བགྲོ་གླེང་།
རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།
རྒྱལ་ཁབ་ ༣༢ ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་རྡ་རམ་ས་ལའི་སྤྱི་བསྒྲགས་སྤེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་དམིགས་བསལ་ཚོགས་ཆེན་དབུ་འཛུགས་གནང་སོང་།
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འགོ་འཛུགས་དང་འབྲེལ་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དགོས་པ་ནན་བརྗོད།
རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་ཤར་རྩེའི་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འགོ་འཛུགས་གནང་སོང་བ་དང་འབྲེལ། རང་དབང་ལུང་པའི་ནང་ཡོད་པའི་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཡིན་པ་ནན་བརྗོད་གནང་སོང་།
དེ་ཡང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་གོ་སྒྲིག་འོག་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་འདི་བཞིན། དེ་རིང་ཕྱི་ཟླ་ ༡ ཚེས་ ༢༡ ཉིན་རྒྱབ་ཕྱག་ཚོད་ ༢ ནས་འགོ་འཛུགས་ཀྱིས་ཚེས་ ༢༦ བར་ཉིན་གྲངས་དྲུག་རིང་འཚོགས་བཞིན་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཞྭ་སེར་བསྟན་པའི་གསལ་བྱེད་མཚུངས་མེད་ཤར་པ་ཆོས་རྗེ་༸རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་གིས་དབུས་པའི་དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས། སྐུ་མགྲོན་གཞན། མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༨ པའི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་མཐོ་སློབ་དང་དགོན་སྡེ་ཁག་ ༣༠ ལྷག་ནས་ཚོགས་བཅར་བ་དང་ཧྥ་རན་སི་དང་སུད་སི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སློབ་མ་བཅས་ཁྱོན་མི་གྲངས་ ༨༠ ཙམ་ནས་ལྷན་ཞུགས་གནང་འདུག
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས། ད་བར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ ཚོགས་ཐུབ་ཡོད་པར་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་དང་འབྲེལ། འཛམ་གླིང་འདིའི་ནང་ཤེས་ཡོན་ཡོད་པའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་རྒྱ་ཆེ་སྒྲུབ་བཞིན་ཡོད་པའི་སྐྱེ་བུ་དེ་དག་ལ་ཁ་མིག་ཡར་ལྟ་བྱས་ནས། སོ་སོ་རང་ཉིད་ཀྱང་དེ་མཚུངས་ཀྱི་དམིགས་ཡུལ་རྒྱ་ཆེར་འཛིན་ན། མ་འོངས་པར་དེ་ལྟར་བསྒྲུབ་རྒྱུ་ངེས་པ་ཡིན་སྟབས་པར་དེའང་གཞན་ལ་ཕན་ཐོགས་དགོས་རྒྱུ་གལ་ཆེན་པོ་ཡིན་མ་ཟད། བོད་ཀྱི་སྐད་དང་ཡི་གེ་ལ་གཅེས་འཛིན་དང་། དེང་དུས་ཀྱི་སློབ་སྦྱོང་ཡོད་པའི་ཐོག་ནས་ཡ་རབས་བཟང་སྤྱོད་ལྡན་པའི་མི་ཞིག་བྱ་དགོས་གལ་སོགས་ཀྱི་ལམ་སྟོན་གནང་སོང་།
དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས། སྔ་ལོའི་ཚོགས་ཆེན་ཐོག་སྐབས་ ༡༨ འདི་བཞིན་དགའ་ལྡན་ཤར་རྩེར་འཚོགས་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་སྟེ་ལན་གསལ་འབྱོར་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་བ་དང་འབྲེལ། འབྲེལ་ཡོད་གྲྭ་ཚང་གི་སྡེ་ཁག་ནས་མཐུན་འགྱུར་ཞུས་ཡོད་པ་མ་ཟད། ད་རེས་ཚོགས་ཆེན་དེའི་བརྒྱུད་ནས་བློ་སྐྱེད་ཡོང་རྒྱུར་འབད་བརྩོན་གནང་གལ་དང་། དུས་ཚོད་ཆུ་ཟོས་སུ་མ་ཡོང་བ་བྱ་དགོས་ཤིང་། མ་འོངས་བོད་ཀྱི་ཆབ་སྲིད་དང་དགོན་སྡེ་ཁག་གི་འཛིན་སྐྱོང་སྤེལ་གསུམ་དེ་དག་མི་རབས་གསར་པར་ཐུག་ཡོད་སྟབས། དེའི་ཐོག་གོ་རྟོགས་དང་ཤེས་ཡོན་ཡག་པོ་ཤིག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སོགས་གནང་སོང་།
དམིགས་བསལ་སྐུ་མགྲོན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས། རྩ་ཆེ་བའི་བཀའ་འགྱུར་དང་བསྟན་འགྱུར་དེ་དག་བོད་ཡིག་ནང་བཞུགས་ཡོད་ཅིང་། དེ་དང་འབྲེལ་ནས་རིག་གཞུང་རྒྱུན་འཛིན་གནང་དགོས་གལ་ཡིན་པ། ཆོལ་གསུམ་གཅིག་སྒྲིལ་ནི་སྐད་ཡིག་གི་མཚོན་ཐུབ་ཀྱི་ཡོད་པ། མ་ཟད་སྤྱི་ནོར་༸གོང་ས་༸སྐྱབས་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་མ་ཐག་བོད་པའི་སློབ་གྲྭ་ཟུར་འཛུགས་ཀྱིས་ད་བར་བོད་མི་རིགས་ཀྱི་ངོ་བོ་རྒྱུན་མཐུད་ནས་འཛིན་ཡོད་པར། མ་འོངས་པ་ལའང་གཞོན་སྐྱེས་ཚོས་དེ་བཞིན་རྒྱུན་འཛིན་གནང་དགོས་གལ་ཡིན་པའི་དྲན་སྐུལ་གནང་སོང་། ལྷག་པར་ད་ལྟའི་ཆར་རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་ལ་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ནས་སྐད་ཡིག་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་བརྡ་ལན་གནང་སོང་།
རྩ་བའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཕྱི་ལོ་ ༢༠༠༦ ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་ཆེན་དེའི་བརྒྱུད་ནས་བཙན་བྱོལ་ནང་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་གནའ་དེང་གི་ཤེས་ཡོན་ལྡན་པའི་གཞོན་སྐྱེས་ཕན་ཚུན་བར་ཤེས་ཡོན་བརྗེ་རེས་དང་། མཉམ་སྤྱོད་སོགས་ཀྱི་གོ་སྐབས་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད་འདུག ལྷག་པར་ད་ལོ་༸རྒྱལ་བའི་གོ་སྟོན་སྲང་བརྩི་དང་འབྲེལ་ནས་བགྲོ་གླེང་གནང་ཕྱོགས་རྒྱུན་ལྡན་དང་རྣམ་པ་ཅུང་ཟད་མི་འདྲ་བ་དེའང་བགྲོ་གླེང་ཉིན་དང་པོར། བདེ་སྐྱིད་ཀྱི་བསྟན་བཅོས་དང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། ཕྱི་ཡུལ་དུ་རང་དབང་། བོད་དང་བོད་མིའི་མགྲིན་ཚབ་བཅས་༸རྒྱལ་བའི་གསུང་རྩོམ་གྲངས་ཅན་པོད་དྲུག་གི་དོན་གནད་གལ་ཆེ་བ་ཁག་གཅིག་བརྗོད་གཞིར་བཟུང་སྟེ། བགྲོ་གླེང་དང་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། ཉིན་གཉིས་པར། ཕྱི་ལོ་ ༡༩༥༩ རྗེས་ཀྱི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང་འགྱུར་ལྡོག བོད་ཕྱི་ནང་གཉིས་ཀྱི་སྐད་ཡིག་གི་གནས་བབ། མི་བཟོས་རིག་ནུས་སྟེ། AI ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གོང་འཕེལ་གཏོང་ཕྱོགས། རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཤུགས་རྐྱེན། བཙན་བྱོལ་ནང་གི་བོད་སྨན་གྱི་གནས་བབ་སོགས་ཀྱི་བརྗོད་གཞིའི་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་སྐོར་ལ་བགྲོ་གླེང་དང་བྱེད་སྒོ་ཁག