Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གཞུང་ནས་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ།

རྒྱ་གཞུང་གིས་རྒྱ་ནག་སྤྱི་དང་སྒོས་སུ་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཟད་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག་རིགས་མུ་མཐུད་བྱེད་བཞིན་ཡོད་པ་དང་། ཉེ་དུས་སུ་ཨ་རི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་རྒྱལ་སྤྱིའི་གསར་ཁང་ཁག་ཅིག་ནས་རྒྱ་ནག་གཞུང་གིས་ཐབས་བྱུས་ལྡན་པའི་ཁྲིམས་མཐུན་མིན་པའི་ཐོག་ནས་ཤིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ཡས་མས་ཤིག་བཀག་ཉར་ཁང་དུ་བཅུག་སྟེ་ཆབ་སྲིད་ཀྱི་སློབ་གསོ་འདྲ་མིན་སྤྲད་པ་དང་འདི་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཕྱིར་གྱར་གནང་ཡོད་པ་རེད། རྒྱ་གཞུང་གི་བྱེད་སྟངས་དེ་དག་དང་འབྲེལ་ཁ་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཉེ་དུས་ནས་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པ་དང་། རྒྱ་ནག་གི་རྒྱལ་ས་ Beijing ནང་རྟེན་གཞི་བྱས་པའི་ Zion ཡི་ཤུའི་མཆོད་ཁང་བསྔོགས་བཤེར་བྱས་ཏེ་འཕྲལ་མར་སྒོ་བརྒྱབ་དགོས་པའི་བཙན་བཀའ་བཏང་ནས་ས་གནས་མི་མང་གི་གཞིའི་རྩའི་ཆོས་དད་རང་དབང་གི་ཐོབ་ཐང་ཁག་བརྩི་མེད་རྡོག་རོལ་གཏོང་མུས་ཀྱི་གནས་སྟངས་ལ་བློ་འཚབ་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག ལྷག་པར་དུ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱ་གགཞུང་གིས་ཁྲིམས་མཐུན་མིན་པའི་བྱ་སྤྱོད་དེ་དག་ཕྱིར་གྱར་བྱུང་བའི་གནད་དོན་འདི་དང་རྒྱུན་དུ་བོད་པའི་ནང་པ་དང་ཧྥ་ལུང་གོང་སོགས་ཆོས་ལུགས་གཞན་ཁག་གི་ལས་དོན་ལ་དམ་དྲག་བྱེད་བཞིན་པའི་གནས་སྟངས་དེ་དག་ཐོག་ནས་ཞི་ཅིང་ཕིང་གིས་མགོ་ཁྲིད་པའི་རྒྱ་ནག་གི་འགོ་ཁྲིད་ཚོས་ས་གནས་མི་མང་ལ་སྡུག་སྦྱོང་དང་གཉའ་གནོན་རིགས་སྔར་ལྷག་བྱེད་བཞིན་པའི་རྣམ་པ་ཞིག་ཀྱང་རེད་ཅེས་གསུངས་པ་དང་ཆབས་ཅིག ལྷན་ཚོགས་དེའི་ངོས་ནས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་བྱུས་སྤྱི་དང་། ལྷག་པར་དུ་ཐབས་བྱུས་འདྲ་མིན་ཐོག་ནས་གཞི་རིམ་མི་མང་གི་ཆོས་དད་རང་དབང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག གཞི་རྩའི་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་ལྷག་ལ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཐོག་ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཕྱིར་གྱར་བྱུང་མཚམས་སུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ Michelle Bachelet ལགས་ཀྱིས་རྒྱ་གཞུང་གི་བྱ་སྤྱོད་དེ་དག་ཁྲིམས་མཐུན་མིན་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པར་རྒྱལ་ཚོགས་ཀྱི་ལས་བྱེད་ཤིབ་ཅང་ནང་རྟོག་ཞིབ་ཆེད་དུ་ཕེབས་བཅུག་དགོས་པའི་ཞུ་སྐུལ་གནང་ཡོད་པ་དང་། ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་གི་སྲིད་གཞུང་ནས་ཀྱང་རྒྱ་གཞུང་གི་བྱ་སྤྱོད་དེར་གདོང་ལེན་གྱི་ཚུལ་དུ་རྒྱ་གཞུང་ལ་དཔལ་འབྱོར་གྱི་ཉེས་ཆད་བསྐྱེལ་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་ཡོད་པ་རེད།

རྒྱ་ནག་གིས་དྲྭ་ཐོག་ཏུ་ཆོས་ལུགས་བརྒྱུད་སྤེལ་གནང་རྒྱུར་བཀག་སྡོམ་སླད་ལག་འཁྱེར་བཟོ་དགོས་པའི་ལམ་ལུགས་གསར་བ་བཟོ་འཆར།

