Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག

བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཉིས་སྨན་དབུ་མའི་ལམ་རེད།

ཉེ་ཆར་ཟླ་ ༨ ཚེས་ ༡༣ ཉིན་མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོ་དང་བསྟུན། ཚོགས་པའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་ཕུལ་རྒྱུ་དང་སྦྲགས་ནས་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཁ་སང་ཟླ་ ༨ ཚེས་ ༢༢ ཉིན་སྔ་དྲོ་༸རྒྱལ་བའི་ཕོ་བྲང་དུ་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྦྲེལ་གཞོན་གྱིས་དབུས་པའི་ཚོགས་མི་ཡོངས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཕྱག་རྟགས་འབུལ་ལམ་ཞུས་པ་ཡོད་པ་དང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་བསྩལ་འདུག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ་བའི་བརྙན་ཐུང་ཞིག་ཡོངས་བསྒྲགས་འདོན་སྤེལ་གནང་བའི་ནང་མགོན་པོ་༸གང་ཉིད་མཆོག་གིས་དེ་སྔ་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་རྒྱ་ཡིག་ཐོག་རྒྱ་ནག་རང་གི་ལོ་རྒྱུས་ནང་གསལ་པོ་འཁོད་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་གཉིས་ཀར་སྨན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཕྱག་བསྟར་དབུ་འཛུགས་གནང་སྐོར་བཀའ་བསྩལ་དང་ཆབས་ཅིག་ཏུ་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་ཡག་ཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པར་བཀའ་བསྩལ་མཛད་འདུག རྩ་བའི་མངའ་རིས་སྤྱི་མཐུན་ཚོགས་པ་དེ་ཐོག་མར་ཕྱི་ལོ་ ༡༩༩༣ ཟླ་ ༨ ཚེས་ ༡༣ ཉིན་དབུ་འཛུགས་གནང་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་གྱི་ཡོད་པ་ལྟར། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་སུ་ཚོགས་པ་དབུ་བརྙེས་པའི་དངོས་གཞིའི་མཛད་སྒོ་དང། དེ་རྗེས་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༨ པ་དེ་ཚོགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཇི་གནང་ལྟར་བཀའ་གསུང་ཞུ་རྒྱུ་དང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་གནང་རྒྱུ་སོགས་ཀྱི་གྲོས་ཆོད་ཁག་ཅིག་བཞག་པ་རྣམས་མཇལ་ཁའི་སྐབས་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་འདུག ཚོགས་པའི་ངོས་ནས་ཁ་སང་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་མཇུག་སྡོམ་མཛད་སྒོ་དང་བསྟུན། ཕྱི་དྲོ་གངས་སྐྱིད་སྤྱི་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གནད་ཡོད་མི་སྣ་ཁག་ལ་གསོལ་སྟོན་རྒྱལ་པ་ཞིག་འདེགས་འབུལ་ཞུས་ཡོད་པ་རེད།

ནང་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་ཐུན་མོང་གི་ཤེས་བྱར་ངོས་འཛིན་ནས་སློབ་གཉེར་བྱེད་དགོས།

བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཉིན་དགུང་ཚོུད་ ༡༢༌༠༠ ཡོལ་ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབྱུང་འགྱུར་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་གཞོན་སྐྱེས་ཚོས་ནང་ཆོས་ཀྱི་ལྟ་གྲུབ་དང་ཚད་མ་རིག་པའི་རྣམ་གཞག་དེ་དག་ཐུན་མོང་གི་ཤེས་བྱར་ངོས་འཛིན་ནས་སློབ་གཉེར་བྱེད་དགོས་གལ་ཡིན་པའི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་ཡོད་པ་རེད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ང་ཚོ་མིའི་སྤྱི་ཚོགས་གང་དུ་ཡིན་ཀྱང་འཆར་ཅན་ལྟར་མིན་པར་མདུན་བསྐྱོད་ཀྱི་བསམ་བློ་གཏང་དགོས་གལ་ཡིན་པ་མ་ཟད་དེའང་གཙོ་བོ་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པར་གོ་བསྡུར་གནང་གལ་ཡིན་པར་བཀའ་བསྩལ་འདུག ༸གོང་ས་མཆོག་གིས་༸སྐུ་ཉིད་མཆོག་འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་༸སྐུའི་མྱོང་བ་དང་འབྲེལ་ཏེ་ང་ཚོ་བོད་པ་ཚོས་བོད་དོན་ཞེས་བཤད་པ་དེ་ལུང་པ་ཆུང་ཆུང་ཞིག་གིས་རང་གི་དོན་དག་ཁོ་ན་རྩོད་བཞིན་པ་ལྟར་མ་ཡིན་པར་བོད་གངས་ཅན་ལྗོངས་ལ་ཡོད་པའི་དཔལ་ནཱ་ལནྡཱའི་རིག་གནས་སྤྱི་དང་སེམས་ཁམས་རིག་པ་དང་ཚན་མ་རིག་པའི་རྣམ་གཞག རྒྱུ་མཚན་དང་ཞིབ་འཇུག་གྱི་ཐོག་ནས་སློབ་གཉེར་གནང་རྒྱུ་ཡོད་པ་དེ་ནི་ཁ་ཡོད་ལག་ཡོད་འཛམ་གླིང་ལ་དགོས་མཁོ་ཡོད་པའི་གཅེས་ནོར་ཞིག་ཆགས་ཡོད་པར་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་དེ་སྔ་བོད་དུ་གྲྭ་ས་ཁག་གི་ནང་ལ་ཡང་དཔེ་ཆ་གཟིགས་མཁན་དེ་ཙམ་མེད་པ་དང་། རིམ་པས་རྒྱ་གར་ནང་འབྱོར་རྗེས་གྲྭ་ས་ཁག་གི་ནང་ཙམ་མ་ཟད་གྲྭ་བཙུན་དང་སྐྱ་བོ་ཕོ་མོ་ཚོས་ཀྱང་ཕྱག་དཔེ་བལྟས་ནས་དུས་རབས་ ༢༡ པའི་ནང་པ་ཞིག་བྱེད་དགོས་པར་འབོད་སྐུལ་རིམ་པ་མཛད་ཡོད་པ་སོགས་བཀའ་བསྩལ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་ནཱ་ལནྡཱའི་རིག་གནས་དང་། ཚན་མ་རིག་པའི་རྣམ་གཞག་དེ་དག་གཞན་གྱི་སྐད་ཡིག་ལ་རེ་མི་དགོས་པར་བོད་སྐད་རང་ཐོག་ནས་འགྲེལ་བཤད་བརྒྱབ་རྒྱུ་ཡོད་པ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཞིག་ཡིན་སྟབས། རིག་གཞུང་དེ་དག་ཐུན་མོང་གི་ཤེས་བྱར་ངོས་འཛིན་ནས་སློབ་གཉེར་བྱེད་དགོས་ཡིན་པའི་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་ཡོད་པ་རེད། ལྷག་པར་དུ་ཚན་མ་རིག་པའི་རྣམ་གཞག་དེ་དག་ཐོག་སློབ་གཉེར་གནང་ཐུབ་ཚེ་རང་ཉིད་ཀྱི་རིག་རྩལ་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་དགེ་མཚན་ཡང་ཡོད་སྟབས། ཆོས་ཁས་བླངས་དང་མ་བླངས་སོགས་ཀྱི་སྐད་ཆ་མེད་པར་སྐྱ་སེར་ཕོ་མོ་ཡོངས་ནས་སློབ་གཉེར་གནང་གལ་ཡིན་པར་ལམ་སྟོན་ཡང་མཛད་ཡོད།གཞི་རྩའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་ ༡༧ ནས་དེ་རིང་བར་གོ་སྒྲིག་ཞུས་པའི་བོད་ཀྱི་མདུན་ལམ་དང་འབྲེལ་བའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཐོག་ཚོགས་བཅར་བ་རྣམས་ནས་ ཟླ་བ་འདིའི་ཚེས་ ༡༧ ནས་དབུ་འཛུགས་ཀྱིས་ཚེས་ ༢༠ བར་ཉིན་གྲངས་བཞིའི་རིང་ཚོགས་འདུ་དེའི་ཐོག་བོད་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་ལོ་རྒྱུས་ཐོག་འབྲེལ་ལམ་གྱི་གལ་གནད་དང་དོན་ཕན་གྱི་འབྲེལ་ལམ་དང་གྲོས་མོལ་བསྐྲུན་ཐབས་དང། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཐུན་མོང་ནས་བོད་ཀྱི་གནད་དོན་ཐོག་ཡ་ལན་བྱེད་ཕྱོགས། བོད་མིའི་རང་དབང་འཐབ་རྩོད་ཐོག་ན་གཞོན་རྣམས་ཀྱི་ལས་འགན། དེ་བཞིན་ལྔ་དང་ལྔ་བཅུའི་འཆར་སྣང་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