ཉིན་གསུམ་པར། དུས་རབས་ཉེར་གཅིག་པའི་འགྲོ་བ་མིའི་རིགས་ལ་ནང་ཆོས་ཀྱི་ཕན་པའི་ཐབས་ལམ་དང་། ནང་ཆོས་ནས་གསུངས་པའི་ལས་ཀྱི་རྣམ་གཞག་དང་ཚན་རིག་གི་རིགས་རྫས་གཉིས་བར་མཚུངས་བསྡུར་སོགས་ཀྱི་བརྗོད་གཞི་འོག་བོད་ཀྱི་ཆོས་དང་རིག་གསར་ཚན་རིག་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་བྱེད་སྒོ་ཁག ཉིན་བཞི་པར་མཆོད་མཇལ་དང་གནས་བཤད། ཤེས་ཡོན་ལྟ་སྐོར། ཉིན་ལྔ་པར་དེང་སྐབས་རྒྱུགས་ཆེ་བའི་སྒོམ་གྱི་འཆད་ཁྲིད་དང་སྒོམ་གྱི་ལས་རིམ་བཅས་གོ་སྒྲིག་ཞུས་འདུག
འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༨ པའི་ཚོགས་གཙོ་བློ་བཟང་རབ་བརྟན་ལགས་སུ་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།
གཞི་རྩའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༧ དེ་སྔ་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་ཡོད་པ་རེད།
འབྲས་སྤུངས་བློ་གསལ་གླིང་དུ་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོའི་སྐོར་རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུགས།
བྱེས་ཀྱི་གདན་ས་ཆེན་མོ་འབྲས་སྤུངས་བློ་གསལ་གླིང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་ཆེན་མོའི་མཛད་སྒོ་སྲུང་བརྩི་དང་རིས་མེད་མཁས་པའི་བགྲོ་གླེང་ཞིག་དབུ་འཛུགས་གནང་འདུག
དེ་ཡང་ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་ལ་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་ལྷ་ཕྱག་གྲངས་མེད་དང་བཅས་དགའ་དད་སྤྲོ་གསུམ་གྱིས་གོ་སྟོན་ཆེན་མོའི་མཛད་སྒོ་སྲུང་བརྩི་ཞུས་པ་མ་ཟད། དེ་རིང་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དབུ་བཞུགས་ཐོག་སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུས། སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆེད་མཁས་པ། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་བཅས་ཆོས་བརྒྱུད་ཆེན་པོ་ཁག་གི་མཁས་པ་དང་དགེ་བཤེས། དགེ་བཤེས་མ་སོགས་ཁྱོན་མི་གྲངས་ ༣༥༠ ལྷག་ལྷན་འཛོམས་ཐོག་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཆེན་མོའི་སྐོར་རིས་མེད་མཁས་པའི་བགྲོ་གླེང་ཞིག་དབུ་འབྱེད་གནང་འདུག
འདི་ག་རླུང་འཕྲིན་ཁང་གིས་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཁོངས་སུ་ཡོད་པ་འབྲས་སྤུངས་བློ་གསལ་གྱི་བླ་མ་གཞུང་ལས་པ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་དཔལ་མཆོག་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་འབྲས་སྤུངས་བློ་གསལ་གླིང་དུ་ལོ་ལྟར་གཞུང་ཆེན་བཀའ་པོད་ལྔའི་ཐོག་མཁས་པའི་བགྲོ་གླེང་སྣ་མང་གོ་སྒྲིག་ཞུས་ཀྱི་ཡོད་ཀྱང་ད་ལན་རིས་མེད་ཆོས་བརྒྱུད་ཁག་གི་མཁས་པ་དང་དགེ་བཤེས། དགེ་བཤེས་མ་སོགས་གདན་ཞུས་ཀྱིས་བགྲོ་གླེང་འདི་རིགས་ཚོགས་པ་ཆེས་ཐོག་མ་ཡིན་ཞེས་གསུངས་སོང་།