དེ་རིང་ཟླ་ ༩ ཚེས་ ༡༡ ཉིན་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཆ་འཕྲིན་ནང་བཀོད་པར་གཞིགས་ན། རྒྱ་ནག་གཞུང་གིས་དྲྭ་ཐོག་བརྒྱུད་ཆོས་ལུགས་ཁྱབ་གདལ་གཏོང་མཁན་གྱི་ཚོགས་པ་ཁག་ནས་ངེས་པར་དུ་ཞིང་ཆེན་གྱི་ཆོས་དོན་ལྷན་ཁང་དུ་ཐོ་འགོད་བྱེད་དགོས་པའི་སྲིད་བྱུས་ཀྱི་སྒྲིག་གཞིའི་ཟིན་བྲིས་ཤིག་ཕྱིར་བཀྲམ་འདུག ལག་འཁྱེར་དེ་བཟོ་ཚེ་ཆོས་ལུགས་ཀྱི་ཟབ་ཁྲིད་དང་ཉམས་ལེན་གནང་ཆོག་པ་ལས་དེ་མིན་གྱི་དྲྭ་རྒྱ་སོགས་སུ་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་གང་ཡང་ཐད་གཏོང་གནང་མི་ཆོག་པ་བཟོས་ཡོད་པ་མ་ཟད།  གཞུང་འབྲེལ་གྱི་དྲྭ་རྒྱའི་སྟེང་དུ་མ་གཏོགས་ཆོས་ལུགས་ཐད་ཀྱི་གནས་ཚུལ་གང་ཡང་བཀོད་མི་ཆོག་པར་བཀག་སྡོམ་བྱས་འདུག ཚོང་ལས་ཀྱི་མིང་ཐོག་ནས་ཆོས་ལུགས་ཁྱབ་སྤེལ་གནང་བ་དང་འབྲེལ་ཏེ་ཆོས་ལུགས་ཐད་ཀྱི་ཡིག་ཆ་ཁག་འགྲེམས་སྤེལ་བྱས་པ། དེ་བཞིན་ཆོས་ལུགས་ཀྱི་ཚོགས་པ་གསར་འཛུགས་གནང་སྟེ་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་གྱི་མི་གྲངས་གོང་མཐོར་གཏོང་བཞིན་པའི་ལས་གཞི་རིགས་གང་ཡང་སྤེལ་ཆོག་གི་མེད་ཅེས་བརྗོད་འདུག ཚོགས་པ་དང་མི་སྒེར་སུ་ཞིག་ཡིན་རུང་ཆོས་ལུགས་དང་འབྲེལ་བའི་བྱེད་སྒོ་གང་ཡང་རྒྱང་སྲིང་དང་ཐད་གཏོང་བྱེད་མི་ཆོག་པར་བཟོས་ཡོད་པ་མ་ཟད་དྲྭ་ཐོག་ཏུ་ཞལ་འདོན་གསོག་སྒྲུབ་བྱས་པ་དང་། གཟིམ་སྤོས་བདུག་པ། ཆོས་སྒོར་ཞུགས་པའི་ཐད་ཀྱི་ཡིག་རིགས་དང་འདྲ་པར། དེ་བཞིན་བརྙན་སོགས་གང་ཡང་བཀོད་མི་ཆོག་པར་བཀག་སྡོམ་བྱས་འདུག གཞུང་འབྲེལ་གྱི་ཡིག་ཆ་དེའི་ནང་སྲིད་གཞུང་མགོ་རྟིང་སློག་པ་དང་། དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་ཁ་གཏད་གཅོག་པ། དེ་བཞིན་དྲག་སྤྱོད་རིང་ལུགས་པ་དང་ཁ་བྲལ་བ་སོགས་བརྒྱུད་སྤེལ་བྱེད་པའི་ཆོས་ལུགས་ཀྱི་ལས་དོན་རིགས་དམིགས་བཀར་གྱིས་བཀག་སྡོམ་བྱས་ཡོད་ཅེས་བཀོད་འདུག སྤྱིར་བོད་ཀྱི་རྒྱལ་ལྷ་སའི་ནང་ཉེ་སྔོན་ཕྱི་ཟླ་ ༧ པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ཁུལ་དང་གྲོང་ཁྱེར། རྫོང་སོགས་ཀྱི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་སྐབས་དང་བསྟུན་སློབ་གྲྭ་ཁག་གིས་བཙན་དབང་གིས་སློབ་མའི་ཁྱིམ་བདག་ཚོགས་འདུ་ཟེར་བ་བསྐོངས་ནས་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ་ཟེར་བ་ཞིག་གི་སྟེང་མཚན་རྟགས་བཀོད་དུ་བཅུག་ནས་སློབ་མ་རྣམས་དབྱར་ཁའི་གུང་གསེང་སྐབས་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་བའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིར་དྲྭ་ཐོག་ཆོས་ལུགས་བརྒྱུད་སྤེལ་བྱ་རྒྱུར་བཀག་སྡོམ་གྱི་ཟིན་བྲིས་སྒྲིག་གཞི་དེའི་ཐོག་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་བཞིན་པ་དང་དེའི་ཆེད་ཕྱི་ཟླ་ ༩ ཚེས་ ༡༠ ནས་ཟླ་ ༡༠ ཚེས་ ༩ བར་དུས་བཀག་བཟོས་འདུག

རྒྱ་གཞུང་ནས་བོད་བརྒྱུད་ནང་བསྟན་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གོཏང་བཞིན་པ་ཐེར་བཏོན།

ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་བརྒྱུད་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་སོགས་འགྲེལ་བརྗོད་དང་སྦྲགས་རྒྱ་ནག་དེ་རྒྱལ་སྤྱིའི་ཐོག་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་གྲས་སུ་ཐེར་བཏོན་གནང་འདུག ཁ་སང་ཟླ་ ༩ ཚེས་ ༤ ཉིན་ཡུ་རོབ་ Belgium རྒྱལ་ས་ Brussels ནང་ལ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Ján Figel ལགས་ཀྱིས་གཙོས་ཕའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི། ཆོས་དད་རང་དབང་ཐོག་ཉམས་ཞིབ་གནང་མཁན་གྱི་མཁས་པ་ཁག་ཅིག་བཅས་ལྷན་ཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ནས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཅིག་གི་ཆོས་དད་རང་དབང་གི་གནས་བབ་དང་འབྲེལ་བའི་ཤོག་གྲངས་ ༤༨ ཅན་གྱི་ལོ་འཁོར་སྙན་ཐོ་ ༢༠༡༧ ཞེས་པ་འདོན་སྤེལ་གནང་ཡོད་པ་རེད། སྙན་ཐོ་དེའི་ནང་རྒྱ་ནག་དང་སིརྱ། ཏུ་ནི་ཤ་ཡ། ཊར་ཀི། ཨཕ་གྷ་ནིས་ཏན། ཨི་ཇིཔྚ། རྒྱ་གར། དེ་བཞིན་ཨི་རན་སོགས་རྒྱལ་སྤྱིའི་རྒྱལ་ཁབ་ ༣༤ ནང་གི་ཆོས་དད་རང་དབང་སྐོར་བཀོད་འདུག་པ་དང་། རྒྱ་ནང་དང་འབྲེལ་བའི་སྡེ་ཚན་ཁོངས་སུ་ཚོགས་ཆུང་དེས་འདས་པའི་ལོ་དུས་ནང་རྒྱ་གཞུང་ནས་ཡུལ་དེའི་ནང་ལ་ཡོད་པའི་ནང་པ་དང་ཁ་ཆེ། དེ་བཞིན་ཡི་ཤུ་བཅས་ཀྱི་ཆོས་དད་པ་རྣམ་པས་ལས་དོན་གང་ཞིག་སྤེལ་ཀྱང་གཞུང་ནས་ཆོག་མཆན་ཞུ་དགོས་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༥ ལོར་གཏན་འབེབས་བྱས་པའི་རྒྱ་ནག་གི་བདེ་འཇགས་ཁྲིམས་གཞི་བརྒྱུད་ཆོས་ལུགས་དེ་དག་གི་ལས་དོན་ཐོག་ས་གནས་ཉེ་རྟོག་པས་ཐད་ཀར་ཐེ་བྱུས་བྱེད་ཆོག་གི་ཡོད་སྟབས། ཆོས་ཕྱོགས་ཀྱི་ལས་དོན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད་ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་རྣམས་ཀྱང་གནོད་འཚེ་ཅན་གྱི་ལས་དོན་ཞིག་ཏུ་ངོས་འཛིན་ཐོག་མི་མང་པོ་ཞིག་བཀག་ཉར་དང་བཙོན་འཇུག་གི་གནས་སྟངས་བྱུང་ཡོད་པ་བཀོད་འདུག རྒྱ་ནག་གཞུང་ནས་ཆོས་སྡེ་ཁག་ཏུ་རྒྱ་གཞུང་གི་ལངས་ཕྱོགས་དང་འབྲེལ་བའི་ཐོག་སློབ་གསོ་དང་ཆོས་ཕྱོགས་ཀྱི་ལས་དོན་ནང་སློབ་མ་ཚོ་མཉམ་ཞུགས་བྱེད་མི་ཆིག་པ་སོགས་ཀྱི་བརྡ་ཁྱབ་ཡང་ཡང་གཏོང་བཞིན་པ་སོགས་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་ཁྲིམས་ལུགས་དང་དམ་དྲག་གི་ལས་དོན་དེ་དག་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཟླ་ཆགས་ཡོད་པ་ནན་བརྗོད་གནང་འདུག ལྷག་པར་དུ་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་ཙམ་མ་ཟད། བོད་ས་ཁྱོན་ལ་༸གོང་ས་མཆོག་གི་༸སྐུ་པར་ཉར་མི་ཆོག་པ་དང་ཆོག་ཅན་མེད་པར་ཆོས་ཕྱོགས་ཀྱི་འདུ་འཛོམས་བྱེད་མི་ཆོག་པ་སོགས་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ལས་དོན་སྤྱི་ཡོངས་ཐོག་དམ་དྲག་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་དུས་ནང་ལ་རྒྱ་ནག་གཞུང་ནས་བོད་སེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་བཏང་པའི་གནས་སྟངས་དེས་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་སྦྱོང་བྱེད་ས་རྩ་མེད་གཏང་རྒྱུ་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་ཐོག་དམིགས་བསལ་གྱི་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་མཚོན་རྟགས་ཤིག་ཡིན་པ་འགྲེལ་ཀྱིས་རྒྱལ་སྤྱིའི་ཐོག་ནས་དེར་དོ་སྣང་གནང་དགོས་གནད་ཡིན་པའི་འབོད་སྐུལ་གནང་ཡོད་པ་རེད། ཐེངས་འདིའི་སྙན་ཐོ་འདོན་སྤེལ་དང་འབྲེལ་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་རིགས་གནང་སྐབས་རྒྱ་གཞུང་གིས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་ལག་བསྟན་བྱེད་བཞིན་པའི་དམ་དྲག་ཅན་གྱི་སྲིད་རྣམས་བཅོས་སྒྱུར་དགོས་གལ་སྐོར་གླེང་སློང་གནང་དགོས་པ་སོགས་གསུངས་འདུག ཡུ་རོབ་གྲོས་ཚོགས་ཀྱི་ལོ་འཁོར་སྙན་ཐོ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ནས་འཚམས་འདྲི་དང་སྦྲགས། སྙན་ཐོ་འདི་ནི་རྒྱ་ནག་གཞུང་ནས་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཐོག་དམ་དྲག་བྱེད་བཞིན་པའི་བདེན་དཔང་མཚོན་པ་མ་ཟད་རྒྱ་གཞུང་ནས་རང་ཉིད་ཀྱི་སྲིད་བྱུས་ཁག་བསྐྱར་བཅོས་བྱེད་དགོས་པའི་སྐུལ་མ་ཞིག་ཀྱང་རེད་ཅེས་གསུངས་འདུག