་འགན་ཁུར་བཞེས་ཕྱོགས་དང་འཆར་སྣང་ལྡན་པའི་དབུ་ཁྲིད་བསྐྲུན་ཐབས། ནུས་པ་མཉམ་སྤུངས་བཅས་ཀྱི་བརྗོད་གཞིའི་ལྔའི་ཐོག་གཏམ་བཤད་དང་ཚོགས་བཅར་བ་ཕན་ཚུན་དབར་གྲོས་བསྡུར་སྦྱང་བཤད་ལྷུག་པོ་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་དང་ལྷན་དུ་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་རིགས་ཐོག་དྲི་བ་དྲིས་ལན་སོགས་གནང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་སུ་ཆུ་ལོག་གི་གོད་ཆག་བྱུང་བར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཀེ་རེ་ལ་ནང་ཆུ་ལོག་གི་གོད་ཆག་ཤུགས་ཆེ་བྱུང་ནས་ཁུལ་དེའི་མི་མང་ ༢༠༠ ལྷག་གི་ཚེ་སྲོག་ཤོར་བ་དང།  ད་ཆ་མང་ཚོགས་མང་པོ་ཞིག་གི་ཚེ་སྲོག་ཉེན་ཚབ་འོག་ལྷུང་ཡོད་སྟབས་ཁ་ཉིན་ཚེས་ ༡༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་རེ་ལའི་མངའ་སྡེ་བློན་ཆེན་སྐུ་ཞབས་ Shri Pinarayi Vijayan མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཀེ་རེ་ལ་ནང་དེ་སྔ་བྱུང་མྱོང་མེད་པའི་ཆུ་ལོག་གི་དོན་རྐྱེན་འོག་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་དང་སྦྲགས་རྒྱུ་ནོར་ཧ་ཅང་མང་པོ་གཏོར་བཤིག་ཕྱིན་པ་བཅས་ཀྱི་དཀའ་ངལ་དུ་མ་འཕྲད་བཞིན་པ་དེར་༸གང་ཉིད་མཆོག་ནས་ཐུགས་ཕམ་ཧ་ཅང་ཆེན་པོ་གནང་བཞིན་ཡོད་སྐོར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་ཀེ་རེ་ལ་གཞུང་ནས་གོད་ཆག་ཕོག་པ་ཚོའི་ངལ་སེལ་སླད་སྐུ་ངལ་ཚད་མེད་སྐྱོན་བཞིན་པ་དེར་ བསྔགས་བརྗོད་མཛད་པ་དང་ཆབས་ཅིག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ཐེབས་རྩ་ཁང་ནས་ཀེ་རེ་ལའི་མི་མང་ལ་རོགས་སྐྱོར་དང་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཞལ་འདེབས་གསོལ་བསྩལ་མཛད་རྒྱུ་ཡིན་པ་བཀའ་བསྩལ་འདུག གཞན་ཡང་ཁ་ཉིན་ཚེས་ ༡༨ ཉིན་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་སྐུ་ཞབས་ Kofi Annan མཆོག་དགུང་ལོ་ ༨༠ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པ་དང་བསྟུན་༸གོང་ས་མཆོག་ནས་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ལྕམ་ Nane M. Annan  ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་ཀྱང་བསྩལ་འདུག་པ་དང་། དམ་པ་ཁོང་གིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིན་པའི་སྐབས་སུ་དཀའ་ངལ་དུ་མ་ལ་གདོང་ལེན་གྱིས་རང་གི་ཐག་གཅོད་དང་དམ་བཅའ་བརྟན་པོ་བཟུང་བའི་སྒོ་ནས་རང་ཉིད་ཀྱི་ལས་འགན་འཐུས་ཚང་གནང་བར་ཡི་རང་བསྔགས་བརྗོད་དང་འབྲེལ། ཁོང་གིས་འཛམ་བུ་གླིང་འདི་བཞིན་དྲང་བདེན་དང་ཞི་བདེ་ལྡན་པ་ཞིག་ཏུ་བསྐྲུན་ཐབས་ཙམ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སླད་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་བཅོས་སྒྱུར་གྱིས་རླབས་ཆེ་བའི་ཕྱག་ལས་མང་དག་ཞིག་གནང་བར་བརྟེན་ཕྱི་ལོ་ ༢༠༠༡ ལོར་ཁོང་དང་རྒྱལ་ཚོགས་ཀྱི་མཚན་ཐོག་ཏུ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་པར་འགྲེལ་བརྗོད་མཛད་འདུག ཁྱད་པར་དུ་དམ་པ་ཁོང་ནས་རྒྱལ་ཚོགས་ནས་རྒས་ཡོལ་ཞུས་པའི་རྗེས་སུའང་འཛམ་བུ་གླིང་གི་ས་གནས་གང་སའི་རྩོད་རྙོག་འདུམ་པར་ཕྱག་ལས་གནང་བའི་བྱང་སེམས་ཀྱི་རང་བཞིན་ལའང་བསྔགས་བརྗོད་མཛད་འདུག

རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཝཱ་ཇ་པཱ་ཡི་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་བསྩལ་བ།

ཁ་སང་ཟླ་ ༨ ཚེས་ ༡༦ ཕྱི་དྲོ་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ Atal Bihari Vajpayee མཆོག་དགུང་ལོ་ ༩༣ ཐོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གི་ཐུགས་གསོའི་གསུང་འཕྲིན་དེ་ནི་སྐུ་ཞབས་ Atal Bihari Vajpayee མཆོག་དམ་པ་དེ་ཉིད་ཀྱི་གསོས་ཕྲུག་ལྕམ་སྐུ་ Namita Bhattacharya ལགས་ཀྱི་མཚན་ཐོག་ཏུ་བསྩལ་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་དམ་པ་ཁོང་དང་ངོ་ཤེས་མཛའ་གྲོགས་གྱུར་བ་ནི་གཟི་བརྗིད་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་དང་། ང་ཚོ་དབར་དམ་པ་ཁོང་གིས་ ཕྱག་ལས་གནང་སྐབས་སུ་རྒྱུན་ལྡན་ཐུག་འཕྲད་ཡོང་གི་ཡོད་པ་མ་ཟད་༸གང་ཉིད་མཆོག་དམ་པ་དེ་ཉིད་རྒས་ཡོལ་གནང་རྗེས་བཞུགས་ཤག་ཏུ་བསྟུད་མར་ཆིབས་བསྒྱུར་མཛད་ཀྱི་ཡོད་པའང་བཀའ་བསྩལ་འདུག སྐུ་ཞབས་ Atal Bihari Vajpayee མཆོག་ནི་ལྷག་བསམ་ཅན་གྱི་ཆབ་སྲིད་པ་ཞིག་དང་། དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པ་ནི་རྒྱ་གར་རྒྱལ་ཁབ་ལ་ཆེས་མངོན་པར་བསྟོད་འོས་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་མེད་པ་གྱུར་བ་ཞིག་ཆགས་ཡོད་པ་རེད། ཁོང་གིས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ནས་བཟུང་བོད་མིའི་བདེན་དོན་ཐོག་རྒྱབ་སྐྱོར་གནང་འགོ་བཙུགས་ཡོད་པ་དང་། ད་བར་རྒྱ་གར་གྱི་གྲོས་ཚོགས་སུ་རྒྱ་གར་དབུས་གཞུང་གི་གནད་ཡོད་དབུ་ཁྲིད་ཚོར་བོད་དོན་ཐོག་བཞེངས་ཕྱོགས་བརྟན་པོ་གནང་དགོས་པར་ཞུ་སྐུལ་ལན་མང་གནང་མཁན་ཞིག་ཡིན་སྐོར་བཀའ་བསྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Atal Bihari Vajpayee མཆོག་དམ་པ་དེ་ཉིད་སྐུ་ཚེ་མ་ཟིན་པར་བསྔོ་སྨོན་ཞུ་རྒྱུ་དང་། ཤུལ་ལུས་དགའ་གཉེན་སྤུན་མཆེད་ཡོངས་དང་ཕྱག་སྦྲེལ། ལྷག་དོན་རྒྱ་གར་གཞུང་མང་བཅས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཡོད་ཅེས་བཀའ་བསྩལ་འདུག

༸གོང་ས་མཆོག་གིས་རྒྱ་གར་ལྷོ་བྱང་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༨ ཚེས་ ༡༤ ཉིན་དགུང་ཚོུད་ ༡༢༌༣༠ ཐོག་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་དང་ལྷོ་ཕྱོགས་ཁུལ་དུ་ཟླ་བ་གཅིག་དང་ལྷག་ཙམ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་གནང་སོང་། མགོན་པོ་༸གང་ཉིད་མཆོག་གིས་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་མཚམས་སུ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་དང་ལེན་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་ལ་དྭགས་ནང་གི་མཛད་འཆར་དེ་དུས་ཡུན་རིང་དྲག་པའི་རྐྱེན་གྱིས་༸སྐུ་ཐང་ཏོག་ཙམ་ཆད་པ་ལྟ་བུ་ལས་དེ་མིན་༸སྐུ་ཁམས་གསལ་ཐང་ཡིན་པས་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་མང་ཚོགས་ཚོ་བློ་བདེ་པོའི་ངང་ནས་སྡོད་རོགས་ཞེས་བཀའ་བསྩལ་སོང་། གཞི་རྩའི་༸གོང་ས་མཆོག་