པ་ཚོར་རྒྱ་གཞུང་གིས་ཆབ་སྲིད་ཀྱི་བསམ་བློ་སྤེལ་བཞིན་འདུག

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་འོག་ཏུ་བཙོན་ཁང་ནང་བཀྲོངས་པ་མ་ཟད། ཁོང་གི་སྐུ་ཕུང་ཀྱང་ནང་མིར་ཕྱིར་སྤྲོད་མེད་པའི་གནས་ཚུལ་ཞིག་ཐོན་རྗེས་ཁོང་གི་མ་དགོན་ཆགས་སའི་འབྲོལ་ཁུལ་དུ་རྒྱ་གཞུང་གིས་དད་ལྡན་མང་ཚོགས་ཚོར་ཆབ་སྲིད་ཀྱི་བསམ་བློ་གསར་པ་ཞིག་སྤེལ་ཏེ་དཀའ་ཚེགས་ཆེན་པོ་འཕྲད་བཞིན་འདུག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་འོག་ཏུ་བཙོན་ཁང་ནང་སྐུ་གཟུགས་ཤོར་བའི་རྗེས་ལ་རྒྱ་གཞུང་གིས་དམ་དྲག་འོག་བརྒྱུད་ལམ་ཁག་བཀག་སྡོམ་བྱས་སྟབས་ཁུལ་དེའི་མང་ཚོགས་ཚོར་དཀའ་ཚེགས་འཕྲད་མིན་གྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་གང་ཡང་བྱུང་མེད་ཀྱང། ཉེ་ཆར་དེ་འབྲེལ་གྱི་གནས་ཚུལ་བྱུང་དོན་ལ་གཞིགས་ན། རིན་པོ་ཆེ་ཁོང་གི་མ་དགོན་ཎ་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་གི་ཉེ་འདབས་སུ་ཡོད་པའི་འབྲོག་སར་རྒྱ་གཞུང་གིས་དམག་མི་ཆེད་གཏོང་གིས་ཉིན་ལྟར་འབྲོག་མི་ཚོར་སྔོན་འགྲོའི་སློབ་གསོ་ཞེས་པའི་ཆབ་སྲིད་ཀྱི་བསམ་བློ་གསར་པ་ཞིག་སྤེལ་ཏེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་མཐའ་དག་ཐག་གཅོད་གཙང་མ་ཟིན་ཡོད་པས་ཁོང་ནི་སྙུང་གཞི་རྐྱེན་པས་སྐུ་གཤེགས་པ་དང་སླད་མར་དེའི་ཐད་མང་ཚོགས་ཚོས་གཟིང་ཆ་དང་གླེང་སློང་གང་ཡང་བྱ་མི་ཆོག་པའི་གནད་དོན་སོགས་ཡིན་པ་རེད་འདུག གཞན་ཡང་ཡུལ་མི་སྐྱེས་པ་ཚོར་ཉིན་ལྟར་དམག་སྦྱོང་བྱ་བཅུག་ཏེ་སྡུག་སྦྱོང་ཚད་མེད་གཏོང་བཞིན་ཡོད་པ་དང། ལྷག་དོན་དུ་སློབ་གསོ་དེའི་རིགས་ཉན་འཇོག་མ་བྱེད་ཚེ་ས་གནས་རྫོང་དུ་བཀག་ཉར་གྱིས་འདྲི་རྩད་བྱས་པ་སོགས་སྔར་གྱི་རིག་གནས་གསར་བརྗེ་ཆེན་མོ་སླར་དངོས་སུ་ལངས་པ་ལྟར་དཀའ་ཚེགས་ཤིན་ཏུ་ཆེ་བའི་གནས་སུ་ལྷུང་ཡོད་པ་རེད་འདུག རིན་པོ་ཆེ་མཆོག་གི་ཆེད་རྒྱ་གཞུང་ལ་ཞུ་གཏུགས་གནང་མཁན་ཚོའི་ནང་མིར་ཉིན་ལྟར་ཁོང་གི་གནས་དོན་ཐད་བསམ་ཚུལ་ཇི་ཡོད་ཀྱི་འདྲི་རྩད་བྱས་ནས་སུན་གཙེར་ཆེན་པོ་བཟོ་བཞིན་ཡོད་པ་དང། ཁུལ་དེར་རྒྱ་མི་དམག་མི་སྔར་ལྷག་སྤོ་ཤུགས་ཐོག་རིན་པོ་ཆེ་མཆོག་གི་དགོན་པར་འབྲོག་མི་གཞན་བསྐྱོད་པར་རྒྱ་གཞུང་ལ་ཆོག་མཆན་ཞུ་དགོས་པ་དང་རིན་པོ་ཆེ་ཁོང་གི་སྲིང་མོ་དང་ཚ་མོ་གཉིས་གློད་བཀྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་ཡོད་ཀྱང་ཕྱི་བསྐྱོད་མི་ཆོག་པ་དང་ཕྱི་མིར་འབྲེལ་བ་བྱ་མི་ཆོག་པའི་དམ་དྲག་འོག་བཞག་ཡོད་པ་མ་ཟད། དེབས་ཀྱང་ཡུལ་མི་ཚོ་ཆེད་སྐྱོར་གྱིས་དེ་འབྲེལ་གཏམ་གླེང་གང་བྱུང་བྱ་མི་ཆོག་པའི་བཙན་བཀའ་སོགས་བཏང་ཡོད་པ་རེད་འདུག