བཀྲིས་དབང་ཕྱུག་ལགས་སུ་ནག་ཉེས་རྫུན་བཟོ་བྱས་ནས་ཁྲིམས་བཤེར་བྱས་པ་ཐེར་བཏོན།

མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡིག་ཆེའི་ཐོག་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་པྱུག་ལགས་སུ་ནག་ཉེས་རྫུན་བཟོ་བྱས་ཏེ་ཁྲིམས་ཆད་བཏང་བའི་གནས་ཚུལ་ཐེར་བཏོན་དང་འབྲེལ་ཁོང་ལ་རྡུང་རྡེག་མནར་གཅོད་ཚད་མེད་གཏང་རྒྱུར་སེམས་འཚབ་གནང་བཞིན་འདུག ཁ་ཉིན་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཉེ་ཆར་བཀྲིས་དབང་ཕྱུག་ལགས་ཀྱི་ཁྲམས་བཅད་ཐོག་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་སྟོན་པའི་ཤོག་ངོས་དྲུག་ཡོད་པའི་ཡིག་ཆ་དེ་དབྱིན་ཡིག་ཐོག་ཕབ་བསྒྱུར་གནང་འདུག་པ་དང་། ཤོག་གྲངས་བཞི་གཟའ་འཁོར་སྔོན་མའི་ནང་སྤྱི་ཚོགས་དྲྭ་རྒྱ་ཐོག་ཏུ་བཀོད་པ་དང་དེའི་ནང་བོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པའི་བཀྲིས་དབང་ཕྱུག་ལགས་ཀྱི་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་ཀྱིས་ཁོང་ནས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཐོག་གྲངས་ཉུང་མི་རིགས་ཀྱི་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་དོ་ཕོག་བཏང་བ་མ་ཟད་ཁ་བྲལ་གྱི་ལས་འགུལ་སྤེལ་བ་སོགས་ཀྱི་ཉེས་འཛུགས་འོག་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲིས་དབང་ཕྱུག་ལགས་སུ་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་རང་སོར་བཞག་ནས་ཁོང་གི་ཞུ་གཏུག་ལ་ངོས་ལེན་བྱས་མེད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། བཀྲིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ Liang Xiajun ལགས་ཀྱིས་ཕྱི་ཚེས་ ༢༣ ཉིན་རང་གི་ Twitter དྲ་གནས་ཐོག་བཀྲིས་དབང་ཕྱུག་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ཀུན་སློང་རྩ་བ་ནས་མེད་པ་དང་རྒྱ་གཞུང་གི་རྩ་ཁྲིམས་དགོངས་དོན་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་རྩོད་པ་ཞིག་ཡིན་སྐོར་མངོན་གསལ་གནང་འདུག དེ་འབྲེལ་གནས་ཚུལ་ཡོང་ཁུངས་གཞན་ཞིག་ཐོག་བཀྲིས་དབང་ཕྱུག་ལགས་སུ་ཁྲིམས་བཤེར་མ་བྱས་པའི་གོང་དུ་རྒྱ་ནག་གི་ལྷན་ཁང་ཞིག་ནས་ཁོང་ལ་ཉེས་འཛུགས་ཀྱི་ཆ་རྐྱེན་ཁག་ཚང་མེད་སྟབས་ཉེས་མེད་ཡིན་པའི་ར་སྤྲོད་གནང་ཡོད་པ་རེད་འདུག སྐུ་ཞབས་ Liang ལགས་ཀྱིས་སྤྱིར་རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་ན་བཙོན་འཇུག་འོག་ཡོད་པའི་གང་ཟག་དེར་ཉེས་རྡུང་དང་སྡིག་ར་སྐུལ་བའམ་ཁྲིམས་འགལ་གི་བཀག་སྐྱིལ་བྱས་པའི་བརྒྱུད་ནག་ཉེས་ཁས་ལེན་བྱེད་བཅུག་རྒྱུ་ནི་བྱ་མི་རུང་བ་ཞིག་ཡིན་པ་ཤེས་བཞིན་དུ་རྒྱ་གཞུང་གིས་ད་བར་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་དང་དེའི་ནང་ནས་བོད་མི་ཆབ་སྲིད་བཙོན་པའི་ཐོག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་དམའ་འབེབ་བྱ་རྒྱུ་དང་ཉེས་རྡུང་ཚད་མེད་བཏང་སྟེ་བཙན་དབང་གིས་ནག་ཉེས་ཁས་ལེན་བྱེད་བཅུག་བཞིན་པའི་ལམ་སྲོལ་དེ་ནི་དེ་སྔ་ནས་ཡོད་པ་ཞིག་ཆགས་ཀྱི་ཡོད་སྟབས། ད་རེས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་ཐོག་ལའང་བཙན་དབང་གིས་ནག་ཉེས་ཁས་ལེན་ཞུ་བཅུག་ཡོད་པའི་གནད་དོན་ཐད་རྒྱ་གཞུང་ནས་གསལ་བཤད་གང་ཡང་མེད་པ་དེས་བཀྲིས་དབ་ཕྱུག་ལགས་སུ་བཙན་དབང་གིས་ནག་ཉེས་ཁས་ལེན་བྱེད་བཅུག་པ་ཞིག་མཚོན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Mecacci ལགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཁང་ནས་བཀྲིས་དབང་ཕྱུག་ལགས་སུ་ཁྲིམས་ཐག་བཅད་པའི་ཁྲིམས་ཡིག་དེ་ནི་ཆེད་མངགས་བཟོ་སྐྲུན་བྱས་པའི་མི་བདེན་པའི་རང་བཞིན་ཞིག་དང་ལྷག་དོན་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁ་ཕྱོགས་བསྒྱུར་རྒྱུའི་བྱུས་ཤིག་ཡིན་པར་ཐེར་འདོན་དང་སྦྲགས། བཀྲིས་དབང་དབང་ཕྱུག་ལགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་དགོངས་དོན་བཞིན་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུའི་གོ་སྐབས་གནང་དགོས་སྐོར་རྒྱ་གཞུང་ལ་འབོད་སྐུལ་ཞུས་པ་ལས་ཁ་བྲལ་གྱི་ལས་འགུལ་གང་ཡང་སྤེལ་མེད་སྐོར་ནན་བརྗོད་གནང་འདུག ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Marco Rubio ལགས་ནས་ཀྱང་རྒྱ་གཞུང་གི་ཁྲིམས་ཁང་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་ཀྱི་ཞུ་གཏུག་ལ་ངོས་ལེན་བྱས་མེད་པ་དེ་ནི་འཕྱ་སྨོད་བྱ་འོས་པའི་ཁྲིམས་ལུགས་ཤིག་ཆགས་ཡོད་པར་སྐྱོན་བརྗོད་དང་འབྲེལ་ཏེ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་ནན་སྐུལ་གནང་འདུག

རྒྱ་གཞུང་ལ་བོད་མི་དང་ཡུ་གུར་གཙོ་གྱུར་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་མཚམས་འཇོག་དགོས་པའི་རེ་སྐུལ་གནང་བ།