ད་ལན་གྱི་རིས་མེད་མཁས་པའི་བགྲོ་གླེང་དེ་བཞིན་དེ་རིང་ནས་དབུ་འཛུགས་ཀྱིས་ཟླ་ ༡ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་འཚོག་གནང་གི་ཡོད་ཅིང་། དེའི་ནང་༸རྒྱལ་བའི་མཛད་རྣམ་དང་སྤྱོད་འཇུག་ཐོག་རྒྱུད་མངའ་ཆེན་པོ་ཡོད་པའི་མཁས་དབང་ ༢༤ ཡིས་སྤྱོད་འཇུག་ལེའུ་དགུ་པ་བར་གྱི་དཔྱད་རྩོམ་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ། དེ་བཞིན་ཉིན་མཐའ་མའི་ཉིན་རྒྱབ་བགྲོ་གླེང་གི་མཇུག་སྡོམ་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད།
རྩ་བའི་འབྲས་སྤུངས་བློ་གསལ་གླིང་གི་མཁན་བླ་འདུས་མང་ཡོངས་ནས་ཁ་སང་༸རྒྱལ་བའི་གོ་སྟོན་དང་བསྟུན་སྔ་དྲོ་༸རྒྱལ་བའི་གཟིམས་ཆུང་དུ་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་འདེགས་འབུལ་ཞུས་རྗེས་དངོས་གཞིའི་མཛད་སྒོ་ཟབ་རྒྱས་ཤིག་གོ་སྒྲིག་ཞུས་པའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་དབུས། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག སྒོ་མང་དང་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ས་གནས་གཞིས་འགོ། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་བཅས་མཉམ་ཞུགས་གནང་ཡོད་པ་རེད།
སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ཀི་རེན་རི་ཇི་ཇུ་མཆོག་གིས། ད་ལྟའི་འཛམ་གླིང་ནང་མི་མཐུན་པ་དང་འཁྲུག་རྩོད་ཀྱི་གནས་སྟངས་འོག་ཏུ་༸གོང་ས་མཆོག་གིས་བཏོན་གནང་མཛད་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ལམ་ནི་གལ་ཆེན་པོ་ཡིན་པ་གསུངས་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནི་གནའ་བོའི་རྒྱ་གར་གྱི་ཤེས་བྱའི་མཛོད་ཡིན་པ་བརྗོད་དེ་ཏཱ་ལའི་བླ་མ་མཆོག་ནི་གནའ་བོའི་ཤེས་རིག་དང་དེང་རབས་ཀྱི་འཛམ་གླིང་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་གསུངས་འདུག
སྐུ་ཞབས་ཁོང་གིས་ད་དུང་རྒྱ་གར་ནང་གི་བོད་མིའི་སྤྱི་ཚོགས་ལ་གཞུང་ནས་མཁོ་བའི་རྒྱབ་སྐྱོར་ཡོད་ཚད་གནང་རྒྱུའི་ཁས་ལེན་གནང་འདུག་ཅིང་། གཞན་ཡང་ཨུཏྟ་ར་ཀཎ་ཌ་ནས་གྲོས་ཚོགས་འཐུས་མི་ Vishveshwarayya Hegde Kageri ཡིས་ཏཱ་ལའི་བླ་མ་ནི་ཞི་བདེ་དང་མཐུན་སྒྲིལ་གྱི་བརྡ་ལན་འཛམ་གླིང་ཡོངས་ལ་སྤེལ་བའི་སྐྱེས་བུ་དམ་པ་ཞིག་ཡིན་པ་གསུངས་འདུག
མ་ཟད་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་གསུང་བཤད་གནང་བའི་ནང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་བོད་རྒྱ་ཆེ་མང་ཚོགས་རྣམས་མཐུན་ལམ་རྡོག་རྩ་གཅིག་དྲིལ་ཐོག་ནུས་པ་མཉམ་སྤུངས་དང་ཕྱོགས་གཅིག་ཏུ་ཁྲིད་ཐབས་སླད་འབད་བརྩོན་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མོན་རྟ་དབང་ནང་རྒྱལ་སྤྱིའི་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་དབུ་འཛུགས།
མོན་རྟ་དབང་ནང་རྒྱལ་སྤྱིའི་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་དབུ་འཛུགས།
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༡ པ་དབུ་འཛུགས།
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༡ པ་དབུ་འཛུགས།