རྒྱ་གཞུང་གིས་པ་སངས་དབང་ཕྱུག་ལགས་སླར་ཡང་འཛིན་བཟུང་བྱས་འདུག

བོད་མདོ་ཏྲེ་ཧོར་ཁམས་དཀར་མཛེས་ནས་ཡིན་པའི་བོད་མི་ཚོང་པ་སངས་དབང་ཕྱུག་ལགས་སླར་ཡང་རྒྱ་གཞུང་ཉེན་རྟོག་པས་འདི་ལོ་ ཟླ་ ༧ ཚེས་ ༦ ཏེ་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་བཙན་ཁྲིད་ཀྱིས་འཛིན་བཟུང་བྱས་འདུག འདི་ལོ་ཟླ་ ༧ ཕྱི་ཚེས་ ༦ ཉིན་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་སྐབས་རྒྱ་གཞུང་ཉེན་རྟོག་མི་སྣས་མདོ་ཁམས་དཀར་མཛེས་ཁུལ་དུ་འདི་ལོའི་༸སྐུའི་འཁྲུངས་ཉིན་བསང་གསོལ་གཏང་མི་ཆོག་པའི་བཙན་བཀའ་ཕབ་ཡོད་ཀྱང་ཁོང་གིས་བཙན་བཀའ་ཕབ་པར་ལྟོས་མེད་ཀྱིས་བསང་གསོལ་གཏོང་བ་དེ་ནི་ཆབ་སྲིད་ཀྱི་ནག་ཉེས་ཤིག་ལ་ངོས་འཛིན་བྱས་ཏེ་བཙོན་འཇུག་བྱས་པ་ཞིག་ཡིན་འདུག འོན་ཀྱང་ད་ལྟའི་ཆར་ཁོང་གི་གནས་བབ་ཇི་ཆགས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག རྩ་བའི་་པ་སངས་དབང་ཕྱུག་ལགས་ཀྱིས་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་རྒྱ་གཞུང་ལ་ཞི་རྒོལ་བྱ་རྒྱུའི་འབོད་ཚིག་བྲིས་པའི་ཕྲད་དར་སྣམས་ནས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གྱི་རྔམ་སྟོན་གནང་བའི་རྗེས་རྒྱ་གཞུང་ཉེན་རྟོག་པས་ཁོང་ཟླ་ཤས་རིང་འཛིན་བཟུང་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་ལོ་གཅིག་རིང་བལྟ་སྲུང་ཞིབ་འཇུག་བྱ་རྒྱུ་དང་ཅི་ཏེ་གནས་ཚུལ་ཕྲད་ཚེ་སླར་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་ཞིག་བཏང་འདུག ད་ལན་གྱི་བཙོན་འཇུག་བྱས་པ་དེ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག དེ་བཞིན་ཁོང་གི་སྤུན་མཆེད་བཙུན་མ་དཔལ་དབང་ལགས་ཀྱང་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་སྟབས་ལོ་གཉིས་དང་ཕྱེད་ཙམ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བཏང་ཡོད་ཀྱང་བཙོན་ཁང་དུ་སྡུག་སྦྱོང་ཚད་མེད་བཏང་སྟབས་ད་ལྟའི་མཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ཤིན་ནཏུ་སྐྱོ་པོ་ཆགས་ཡོད་པ་རེད་འདུག