ཉེ་ཆར་ཟླ་བ་འདིའི་ནང་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གི་ངོས་ནས་རྒྱ་ནག་ནང་གི་གནས་སྟངས་ཐད་བསྐྱར་ཞིབ་བྱས་རྗེས་ཁ་སང་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚོགས་ཆུང་ནས་དགོངས་འཆར་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། དེའི་ནང་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་ཐོག་མནར་གཅོད་དང་མང་ཚོགས་ཀྱི་སྤྱི་མང་ཐོབ་ཐང་ལ་དམ་གནོན་དང་། གཞུང་དང་ལྟ་ཕྱོགས་མི་མཐུན་པའི་བློ་འགོག་ཐབས་ཆེད་འཇིགས་སྐུལ་ལ་གདོང་ལེན། ཁ་བྲལ་ལ་གདོང་ལེན་སོགས་ཀྱི་ཁྲིམས་སྒྲིག་ལག་བསྟར་བྱེད་བཞིན་པ།  ལྷག་པར་དུ་བོད་མི་དང་ཡུ་གུར། ནང་སོག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཐེར་བཏོན་གྱིས་བོད་མི་དང་ཡུ་གུར་གཙོ་གྱུར་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་མཚམས་འཇོག་དགོས་པའི་རེ་སྐུལ་གནང་འདུག སྙན་ཐོ་དེའི་ནང་ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་དེའི་ཕྱི་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་བོད་མིའི་འགྲུལ་བསྐྱོད་ཀྱི་རང་དབང་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་མ་ཟད་བོད་ནང་གི་བོད་མི་རྣམས་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་ལག་འཁྱེར་ཧ་ལམ་རྩ་བ་ནས་སྤྲད་ཀྱི་མེད་པའི་གནད་དོན་དང། བོད་རང་སྐྱོང་ལྗོངས་ནང་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་རྒྱུའི་གནས་ཚད་དེ་རྒྱ་ཡིག་དང་བསྡུར་ན་སྲིད་བྱུས་དང་ལག་བསྟར་ཕྱོགས་གང་ཅིའི་ཐད་ནས་འདྲ་ཉམས་མེད་པར་དམ་དྲག་བྱེད་བཞིན་ཡོད་པ་རེད་འདུག བོད་ཡིག་ཡར་རྒྱས་ཐོག་ཕྱག་ལས་གནང་མཁན་རྣམས་ལ་ཁྲིམས་ཐོག་ནས་ཉེས་ཆད་བཏང་བ་མ་ཟད་ཁྲིམས་བཤེར་སོགས་ཀྱི་སྐབས་སུ་བོད་མི་རྣམས་ལ་སྐད་སྒྱུར་གྱི་མཐུན་གྱུར་མེད་པའི་གནད་དོན་མང་དག་ཞིག་གི་ཐོག་སེམས་འཚབ་ཡོད་སྐོར་གསུངས་པ་དང་འབྲེལ། རྒྱ་གཞུང་གིས་ཤེས་ཡོན་དང་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ནང་བོད་ཡིག་དང་བོད་སྐད་གང་མང་སྤྱོད་དགོས་པའི་སྐུལ་མ་གནང་ཐོག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་འདུག རྩ་བའི་ཉེ་སྔོན་རྒྱ་ནག་ནང་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་བསྐྱར་ཞིབ་ཐོག་རྒྱ་གཞུང་གིས་བོད་མི་གཙོ་གྱུར་གྲངས་ཉུང་མི་རིགས་ཐད་མནར་གཅོད་གཏོང་བཞིན་ཡོད་པའི་གླེང་སློང་གནང་ཁག་བདེན་པ་མིན་སྐོར་བཤད་ཡོད་པ་དེ་ལྟར་ཡང། ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་གིས་འགྲེལ་བརྗོད་བྱས་པ་དེ་བརྩི་མེད་ཀྱིས་རྒྱ་གཞུང་ནས་གྲངས་ཉུང་མི་རིགས་ཐོག་མནར་གཅོད་དང་མི་སྤྱོད་ལས་འདས་པའི་བྱ་ངན་སྤེལ་རྒྱུའི་ལས་དོན་དེ་དག་བཀག་སྡོམ་ཆེད་དེ་འབྲེལ་ལས་དོན་ཤུགས་ཆེ་སྤེལ་དགོས་གནད་ཡིན་སྐོར་གསུངས་འདུག ལྷག་པར་དུ་རྒྱ་གཞུང་གི་ངོས་ནས་འཇིགས་སྐུལ་དང་དྲག་སྤྱོད་རིང་ལུགས། དེ་བཞིན་ཁ་བྲལ་སོགས་གསལ་ཁ་མེད་པའི་ཐ་ཉད་དེ་དག་གིས་ཞི་བའི་ངང་གནས་བཞིན་པའི་སྤྱི་ཚོགས་ཐོག་ཉེས་འཛུགས་ཀྱི་ཆ་རྐྱེན་བསྐྲུན་སྲིད་པ་དང་གྲངས་ཉུང་མི་རིགས་དང་བོད་མི། ཡུ་གུར། ནང་སྲོགས་བཅས་ཀྱི་ཆོས་དད་གནང་མཁན་རྣམས་ཉེས་ཅན་པར་ངོས་འཛིན་བྱ་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་སྟབས་དེ་དག་ཐད་བློ་འཚབ་ཆེན་པོ་ཡོད་པའང་གསུངས་འདུག

གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་མཚམས་འཇོག་དགོས།

དེ་རིང་ཟླ་ ༨ ཚེས་ ༣༠ ཉིན་མོ་འདི་ནི་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོའི་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་རྨ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བ་དང། བཙོན་འཇུག་འོག་སྡུག་སྦྱོང་མྱོང་བཞིན་པའི་བོད་མི་ ༥༡ གི་གནད་དོན་འབུར་སྟོན་དང་འབྲེལ་བོད་ནང་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གནང་རྐྱེན་གར་སོང་ཆ་མེད་དུ་གྱུར་བའི་ཁྲིམས་མཐུན་རང་བཞིན་ལྟ་བུའི་གནས་སྟངས་དེ་དག་མཚམས་འཇོག་བྱེད་དགོས་པ་དང། ༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཐོག་བརྡ་ལན་ཁ་གསལ་བྱེད་དགོས་པར་འབོད་སྐུལ་གནང་སོང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་མེག་གྷན་ཁྲོམ་གཞུང་དུ་སྔ་དྲོ་ཚོུད་ ༡༠ ཐོག་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ངོ་སྤྲོད་དང། རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་སྐྱེ་བོ་སྲུང་སྐྱོབ་ཚོགས་ཆུང་གི་མཚན་ཐོག་ཏུ་རྒྱ་ནག་གཞུང་ཐད་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྙན་ལ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ཁྲིམས་མཐུན་ལྟ་བུའི་གནས་སྟངས་འོག་གར་སོང་ཆ་མེད་དུ་གཏང་རྒྱུའི་ལམ་སྲོལ་དེ་འཕྲལ་མར་མཚམས་འཇོག་དགོས་པ་དང། བོད་མི་ཆབ་སྲིད་བཙོན་པ་རྣམས་དང་ལྷག་པར་དུ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་རྒྱ་གཞུང་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐད་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་རྒྱ་ནག་ལ་ཆེད་བསྐྱོད་ཀྱིས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས། རྒྱ་གཞུང་གི་ཁྲིམས་མཐུན་ཐོག་གར་སོང་ཆ་མེད་དུ་གཏང་ཆོག་པའི་ཁྲིམས་སྒྲིག་མེད་པ་བཟོ་དགོས་པ། རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་སྐྱེ་བོ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ཐོག་མཚན་རྟགས་བཀོད་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ཆ་ནས་དེའི་ཐད་འགན་འཁུར་དང་བརྩི་བཀུར་བྱེད་དགོས་པ་བཅས་ཀྱི་རེ་འདུན་གནང་ཡོད། རྩ་བའི་རྒྱ་གཞུང་ནས་རྒྱལ་སྤྱིའི་གར་སོང་ཆ་མེད་ཀྱི་སྐྱེ་བོ་སྲུང་སྐྱོབ་ཀྱི་ཆིངས་ཡིག་ལ་མཚན་རྟགས་བཀོད་མེད་པ་མ་ཟད། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་བསྐྱར་བཅོས་གནང་བའི་ཉེས་ཁྲིམས་དོན་ཚན་ ༢༣ ནང་ཉེན་རྟོག་པའི་གདམས་ཁ་བྱས་པའི་ས་གནས་གང་རུང་ཞིག་ལ་ཟླ་དྲུག་དོགས་སྲུང་བྱེད་པ་དེ་ཁྲིམས་མཐུན་ཡིན་ཞེས་འཁོད་ཡོད་པ་མ་ཟད། གལ་ཏེ་གང་ཟག་ཞིག་གི་ནག་ཉེས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཇིགས་སྐུལ་རིང་ལུགས། ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཡོད་ཚེ་ཉེན་རྟོག་པས་གང་ཟག་དེའི་གཉེན་ཉེ་སོགས་ཀྱིས་ཤེས་རྟོགས་མི་ཐུབ་པའི་ས་གནས་ཤིག་ལ་བཞག་ན་འགྲིགས་ཀྱི་ཡོད་ཅེས་མཁོད་ཡོད། དེ་བཞིན་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ཁྱབ་ཁོངས་ཡིན་པའི་ལས་དོན་ཚོགས་ཆུང་དེ་རྒྱ་ནག་ལ་དཔྱད་ཞིབ་ཆེད་བསྐྱོད་ཆོག་པའི་འབོད་སྐུལ་ཞུས་ཀྱང་ཁས་ལེན་བྱས་མེད་པ་རེད། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ལོ་ནས་འདི་ལོ་བར་རྒྱལ་ཚོགས་ཀྱིས་དྲན་སྐུལ་རིམ་པ་བྱས་པར་ཡ་ལན་གང་ཡང་བྱས་མེད།

རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་མི་ཚོས་ཆོས་དད་ལ་དམ་དྲག་ཆེ་རུ་བཏང་འདུག

སྲིད་འཛིན་ཞི་ཅིང་ཕིང་གིས་བཏང་འཛིན་འོག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཀྱི་སྤྱོད་ལམ་དང་འབྲེལ་བའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཞེས་པ་དེར་བསྐྱར་བཅོས་བྱས་ནས་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་དད་ལ་དམ་དྲག་ཆེ་རུ་བཏང་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དབུས་དམར་ཤོག་ཚོགས་པས་ཉེ་ཆར་ཟླ་བ་འདིའི་ཚེས་ ༢༦ ཉིན་དེ་སྔ་གཏན་འབེབས་ཟིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་བསྐྱར་བཅོས་དང་འབྲེལ་ཏེ་དེའི་ནང་འཁོད་པའི་དོན་ཚན་ ༡༠༠ ལྷག་གི་ནང་ནས་དོན་ཚན་ ༥ ལ་བཅོས་སྒྱུར་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་བརྒྱུད་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་གཏོར་བཤིག་གཏང་ཚེ་དོ་བདག་དེ་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་དང་དེ་བཞིན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་འཛུལ་ཞུགས་བྱེད་མཁན་ཚོགས་མི་གཞན་ཚོའི་ངོས་ནས་ཉེས་པ་ཇི་བསགས་ལ་གཞིགས་པའི་ཉེན་བརྡ་དང་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་བྱས་འདུག རྩ་བའི་དེ་སྔ་གཏན་འབེབས་བྱས་པའི་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དེའི་དོན་ཚན་ལྔ་པའི་ནང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་བརྒྱུད་ཚོགས་པའི་སྲིད་བྱུས་དང་ཐག་གཅོད་ལ་ངོ་རྒོལ་བྱས་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏང་ཚེ་དེའི་བྱུས་བཀོད་པ་དང་སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་དམར་ཤོག་ཚོགས་པའི་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་པ་ཙམ་གྱིས་གནས་ཚུལ་ཆེ་ཆུང་ལ་གཞིགས་པའི་ཉེན་བརྡ་གཏང་རྒྱུའམ་ཆད་པ་གཅོད་རྒྱུ་བཅས་འཁོད་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དེའི་ནང་ད་དུང་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ནས་ཆབ་སྲིད་ཀྱི་གཏམ་འཆལ་རིགས་སྤེལ་བའི་བརྒྱུད་དམར་ཤོག་ཚོགས་པའི་མཐུན་སྒྲིལ་ལ་གཏོར་བཤིག་གཏང་ཚེ། དོ་བདག་དེའི་ཉེས་པ་ཇི་བསགས་ལ་གཞིགས་པའི་ཉེན་བརྡ་དང་ཚོགས་པ་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པའི་དོན་ཚན་གསར་པ་ཞིག་ཁ་སྣོན་བྱས་འདུག འདི་གའི་གསར་འགོད་པས་གནད་དོན་དེའི་ཐད་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་པར་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་བསྐྱར་བཅོས་བྱས་པ་དེ་ནི་གཙོ་བོ་དམར་ཤོག་ཚོགས་མི་རྣམས་ཀྱི་སྒྲིག་ཁྲིམས་ཆེས་དམ་དུ་གཏང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ལྷག་དོན་ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་སྟེ་བོད་མི་གཙོ་གྱུར་ཡུལ་དེའི་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་བྱེད་ཕྱོགས་ཀྱི་ཐོག་དམིགས་བསལ་བཏང་འཛིན་གྱིས་སྒྲིག་ཁྲིམས་གསར་གཏོད་བྱེད་བཞིན་པ་དེ་དག་བརྒྱུད་ཞི་ཅིང་ཕིང་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཤུགས་ཆེན་པོར་གནས་ཡོད་པ་མཚོན་གྱི་ཡོད་སྐོར་གསུངས་པ་མ་ཟད། དེ་སྔ་ནང་ཆོས་ཀྱིས་མ་འོངས་པར་རྒྱ་ནག་ཡར་རྒྱས་འགྲོ་རྒྱུར་ཁེ་ཕན་ཡོད་ཚུལ་བརྗོད་པ་དེ་དོན་ངོ་མ་ལག་བསྟར་ལ་ཐུག་སྐབས་ལྡོག་ཕྱོགས་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་མངོན་གྱི་ཡོད་པ་གསུངས་སོང་།