ཀིརྟིའི་བྱེས་པ་གྲྭ་ཚང་ནས་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་པ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པར་ལོ་འཁོར་མོ་བྱམས་བརྩེ་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་བཞུགས་སྒར་དྷརྨ་སཱ་ལཱར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་གོ་སྒྲིག་འོག་གྲྭ་ཚང་དེ་ཉིད་ཀྱི་ཆོས་ཁང་ནང་དུ་༸སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་ཚོགས་སོང་བ་དང་། སྐབས་དེར་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་དབུས་པའི་གསུང་བཤད་པ་མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ། མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་དང་སློབ་སྤྱི་ཟུར་པ་སློབ་དཔོན་དཀོན་མཆོག་འཇིགས་མེད། དེ་བཞིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་རེ་མདོ་སེངྒེ། དེ་བཞིན་བླ་གྲྭ་དགེ་འདུན་འདུས་མང་བཅས་ལྷན་ཞུགས་གནང་སོང་།
སྐབས་དེར་དབུ་འབྱེད་གསུང་བཤད་ཁྲོད། མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས། ད་རེས་ཀྱི་བགྲོ་གླེང་འདི་བཞིན་སྔ་ལོའི་ཕྱི་ཟླ་ ༡ པོའི་ནང་ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་དགེ་ལུགས་སྨོན་ལམ་ཆེན་མོ་འཕར་མ་འཚོགས་བཞིན་པའི་སྐབས། རང་གཞུང་ཆོས་རིག་ལས་ཁུངས་ནས་རྗེས་ལོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ཐད་བཀའ་ཡིག་ཕེབས་དོན་ལྟར། ལས་སྣེ་རྣམ་པ་གོ་བསྡུར་གྱིས་ད་རེས་བགྲོ་གླེང་འདི་ཚོགས་ཐུབ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༡ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཕར་མ་དང་འབྲེལ། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། དེ་ནི་ཀིརྟིའི་བྱེས་པ་གྲྭ་ཚང་ཙམ་མིན་པ་གསུངས་སོང་། མ་ཟད་རྗེ་རིན་པོ་ཆེ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་པའི་ཐད་ཕྱག་དེབ་ཅིག་རྩོམ་སྒྲིག་ཞུ་མུས་ཡིན་པ་བཅས་གོ་སྟོན་སྲུང་བརྩིའི་ལས་རིམ་གསུམ་ལ་ཆ་བགོས་ཞུས་ཡོད་པ་གསུངས་སོང་།
བགྲོ་གླེང་དེའི་ཐོག་མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས་འཕྲོས་པའི་གཏམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་གི་མཛད་པ་ནི། ཆོས་ཕྱོགས་ནས་ཞུས་ན་དགྲ་གཉེན་གཉིས་ལ་བརྩེ་བ་ཅན་དང་། ཐབས་ཤེས་ཟུང་འབྲེལ། མདོ་སྔགས་ཟུང་འབྲེལ། རང་དོན་དང་གཞན་དོན་ལྷུན་གྲུབ་བཅས་ཡིན་ཞིང་། འཇིག་རྟེན་ཐོག་ནས་ཞུས་ན་ཆོས་སྲིད་བཟུང་འབྲེལ། གནའ་དེང་ཟུང་འབྲེལ། རྒྱ་བོད་གཉིས་ལ་སྨན་པ་གནང་མཁན། ཕོ་མོ་འདྲ་མཉམ་གནང་མཁན། སྐྱ་སེར་དང་རྒན་གཞོན་བར་ཡོངས་རྫོགས་ལ་ཕན་ཐོགས་གྲུབ་མཁན། ཆོས་བརྒྱུད་དང་ཆོས་ལུགས་རིས་མེད། མི་རིགས། མདོར་ན་འགྲོ་བ་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཞིག་ཡིན་པ་སོགས་གསུངས་སོང་།