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་བཞུགས་སྒར་ནས་ཆིབས་བསྒྱུར་གྱིས་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ཙམ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ལ་དྭགས་ཀྱི་རྒྱལ་ས་གླེ་དང་ནུབ་ར། ཟངས་དཀར། ཀར་གྷིལ་ཙམ་མ་ཟད་དེ་རྗེས་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་དང་སྦེང་ལོར་བཅས་སུ་མང་ཚོགས་ལ་བཀའ་ཆོས་དང་བཀའ་སློབ་སོགས་ཀྱི་མཛད་འཕྲིན་དུ་མ་བསྐྱངས་ཡོད་པ་རེད། རྩ་བའི་ཉེ་ལམ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཛ་དྲག་ཆེ་བའི་༸སྐུའི་སྙུང་གཞི་ཡོད་པའི་གནས་ཚུལ་སྤེལ་ཡོད་ཀྱང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་༸སྐུའི་ཕྱི་ལུགས་བླ་སྨན་པས་དེ་ཚོ་ཁུངས་ལུང་མེད་པའི་གནས་ཚུལ་ཞིག་ཡིན་པ་དང། དོན་དངོས་ཐོག་ད་ལྟའི་ཆར་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ཡིན་པས་རྒྱ་ཆེ་བོད་མི་མང་ཚོགས་ཚོ་བློ་བདེ་པོའི་ངང་ནས་བཞུགས་རོགས་ཞེས་གསུངས་ཡོད་པ་མ་ཟད། དེ་རིང་མགོན་པོ་༸གང་ཉིད་མཆོག་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཕེབས་བསུར་བཅར་བའི་བོད་མི་ཁག་ཅིག་ནས་༸སྐུའི་གསེར་ཞལ་མཇལ་བ་ཙམ་གྱིས་བློ་བདེ་པོ་ཆགས་ཡོད་པར་འགྲེལ་བརྗོད་གནང་གི་འདུག

ངོས་མེད་པའི་དུས་སུའང་འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུན་སྐྱོང་བྱེད་དགོས།

དེ་རིང་ཟླ་ ༨ ཚེས་ ༡༣ ཉིན་སྔ་དྲོ་ཚོུད་ ༨  ཡོལ་ཙམ་ལ་ཏཱ་ལའི་བླ་མ་མཐོ་སློབ་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་༸ཞབས་སོར་བདེ་བར་འཁོད་པ་དང་འབྲེལ་ཐོག་མར་སློབ་གཉེར་ཁང་གི་བུའི་སྡོད་ཁང་གསར་རྒྱག་ལེགས་གྲུབ་བྱུང་བར་དབུ་འབྱེད་རབ་གནས་མཛད་པ་དང་བསྟུན་སློབ་གཉེར་ཁང་དུ་སློབ་ཁང་དེའི་དགེ་ལས་སློབ་གཉེར་བ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མང་ཚོགས་བཅས་སྟོང་ཕྲག་བརྒལ་བར་མཐོ་སློབ་དེའི་གྲུབ་འབྲས་དང་དེའི་ཐད་ཕྱག་ལས་མཁན་དང་མཐུན་འགྱུར་གནང་མཁན་རྣམས། ལྷག་དོན་སྦེང་ལོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་མེ་སོར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་ཡོད་པ་རེད། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་འཕགས་བོད་དབར་བླ་སློབ་ཀྱི་འབྲེལ་བ་ཡོད་པ་དང་། རྒྱ་གར་ཧིན་དུ་ཆོས་ལུགས་ཀྱི་ལྷ་ཆེན་དབང་ཕྱུག་བཞུགས་སའི་གནས་ཀྱི་ཆ་ནས་བོད་ཀྱི་ལྷ་ཆགས་ཡོད་པ་མ་ཟད་སྟོན་པ་བཅོམ་ལྡན་འདས་ནི་རྒྱ་གར་འཕགས་པའི་ཡུལ་ནས་ཡིན་པ་སོགས་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད་པར་བཀའ་སློབ་བསྩལ་ཡོད། བོད་མི་ཚོར་དམིགས་ནས་བཀའ་སློབ་བསྩལ་དོན་དུ་ང་ཚོ་བཙན་བྱོལ་ནང་གནས་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་གི་སྐུ་ཚབ་བྱས་ནས་མ་ཤི་བར་དུ་བོད་སྤྱིའི་བདེན་དོན་ཐད་འཐབ་བརྩོད་ཀྱི་ལས་འགུལ་ཐོག་མུ་མཐུད་འགན་ཁུར་དགོས་པར་བཀའ་བསྩལ་ཡོད་པ་རེད། དེ་བཞིན་མགོན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་སློབ་ཕྲུག་ཚོར་བོད་ཀྱི་ས་བབ་དང་ལོ་ངོ་ ༣༥༠༠༠ ལྷག་གི་བོད་མིའི་འགྲོ་བ་ཆགས་པའི་དུས་ཡུན། སྔར་དུས་རབས་བདུན་པ་ནས་དགུ་པ་བར་གྱི་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྟོབས་ཤུགས། བོད་ཀྱི་སྐད་ཡིག རིག་གཞུང་། ནང་དོན་རིག་པ།  ད་ལྟའི་མི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ལ་རྒྱ་བཅས་ལུང་འདྲེན་གནང་བ་དང་ཆབས་ཅིག་ཏུ་བོད་མི་རིགས་ནི་འཛམ་གླིང་ཐོག་གིི་སྤོབས་པ་བྱ་འོས་པའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་མ་ཟད་བོད་མི་ཚོས་མི་རིགས་ཀྱི་སྤོབས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་བ་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་སྟོབས་ལྡན་གྱི་རང་བཙན་རྒྱལ་ཁབ་ཞིག་ཡིན་ཀྱང་། དེང་སྐབས་བོད་དེ་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་བོད་ཡིག་ཐོག་ཡོད་པ་ལས་རྒྱ་ཡིག་ཐོག་གཏན་ནས་མཐོང་རྒྱུ་མེད་སྐོར་རྒྱ་རིགས་མཁས་པ་ཚོས་ཞུས་ཡོད་སྐོར་ལུང་འདྲེན་དང་འབྲེལ་སྔར་བོད་པའི་བླ་ཆེན་མི་ཆེན་ཚོའི་གནང་བབ་དང་འབྲེལ་བའི་ཐད་བཀའ་སློབ་བསྩལ་ཡོད། ཁྱད་པར་དུ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་སྐབས་ལའང་བོད་མིའི་འཐབ་བརྩོད་དེ་འཚེ་མེད་པའི་ལྟ་གྲུབ་ཐོག་མུ་མཐུད་དུ་རྒྱུན་སྐྱོང་བྱེད་དགོས་པའི་ལམ་སྟོན་བཀའ་ནན་མཛད་ཡོད་པ་རེད། བོད་མི་རྣམས་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་མི་རབས་རྒན་པ་ཚོས་བོད་ཀྱི་འཐབ་རྩོད་དང་ཆོས་རིག་ཐོག་སྐུ་ལས་ཇི་ལྟར་སྐྱོན་སྐོར་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་མི་རབས་གཞོན་པ་ཚོས་མི་རབས་གོང་མའི་ཕྱག་ལས་གནང་སྟངས་དེ་དག་མ་བརྗེད་པ་བྱེད་དགོས་ཞེས་ལམ་སྟོན་རྒྱ་ཆེ་མཛད་ཡོད། དེ་རིང་མགོན་པོ་༸གང་ཉིད་མཆོག་བཀའ་སློབ་བསྩལ་གྲུབ་བསྟུན་སྔ་དྲོ་ཚོུད་ ༡༠༌༤༥ ཐོག་སྦེང་ལོར་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་ཡོད་པ་རེད།

༸གོང་ས་མཆོག་གིས་སྦེང་ལོར་གྲོང་ཁྱེར་ནང་རྒྱ་གར་སློབ་ཕྲུག་དང་ཆེད་ལས་ཤེས་ཡོན་པ་བརྒྱ་ཕྲག་ཁ་ཤས་ལ་སྙིང་སྟོབས་དང་བྱམས་བརྩེ་སྐོར་བཀའ་སློབ་བསྩལ་བ།

དེ་རིང་ཕྱི་ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གར་ Vana Foundation ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་གི་ Conrad Hotel གསོལ་མགྲོན་ཁང་དུ་རྒྱ་གར་ཤེས་ཡོན་པ་དང་ཆེད་ལས་པ། སློབ་ཕྲུག་བཅས་ ༨༠༠ ཉེ་བར་དུས་རབས་ཉེར་གཅིག་ནང་གི་སྙིང་སྟོབས་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་མགོན་པོ་༸གང་ཉིད་མཆོག་ནས་རྒྱུན་དུ་ཉམས་བཞེས་གནང་བཞིན་པའི་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཐབས་དང་། ཆོས་ལུགས་མཐུན་སྒྲིལ་དང་། བོད་ཀྱི་སྐད་ཡིག་དང་བཅས་པའི་རིག་གཞུང་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོ་རིག་གཞུང་བཟང་པོ་དེ་ཉམས་པ་བསྐྱར་གསོ་གནང་རྒྱུ་བཅས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བཀའ་སློབ་བསྩལ་ཡོད་པ་དང་། རྒྱ་གར་གྱི་གནའ་བོ་ཤེས་རིག་བསྐྱར་གསོའི་གལ་གནད་ཐོག་བཀའ་སློབ་བསྩལ་སྐབས་མགོན་པོ་༸གང་ཉིད་མཆོག་ནས་དུས་ཡུན་ལོ་ངོ་བཅུ་ཕྲག་གསུམ་ལྷག་རིང་ཚན་རིག་པ་དང་བགྲོ་གླེང་གནང་བའི་བརྒྱུད་ནང་པ་སངས་རྒྱས་པའི་