རྒྱ་གཞུང་ལ་དངངས་ཚབ་ཞིག་ཡོད་རྐྱེན་ཁ་བྲལ་བར་རྡུང་རྡེག་གཏོང་དགོས་ཞེས་བརྗོད་ཀྱི་ཡོད།

རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་འགོ་གཙོ་ Wang Yang ཡིས་ཟླ་བ་འདིའི་ཚེས་ ༢༤ ནས་ ༢༦ བར་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ལས་དོན་རྟོག་ཞིབ་ཆེད་བསྐྱོད་ཡོད་པ་དང་། ཕྱི་ཚེས་ ༢༦ ཉིན་ཁོ་པ་རྒྱལ་ས་ལྷ་སར་འབྱོར་སྐབས་ས་གནས་ཡུལ་མི་དང་གྲྭ་བཙུན་རྣམས་ལ་གཏམ་བཤད་ཞིག་སྤེལ་བའི་བརྒྱུད་ས་གནས་བོད་མི་རྣམས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་སྤྱི་ལ་རྒྱབ་སྐྱོར་དང་། ལྷག་དོན་རྒྱ་ནག་གི་ཆིག་སྒྲིལ་ནུས་པ། གྲངས་ཉུང་མི་རིགས་ཀྱི་མཐུན་སྒྲིལ། སྤྱི་ཚོགས་ཀྱི་གཏན་ལྷིང་བཅས་ལ་དམིགས་ཏེ་བོད་ནང་གི་ཁ་བྲལ་རིང་ལུགས་པ་རྣམས་ལ་འགོག་རྒོལ་ཤུགས་ཆེ་ཙམ་བྱེད་དགོས་པ་མ་ཟད་དུས་རྟག་ཏུ་བདེ་འཇགས་ཀྱི་སླད་དོགས་ཟོན་དང་གྲ་སྒྲིག་ཨང་གསར་དགོས་ཞེས་བརྗོད་ཡོད་པ་རེད། ས་གནས་ཀྱི་དགོན་སྡེ་གྲྭ་ཚང་ཁག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་མཐུན་པ་ཞིག་དགོས་པ་མ་ཟད་གྲྭ་བཙུན་རྣམས་ནས་ཀྱང་སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་སླད་ཁ་བྲལ་བར་གདོང་ལེན་བྱེད་དགོས་ཞེས་ནན་བརྗོད་བྱས་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་ Wang Yang ཡི་གཏམ་བཤད་དང་འབྲེལ་བའི་བཅར་འདྲི་ཞུས་པར་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱུན་དུ་བོད་ཐོག་འཛིན་པའི་སྲིད་བྱུས་ཐད་གཏམ་བཤད་སྐབས་སུ་བོད་མི་རྣམས་ཁ་བྲལ་བ་ཡིན་པ་དང་། ཁ་བྲལ་བར་རྡུང་རྡེག་བྱེད་དགོས་ཞེས་བཤད་ཀྱང་། དོན་དངོས་ཐོག་བོད་ནང་གཏན་ལྷིང་མེད་པ་དང་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་སྲིད་བྱུས་ཐོག་མི་མང་ཚོ་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་སྟབས། རྒྱ་གཞུང་ལ་དངངས་ཚབ་ཞིག་བྱུང་རྐྱེན་ཁ་བྲལ་བར་རྡུང་རྡེག་གཏོང་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་། རྩ་བའི་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད། རྒྱ་ནག་དང་ཁ་བྲལ་མ་ཡིན་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཡང་ནས་ཡང་དུ་ཁ་བྲལ་བ་ཞེས་པའི་ཐ་སྙད་གཙོ་འཛིན་བརྒྱུད་བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བཅངས་པའི་དད་གུས་དང་། བོད་ནང་༸གོང་ས་མཆོག་གི་མཛད་འཕྲིན་གྱི་ནུས་པ་ཆུང་དུ་གཏོང་ཐབས་ཐོག་འབད་འབུངས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ཉེ་ཆར་བོད་ནང་གི་སློབ་གྲྭའི་དབྱར་ཁའི་གུང་སེང་སྐབས་སུའང་ལྷ་ས་གྲོང་ཁྱེར་གྱི་སློབ་མ་རྣམས་ཆོས་ལུགས་ཀྱི་བྱེད་སྒོར་མཉམ་ཞུགས་མི་བྱེད་པའི་མིང་རྟགས་བཀོད་བཅུག་པ་སོགས་ཀྱི་བཀག་སྡོམ་དང་དམ་དྲག་རིགས་མུ་མཐུད་བྱེད་བཞིན་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལྟེ་གནས་ཁག་ལ་བོད་པ་རྫུན་མས་ཁེངས་ཡོད་པ།