དེ་བཞིན་མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་གནང་བའི་མཛད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། དེ་སྔོན་ཕྱི་རྒྱལ་གྱི་མི་དང་ལྷག་པར་ནང་པ་རང་གི་སྡེ་ཁག་ཁག་གཅིག་ནས། བོད་བརྒྱུད་ནང་བསྟན་འདི་བཞིན་བླ་མའི་ཆོས་ལུགས་ཤིག་ཡིན་པ་ངོས་འཛིན་བྱས་ཀྱི་ཡོད་པར་བརྟེན། མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་མ་ཉིད་ནས་དེ་འབྲེལ་ལམ་སྟོན་བཀའ་སློབ་ལན་མང་བསྩལ་ཡོད་ཅིང་། ལྷག་པར་༸རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་ལེགས་བཤད་བློ་གསར་མིག་འབྱེད་ནང་བོད་བརྒྱུད་ནང་བསྟན་འདི་ཉིད་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་རིམ་པ་གནང་ཡོད་ཅིང་། ལྷག་པར་ལེགས་བཤད་བློ་གསར་མིག་འབྱེད་དེ་ཉིད་ཧིན་དྷི་དང་ཨིན་སྐད། ཐའེ་ལིནྜ། འཇར་མ་ནི། སིཔེ་ནིཤ རྒྱ་སྐད་སོགས་ཀྱི་ནང་ཕབ་བསྒྱུར་གནང་ཡོད་པ་མ་ཟད། ནང་པའི་གནས་བརྟན་སྡེ་པའི་དགེ་སློང་དང་བགྲོ་གླེང་རིམ་པ་མཛད་པའི་ཐོག པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་གི་ཡོད་པ་སོགས་ཀྱི་རྒྱུ་མཚན་དུ་བྱས་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་དཔལ་ནཱ་ལནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་ཞེས་བཀའ་སྩལ་དགོས་དོན་གྱི་གནད་འགག་ཀྱང་དེ་ལྟར་ཡིན་པ་གསུངས་སོང་།
༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་དང་སློབ་སྤྱི་ཟུར་པ་སློབ་དཔོན་དཀོན་མཆོག་འཇིགས་མེད་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལས་མངོན་པའི་བོད་ཀྱི་སྐད་ཡིག་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། འཛམ་གླིང་ནང་གི་མི་རིགས་ཇི་འདྲ་ཞིག་ཡིན་རུང་མི་རིགས་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་སྐད་ཡིག་དེ་ཆགས་ཀྱི་ཡོད་པ་ནན་བརྗོད་དང་འབྲེལ། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་དེ་ཉམས་ཆགས་འགྲོ་བཞིན་པར་ཉེན་འཚབ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། བོད་མི་ཚང་མས་བོད་ཀྱི་སྐད་ཡིག་དེ་མི་རིགས་ཀྱི་སྲོག་རྩ་དང་ཆོས་དང་རིག་གཞུང་གི་རྩ་བ་རེད་ཅེས་གསུང་གིན་ཡོད་ཀྱང་། དེ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་ཞེས་དཔེ་མཚོན་གྱི་ལམ་ནས་གོ་བརྡ་སྤྲོད་སླ་བ་ཡོང་ཆེད། ༸གོང་ས་མཆོག་༸གང་ཉིད་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་དེ། མཛད་འཕྲིན་རྒྱས་ཤིང་། འཛམ་བུ་གླིང་གི་དབུ་ཁྲིད་དུ་གྱུར་བ་སོགས། མདོར་ན་ནང་བསྟན་གང་དུ་བཞུགས་པའི་སྐད་ཡིག་དེ་རང་བཞིན་གྱི་རྩ་ཆེན་པོ་དང་དེ་སྲུང་སྐྱོབ་བྱ་དགོས་གལ་གྱི་གལ་གནད་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་སོགས་གསུངས་སོང་།
མ་ཟད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་རེ་མདོ་སེངྒེ་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སློབ་སྦྱོང་རྒྱ་ཁྱབ་ཏུ་དར་སྤེལ་མཛད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ལོ་རྒྱས་ཐོག་བོད་པའི་སྤྱི་ཚོགས་ཁྲོད་བོད་མི་རེ་བཟུང་དེང་རབས་ཀྱི་ཤེས་ཡོན་ལ་རྒྱུས་མངའ་ཡོད་མཁན་ཡོད་མོད། བོད་མི་མང་ཚོགས་སྤྱི་ཡོངས་ཤེས་ཡོན་དང་ལྷག་པར་དེང་རབས་ཀྱི་ཤེས་ཡོན་ཐོག་ཁ་ཕྱོགས་འགྱུར་གནང་མཛད་མཁན་༸རྒྱལ་བ་རིན་པོ་ཆེ་ཡིན་པ་ནན་བརྗོད་གནང་སོང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོ་བཙན་བྱོལ་དུ་ཕེབས་མ་ཐག་གཞོན་སྐྱེས་མི་རབས་གསར་པ་རྣམས་མ་འོངས་པར་བོད་པ་ཚད་ལྡན་གྱི་ངོ་བོར་གཅིག་མཚུངས་ཡོང་ཐབས་དང་། བོད་ཀྱི་བདེན་དོན་དེ་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་འཐབ་རྩོད་ངོ་སྤྲོད་བྱེད་ཐུབ་པ། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་ཐབས། དེ་སྔོན་ལོ་རྒྱུས་གནས་བབ་ཐོག་བོད་ནི་ཁྱེར་རྐྱང་དུ་ལུས་ཤིང་། མ་འོངས་པར་འཛམ་གླིང་གི་འགྲོས་དང་མཉམ་དུ་འགྲོ་ཐུབ་མཁན་མི་རིགས་ཤིག་ཡོང་ཐབས་ཀྱི་གནད་འགག་སོགས་ཀྱི་དགོངས་གཞི་རླབས་པོ་ཆེའི་འོག ཕྱི་ལོ་ ༡༩༦༠ ལོར་སློབ་གྲྭ་གསར་འཛུགས་དང་། རིམ་པས་དགོན་སྡེ་ཁག་གི་ནང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་ཚན་རིག་སློབ་ཁྲིད་དར་སྤེལ་སོགས་མདོར་ན་བོད་མི་རིགས་ལ་འཕྲད་པའི་སྟོང་ཆ་མང་པོ་ཞིག་༸རྒྱལ་བའི་མཛད་འཕྲིན་ལས་བསྐོང་ཐུབ་པ་བྱུང་ཡོད་བཅས་གསུངས་སོང་།
གཞི་རྩའི་འདི་ལོར་བོད་མིའི་འདུ་སྡོད་ས་གནས་གང་སར་གཙོས་པའི་ཡུལ་གྲུ་འདྲ་མིན་ནང་༸རྒྱལ་བའི་གོ་སྟོན་དང་འབྲེལ་ནས། བགྲོ་གླེང་སོགས་ཤེས་རིག་གི་གནང་སྒོ་ཁག་དང་། བོད་ཀྱི་རིག་གཞུང་འགྲེམས་སྟོན། ཁོར་ཡུག་སྲུང་སྐྱོབ། རྣམ་དཀར་དགེ་བའི་ལས་སུ་འཇུག་པའི་ལས་རིམ་སྣ་ཚོགས་ཀྱི་ཐོག་ནས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།
འབྲུག་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་དུས་སྟོན་རྒྱས་པ་ཞིག་འཚོག་རྒྱུའི་གྲ་སྒྲིག་གནང་བཞིན་པ།
འབྲུག་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་དུས་སྟོན་རྒྱས་པ་ཞིག་འཚོག་རྒྱུའི་གྲ་སྒྲིག་གནང་བཞིན་པ་རེད་འདུག
སེམས་དང་མིས་བཟོས་རིག་ནུས། བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ པ་འགོ་འཛུགས།
དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ འགོ་འཛུགས་གནང་སོང་།
https://youtu.be/rhmQzZkOBF4?si=lIDS_zlVREfUu4Ti
དེ་ཡང་བགྲོ་གླེང་འདི་བཞིན་ཨ་རི་ནང་དུ་རྟེན་གཞི་བྱས་པའི་ Mind & Life Institute འམ་སེམས་དང་སྲོག་གི་ལྟེ་གནས་ཁང་དང་ Mind & Life Europe འམ་ཡུ་རོབ་ནང་དུ་རྟེན་གཞི་བྱས་པའི་སེམས་དང་སྲོག་ཀྱི་ཚོགས་པ། དེ་བཞིན་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ། གོ་སྟོན་གོ་སྒྲིག་ཚོགས་ཆུང་བཅས་ཟུང་སྦྲེལ་གྱི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག་ཅིང་། ད་རེས་ཀྱི་བགྲོ་གླེང་འདི་བཞིན་ Minds, Artificial Intelligence, and Ethics འམ་སེམས་དང་མིས་བཟོས་རིག་ནུས། བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་ཡིན་པ་དང་། འདི་ཚེས་ ༡༦ བར་ཉིན་གྲངས་གསུམ་རིང་འཚོག་གི་ཡོད་པ་རེད།