ཆོས་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་རྡུལ་དངོས་ཁམས་རིག་པ་སོགས་ཀྱི་ལྟ་གྲུབ་ཁག་ལ་དེང་གི་ཚན་རིག་པ་ཚོས་ཀྱང་ཡིད་སྨོན་དང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད་པ་རེད་ཅེས་བཀའ་བསྩལ་བ་དང་ཆབས་ཅིག་ཏུ་ཚད་རྡུལ་དངོས་ཁམས་རིག་པའི་ཐད་དེང་རབས་ཚད་རྡུལ་དངོས་ཁམས་རིག་པ་སྨྲ་བ་ལས་ང་ཚོས་མང་པོ་ཤེས་ཀྱི་ཡོད་ཅེས་བཀའ་ནན་མཛད་ཡོད། དེ་རིང་ཉིན་རྒྱབ་ནས་གདན་ས་ཁག་གི་མཁན་པོ་དང་དགེ་བཤེས་ཁག་ཅིག་དང་དོན་གཉེར་ཅན་གྱི་རྒྱ་གར་ཤེས་ཡོན་པ་དང་སློབ་ཕྲུག་དབར་གོང་གསལ་མགོན་པོ་མཆོག་གི་བཀའ་སློབ་ཀྱི་བརྗོད་གཞི་དང་འབྲེལ་བའི་ཐད་མུ་མཐུད་དུ་ནང་ཁུལ་བགྲོ་གླེང་གི་ལས་རིམ་ཞིག་ཀྱང་ཚོགས་གནང་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་ཀ་ན་ཊ་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཚོགས་པ།

དེ་རིང་ཟླ་ ༨ ཚེས་ ༡༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ནས་གཅེས་ཉར་བྱས་པའི་དཔལ་ནཱ་ལེནྡཱའི་རིག་གནས་དེ་དག་ད་ཆ་དེའི་འབྱུང་ཁུངས་རྒྱ་གར་ལ་ཕར་ལེགས་སྐྱེས་ཚུལ་དུ་ཕུལ་རྒྱུ་བྱུང་བར་མགོན་པོ་༸གང་ཉིད་མཆོག་དགའ་སྤོབས་ཆེན་པོ་བྱུང་ཞེས་བཀའ་བསྩལ་བ་དང་། དེ་ནི་རྒྱ་གར་དབུས་གཞུང་དང་ཀ་ན་ཊ་ཀ་མངའ་སྡེ་གཞུང་གཉིས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བའི་བཀྲིན་ལ་བརྟེན་ནས་ཡིན་པར་བཀའ་བསྩལ་འདུག དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་བོད་ལ་ངོམས་སུ་ཆོག་པའི་རིག་གཞུང་ཕྱུག་པོ་ཡོད་པས་བོད་ཀྱི་གནད་དོན་འདི་ནམ་ཡང་རྩ་བརླག་འགྲོ་ཡི་མ་རེད་ཅེས་བཀའ་བསྩལ་དང་ཆབས་ཅིག་ཏུ་བོད་མི་ཚོའི་ངོས་ནས་སེམས་ཤུགས་ཆག་རྒྱུ་མེད་སྐོར་སོགས་བཀའ་བསྩལ་མཛད་འདུགདེ་དང་ཕྱོགས་མཚུངས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་ལས་ཐོག་པ་སྐུ་ཞབས་ Shri H.D Kumaraswamy མཆོག་གིས་ཀ་ན་ཊ་ཀ་མངའ་སྡེ་གཞུང་ནས་ལྷོ་ཕྱོགས་བཙན་བྱོལ་བོད་མི་རྣམས་ལ་རོགས་རམ་གང་དགོས་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཀྱང་རྒྱ་གར་གཞུང་མང་དང་ལྷག་དོན་མངའ་སྡེ་དེའི་ངོས་ནས་ད་བར་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་ལ་དྲན་གསོ་དང་སྦྲགས་བཀའ་སྤྱི་གཉིས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་མཚོན་པའི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད། རྩ་བའི་སང་ཉིན་ཚེས་ ༡༡ དང་ ༡༢ བཅས་གཉིས་རིང་ Conrad Hotel གསོལ་མགྲོན་ཁང་དུ་རྒྱ་གར་ཝ་ན་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་སློབ་ཕྲུག་དང་ཡུལ་མི་བཅས་ ༧༥༠ ཙམ་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་དང་ཚེས་ ༡༣ ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བུའི་སྡོད་ཁང་དབུ་འབྱེད་རབ་གནས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག དེ་རྗེས་ཚེས་ ༡༤ ཉིན་སྦེང་ལོར་ནས་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད།

༸གོང་ས་མཆོག་སྦེང་ལོར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ།