དེང་སྐབས་བོད་ནང་རྒྱ་ནག་ནས་རྒྱ་མི་ཧ་ཅང་མང་པོ་ཉིན་རེ་བཞིན་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་དུས་མཚུངས་བོད་ནང་གི་བོད་མིའི་འཚོ་བའི་ཐད་ཉིན་རེ་ལས་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་འདུག འདས་པའི་ལོ་བཞི་ལྔའི་གོང་ནས་བོད་རང་སྐྱོང་ལྗོངས་མངའ་ཁུལ་གྱི་ཡུལ་སྐོར་ལྟེ་གནས་ཁག་ལ་བོད་མི་འགྲོ་བསྐྱོད་ཆོག་པ་དང་ཚོང་གཉེར་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་འཚོ་བའི་ཡོང་བབ་ཀྱང་གང་ཙམ་ཡག་པ་ཡོད་ཀྱང་། དེང་སྐབས་དེ་ལས་ལྡོག་པའི་ཡུལ་སྐོར་གྱི་ལྟེ་གནས་དེ་དག་ལ་བོད་མི་ཚོང་གཉེར་བྱེད་ཆོག་གི་མེད་པ་དང་དེའི་ཚབ་ཏུ་ས་གནས་དེ་དག་ལ་རྒྱ་མི་ཚོང་པ་ཤ་སྟག་གིས་ཁེངས་ཡོད་པ་ལས་བོད་མི་མཐོང་རྒྱུ་མེད་པར་གྱུར་ཡོད་པ་རེད་འདུག དཔེར་ན་ཀོང་པོ་དང་ལྷོ་ཁ། བྱང་གནམ་མཚོ་སོགས་བོད་ཀྱི་ཡུལ་སྐོར་ལྟེ་གནས་གལ་ཆེ་ཚང་མ་རྒྱ་མིས་བདག་བཟུང་བྱས་ཡོད་པ་མ་ཟད་རྒྱ་མི་ཚོང་པ་དེ་དག་གི་མིང་ལ་བོད་མིང་བཏགས་པ་དང་བོད་ཆས་གྱོན་ཏེ་བོད་མིར་བརྫུས་ཏེ་ཡུལ་སྐོར་བ་ཚོར་གཡུ་དང་བྱུ་རུ་སོགས་རྒྱན་ཆ་དང་དངོས་ཆས་རྙིང་པའི་རིགས་རྫུན་མ་ཤ་སྟག་ཚོང་གཉེར་བྱས་ནས་མགོ་སྐོར་གཏོང་མུས་ཡིན་པ་རེད་འདུག ལྷག་དོན་བོད་མི་ཚོའི་ལས་ཀ་ཤོར་བ་ཙམ་མ་ཟད་བོད་མིའི་ཆེ་མཐོང་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་འདུག འདི་ལོ་ཟླ་བ་ཁ་ཤས་སྔོན་དྲ་ལམ་ཁག་ཏུ་ལྷ་ས་འམ་གཞིས་ཁ་རྩེ་གང་རུང་ཞིག་ཏུ་ལུས་ལ་ཀོང་པོའི་བོད་ཆས་གཙང་མ་སྤྲས་པའི་གཞོན་ནུ་མ་ཞིག་གིས་རྒྱ་སྐད་ཧ་ཅང་བདེ་པོའི་སྒོ་ནས་རྒྱ་མི་ཡུལ་སྐོར་བ་ཚོར་བོད་དང་བོད་མིའི་སྐོར་ལ་འགྲེལ་བཤད་རྒྱག་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་ནང་ཁྱབ་པ་དེར་དྲ་ལམ་ཐོག་བེུད་དེ་ནི་བོད་མིར་བརྫུས་པའི་རྒྱ་མོ་འཁྲུལ་མེད་ཞིག་ཡིན་སྐོར་གླེང་སློང་མང་པོ་བྱུང་ཡོད་པ་རེད། དེང་སྐབས་བོད་ནང་སློབ་གྲྭ་ཆེན་མོ་ཐོན་པའི་བོད་ཕྲུག་ཚོར་ལས་ཀ་མ་རག་པའི་གྲངས་འབོར་ལོ་རེ་བཞིན་འཕར་བཞིན་ཡོད་པ་དང་དེའི་རྒྱུ་མཚན་ནི་བོད་ནང་གནས་སྡོད་རྒྱ་རིགས་སློབ་ཕྲུག་གྲངས་འབོར་དེ་བོད་རིགས་ལས་མང་བ་ཡོད་པ་དང་ལོ་རེ་བཞིན་ལས་ཞུགས་ཡིག་ཚད་ཁག་པོ་གཏོང་བ། ལས་ཀའི་ས་མིག་ཀྱང་རྒྱ་རིགས་ཚོར་མང་བ་སྤྲོད་ཀྱི་ཡོད་སྟབས་ཕ་མ་ཚོས་འགྲོ་གྲོན་འབོར་ཆེན་བཏང་ཏེ་སློབ་གྲྭ་ཆེན་མོ་ཐོན་པའི་བོད་རིགས་སློབ་ཕྲུག་མང་ཆེ་བར་ལས་ཀ་མ་རག་པའི་དཀའ་ངལ་ཡང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པར་བརྟེན་སློབ་ཆེན་ཐོན་རྗེས་ལས་ཀ་མ་རག་པའི་བོད་སློབ་ཁྲི་ལྔ་ཡས་མས་ཤིག་ཡོད་པའི་གནས་ཚུལ་ཡང་ཐོན་འདུག དངུལ་གྱི་ཁེ་ཕན་ཡོད་པའི་ས་ཚིགས་ཁག་ཚང་མ་རྒྱ་མི་རིགས་ཀྱིས་བཟུང་ཡོད་ཅིང་ནང་མ་ཁང་དང་ཨར་སོགས་ནང་བོད་མིས་ཁེངས་ཡོད་ཀྱང་རྒྱུན་གཏན་གྱི་སྐད་ཆ་ཡང་བོད་རྒྱ་སྐད་གཉིས་ཀྱི་སྐད་འདྲེས་མའི་ཐོག་ནས་གླེང་མོལ་གནང་གི་ཡོད་སྟབས་བོད་སྐད་གཙང་མ་སྤྱོད་མཁན་དཀོན་པོ་ཆགས་ཡོད་པ་རེད་འདུག

Latest news