ད་རེས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་བདམ་དགོས་དོན་དང་འབྲེལ་བའི་ཐོག་ལ་ཨ་རིར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་གི་ཚོགས་གཙོ་ Suzanne Bond སུ་ཛེན་བོནྜ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། བརྗོད་གཞི་འདི་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། དཔེར་ན་སེམས་དང་སྲོག་ཚོགས་པའི་ངོས་ནས་སྤྱི་ཚོགས་དྲྭ་རྒྱ་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་དེ་ཙམ་བྱས་མེད་སྟབས། དེ་ནི་དགོས་ངེས་ཞིག་ཡིན་པ་རེད། གང་ལགས་ཞུས་ན་དེས་ང་ཚོའི་སྤྱི་ཚོགས་ཆ་ཚང་བསྒྱུར་བ་བཏང་ཡོད། དེ་བཞིན་མིས་བཟོས་རིག་ནུས་ཀྱི་ངོས་ནས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་རེད། སོང་ཙང་དམིགས་བསལ་ནང་པའི་ཕྱོགས་ཀྱི་སེམས་དང་བཟང་སྤྱོད་ཀྱི་གཞི་བརྟན་ཚུགས་པའི་གོ་རྟོགས་བརྒྱུད་ནས། ང་ཚོས་མིས་བཟོས་རིག་ནུས་ཀྱི་ཡར་རྒྱས་དེ་བཞིན་ལུགས་དང་མཐུན་པ་ཡོང་རྒྱུར་ཕན་ཐོགས་ཡོང་བའི་ཡིད་ཆེས་དང་། རྗེས་སུ་ལག་ལེན་ལ་ཁེལ་བའི་ཐོག་ནས་འཛམ་གླིང་ཀུན་ལ་ཕན་ཐོགས་ཆེན་པོ་ཡོད་པའི་རེ་བ་བྱེད་ཀྱི་ཡོད། དེ་འདྲ་སོང་ཙང་མིས་བཟོས་རིག་ནུས་ཇི་ལྟར་འཕེལ་རྒྱས་འགྲོ་མིན་གྱི་འགྲོས་ལ་བསྒྱུར་བ་གཏོང་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
འདི་གའི་གསར་འགོད་པས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་མི་༸སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་ཚོགས་འདུའི་བརྗོད་བྱ་མང་པོ་ཞིག་ཚན་རིག་དང་འཕྲུལ་ཆས་ནང་འགྱུར་བ་ཐེབས་པ་གང་ཞིག་འགྲོ་བ་མི་སྤྱིའི་བདེ་སྡུག་ལའང་ཤུགས་གནོན་ཐེབས་པའི་རིགས་ལ་ནང་པའི་ལྟ་གྲུབ་དང་ཉམས་ལེན། སྙིང་རྗེའི་བློ་སྦྱོང་། འགྲོ་བ་མིའི་རིན་ཐང་སོགས་ཀྱི་ཐོག་ནས་བསམ་བློ་གཏོང་སྟངས་དང་དཔྱད་པ་གནང་སྟངས་ཐོག་ཤུགས་གནོན་ཐེབས་རྒྱུར་དགོངས་བཞེས་མཛད་ཀྱི་ཡོད་པ་འགྲེལ་བརྗོད་གནང་སོང་།
མ་ཟད་ད་ལྟའི་ཆར་མི་མང་པོས་འཕྲུལ་ཆས་ཚད་མཐོ་བའི་མིས་བཟོས་རིག་ནུས་སྤྱོད་སྐབས། རྣམ་ཤེས་ཡོད་པ་ལྟ་བུའི་རྣམ་འགྱུར་ཐོན་གྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ནང་གི་ལྟ་གྲུབ་སྨྲ་བ་དང་། ཚན་རིག་པ་མང་པོས་རྩོད་པ་རྩོད་བཞིན་ཡོད་པ་མ་ཟད། ད་རེས་བགྲོ་གླེང་ཐོག་ཏུའང་ནུབ་ཕྱོགས་པའི་མིས་བཟོས་རིག་ནུས་ཀྱི་ལས་དོན་གཉེར་མཁན་རྣམས་ཕེབས་ཡོད་ཅིང་། ཁོང་ཚོས་ནང་ཆོས་ཀྱི་ཐོག་ནས་བློ་སྐྱེད་དང་ལེགས་ཆ་བླངས་རྒྱུར་དོ་སྣང་བྱས་ཏེ་ཡོང་མཁན་མང་པོ་ཡོད་པ་འགྲེལ་བརྗོད་གནང་སོང་།
གཞི་རྩའི་སེམས་དང་སྲོག་གི་ལྟེ་གནས་ཁང་དེ་ནི་ཕྱི་ལོ་ ༡༩༨༧ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཚན་རིག་མཁས་པ་དང་ལྟ་གྲུབ་སྨྲ་མཁན། ཤེས་ལྡན་མི་སྣ། དེ་བཞིན་ནང་པའི་ལྟ་གྲུབ་མཁས་པ་ཚོའི་དབར་ཕྱི་ནང་གི་ཤེས་ཡོན་བརྗེ་རེས་གནང་སྟེ། འགྲོ་བ་མིའི་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་གོང་མཐོར་གྱིས་འགྲོ་བ་མིའི་རིན་ཐང་གོང་སྤེལ་ཐོག་ལ་བསམ་བློ་གཏོང་སྟངས་དང་དཔྱད་པ་བྱེད་སྟངས་སོགས་ལ་དམིགས་པ་ཞིག་ཡིན་པ་རེད།
གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ།
གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ།