དགེ་འདུན་པ་བློ་བཟང་ཚེ་རིང་ལགས་བཙོན་གྲོལ་བཏང་འདུག

བོད་མདོ་སྨད་མགོ་ལོག་ཁང་གསར་ནས་ཡིན་པ། རང་ལོ་ ༣༦ སོན་པའི་གྲྭ་བློ་ཚེ་འམ་བློ་བཟང་ཚེ་རིང་ལགས་ རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་འོག་ཟླ་བ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས་ཟླ་འདིའི་ཕྱི་ཚེས་ ༤ ཉིན་བཙོན་ནས་གློད་བཀྲོལ་བཏང་ཡོད་པ་རེད། འདི་ལོ་ཟླ་ ༦ ཚེས་ ༡༡ ཉིན་རྒྱ་གཞུང་ཉེན་རྟོག་མི་སྣས་གློ་བུར་དུ་གྲྭ་བློ་བཟང་ཚེ་རིང་ལགས་ཀྱི་གྲྭ་ཤག་སྔོག་གཤེར་གྱིས་ཁོང་གི་ཁ་པར་དང་རྩིས་འཕྲུལ།དེ་བཞིན་ཕྱག་དཔེ་སོགས་ཅ་དངོས་མང་དག་ཞིག་བཙན་འཕྲོག་བྱས་པ་མ་ཟད། ཉེན་རྟོག་མི་སྣས་བཙོན་ཁང་དུ་ཁོང་ལ་འདྲི་རྩད་ལན་མང་བྱས་མཐར་ཁོང་གིས་༸གོང་ས་མཆོག་གི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་ཕྱིར་༸རྒྱལ་བའི་བཞུགས་ཁྲི་བཤམས་པ་དང་སེམས་ཅན་སྲོག་བླུ་ཚེ་ཐར་བཏང་བའི་སྡིག་སྤོང་དགེ་བསྒྲུབ་ཀྱི་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག རྩ་བའི་གྲྭ་བློ་ཚེ་ལགས་ནི་དེ་སྔོན་ ༢༠༡༡ ལོར་ལྔ་པ་ཀིརྟི་དགོན་པའི་རྒྱལ་གཅེས་པ་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་དོན་སླད་སྐུ་ལུས་མེར་བསྲེགས་གནང་ཚེ་དགོན་པར་རྒྱ་གཞུང་དམག་མི་འབྱོར་ཏེ་ས་གནས་དགོན་པའི་དགེ་འདུན་པ་མ་ཡིན་པ་རྣམས་འཛིན་བཟུང་བྱེད་སྐབས་ཁོང་ཡང་དེའི་སྐབས་འཛིན་བཟུང་བྱས་མྱོང་ཡོད་པ་དང། ད་ལན་གྱི་འཛིན་བཟུང་དང་གློད་བཀྲོལ་དེ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད་འདུག

Latest news