དེ་རིང་ཟླ་ ༨ ཚེས་ ༩ ཉིན་སྔ་དྲོ་ཚོུ་ ༡༠༌༣༠ ཡོལ་ཙམ་ལ་བོད་མིིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྷོ་ཝ་ཁུལ་གྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་སྦེང་ལོར་ནང་མཛད་འཆར་ཁག་ཅིག་བསྐྱང་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེང་ལོར་གྲོང་ཁྱེར་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཀ་ན་ཊ་ཀ་མངའ་སྡེ་གཞུང་གི་སྣེ་ལེན་སྡེ་ཚན་གྱི་དྲུང་ཆེ་དང་སྦེང་ལོར་ལྷོ་སྤྱི་བཅས་ཕེབས་བསུར་བཅར་ཡོད་པ་དང་༸གོང་ས་མཆོག་གནམ་ཐང་ནས་བཞུགས་གནས་ Conrad Hotel  གསོལ་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ཕྱི་ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་གི་མཛད་འཆར་གོ་སྒྲིག་ཞུ་མཁན་རྒྱ་གར་ཝ་ན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་དང་འབྲེལ་ཡོད་ལས་མི་རྣམ་པ། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་། གྲོས་ཚོགས་ཀྱི་ཚོགས་གཙོ།  ཕྱོགས་བཞུགས་སྤྱི་འཐུས་རྣམ་པ།  ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་ས་གནས་འགོ་འཛིན་དང་མཉམ་འབྲེལ་སོགས་ཚོགས་སྡེ་ཚན་ཁག་གི་གནད་ཡོད་མི་སྣ་དང་སློབ་ཕྲུག དེ་བཞིན་མང་ཚོགས་བཅས་བརྒྱ་ཕྲག་ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། དེ་རིང་༸གོང་ས་མཆོག་༸སྐུ་ངལ་གསོ་བཞུགས་གནང་རྒྱུ་ལས་དམིགས་གསལ་གྱི་མཛད་འཆར་གང་ཡང་མེད་པ་དང་། སང་ཉིན་ཚེས་ ༡༠ ཉིན་སྦེང་ལོར་ Taj west Hotel གསོལ་མགྲོན་ཁང་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་བོད་མི་ཡོངས་ནས་ཀ་ན་ཊ་ཀ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུ་བཞུགས་མཛད་རྒྱུ་དང་དེ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་གཞོན་པ་རྣམ་གཉིས་ཀྱང་ཕེབས་རྒྱུའི་ཞལ་བཞེས་ཐོབ་འདུག ཕྱི་ཚེས་ ༡༡ དང་ ༡༢ ཉིན་གཉིས་རིང་ Conrad Hotel གསོལ་མགྲོན་ཁང་དུ་རྒྱ་གར་ཝ་ན་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་གར་སློབ་ཕྲུག་དང་ཡུལ་མི་བཅས་ ༧༥༠ ཙམ་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་དང་ཚེས་ ༡༣ ཉིན་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བུའི་སྡོད་ཁང་དབུ་འབྱེད་རབ་གནས་དང་འབྲེལ་དགེ་ལས་སློབ་ཕྲུག་རྣམས་ལ་བཀའ་སློབ་བསྩལ་རྒྱུ་རེད་འདུག དེ་རྗེས་ཚེས་ ༡༤ ཉིན་སྦེང་ལོར་ནས་ཆིབས་ཞལ་བསྒྱུར་གནང་གི་ཡོད་པ་རེད། རྩ་བའི་ཝ་ན་ཐེབས་རྩ་ཁང་ནི་རྒྱ་གར་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་ཡོད་པ་དང་གསར་འཛུགས་གནང་ནས་ལོ་གཉིས་སོང་ཡོད་པ་རེད། ཚོགས་པ་དེ་ནི་མང་ཚོགས་ལ་སྲོལ་རྒྱུན་སྨན་བཅོས་ལྟ་སྐྱོང་གནང་མཁན་ཞིག་ཡིན་པ་དང་དེའི་ཡན་ལག་ལྡི་ལི་དང་སྦེང་ལོར་སོགས་ས་གནས་ཁ་ཤས་ནང་ཆེད་འཛུགས་གནང་འདུག ཚོགས་པ་དེས་དེ་སྔ་ལྡི་ལི་དང་མོམ་བའེ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཐེངས་གཉིས་གོ་སྒྲིག་ཞུས་ཡོད་པ་དང་། ད་རེས་དུ་སྦེང་ལོར་དུ་གདན་ཞུ་གནང་བ་ནི་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད། ༸སྐུ་དཔར་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Latest news