Tibetan Royal Year of 2151 | Year of the Wood Dragon

བོད།

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་ལོ་གཉིས་ཀྱི་ཁྲིམས་གཅོད་ཀྱིས་བཙོན་འཇུག་བྱས་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཆེད་དུ་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལོ་ཡུན་གཉིས་རིང་ཁྲིམས་གཅོད་བཙོན་འཇུག་བྱས་འདུགམཚན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་འདི་ལོའི་ཕྱི་ཟླ་ ༧ ནང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་ཡུན་གཉིས་རིང་ཁྲིམས་གཅོད་བཙོན་འཇུག་བྱས་པའི་གནས་ཚུལ་སྤྱི་ཚོགས་ནང་ཡོངས་གྲགས་བྱུང་བ་ཙམ་ལས་ཁོང་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་ཐུབ་མེད་པ་སོགས་གསུངས་སོང་། དེ་བཞིན་ཁོང་གིས་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་ལྷན་དུ་དགེ་འདུན་པ་གཞན་ཞིག་ཀྱང་འཛིན་བཟུང་བྱས་ཡོད་སྐོར་གསུངས་པར་མ་ཟད་ད་སྐབས་ངལ་འཕྲད་རྐྱེན་གྱིས་རྗེས་སུ་དེ་འབྲེལ་ཁ་གསལ་བཟོ་རྒྱུ་ཡིན་ཞེས་གསུངས་ཡོད།དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ནི། རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ལགས་ཀྱི་བུ་ཡིན་ཞིང་། སྐུ་ན་ཕྲ་མོའི་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བློ་བསྟན་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་རིམ་པ་གནང་མཐར་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་མཚན་བཏགས་བཞེས་ཡོད་པ་དང་། རྔ་ཡུལ་ཀིརྟི་དགོན་གྱི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་སོགས་བཞེས་མྱོང་ཡོད་འདུག ཁོང་གིས་དགོན་པའི་ལས་འགན་སྔ་ཕྱི་བཞེས་པའི་རིང་རྫོང་དང་དགོན་པའི་དབར་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ངལ་བ་ཁག་གཅིག་འཕྲད་འདུག་ཀྱང་། གནད་དོན་དེ་དག་གདོང་ལེན་གྱིས་གྲྭ་མང་ལ་དཀའ་ངལ་མི་འཕྲད་པའི་ཐབས་ལམ་སྣ་ཚོགས་གནང་འདུག རྩ་བའི་ཁོང་དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་ཙམ་ལ་ཁོང་སི་ཁྲོན་ཞིང་ཆེན་ཁྲི་འདུ་རུ་གུང་སེང་ལ་བཞུགས་པའི་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་མྱོང་འདུག་པ་དང་། ཁོང་གི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་ལགས་ལ་ནག་ཉེས་ཁ་གསལ་གང་ཡང་མེད་པའི་འོག་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་སོང་ཡོད་པ་དེ་ལྟར་ནའང་། ཁོད་གི་གཟུགས་གཞིའི་གནས་སྟངས་དང་བཙོན་འཇུག་ཁྲིམས་གཅོད་སོགས་ཀྱི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མི་འདུག

ཨ་ཆེན་གངས་རྒྱབ་ཀྱི་གནས་སྟངས་ཇི་ཆགས་ཐོག་བསྐྱར་ཞིབ་དགོས་པའི་ཞུ་སྐུལ།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་སྔ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་པའི་བོད་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐོག་བསྐྱར་ཞིབ་དགོས་པའི་ཞུ་སྐུལ་གནང་འདུགའདི་ལོའི་ཟླ་ ༡༠ ནང་ World Heritage Watch ཞེས་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་དངོས་མིན་རིག་གནས་ཤུལ་བཞག་ལྟ་ཞིབ་ཅེས་པའི་རྒྱལ་སྤྱིའི་དངོས་མིན་དངོས་མིན་རིག་གནས་ཤུལ་བཞག་ལ་ཉམས་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། སྙན་ཐོ་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་དཔྱད་ཞིབ་གྲུབ་དོན་ཁག་གཅིག་བཀོད་ཡོད་པར་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་སྡེ་ཚན་གྱི་རང་བྱུང་སྲུང་སྐྱོབ་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཀྱི་སྙན་ཐོ་འགོད་འབུལ་གྱི་ཁྲོད་རྒྱ་གཞུང་ལ་ཕྱི་ལོ་ ༢༠༢༤ བར་དུ་བོད་ཀྱི་ཨ་ཆེན་གངས་རྒྱབ་ཀྱི་གནས་བབ་ཐད་ལན་འདེབས་སྙན་ཐོ་ཕུལ་དགོས་ཀྱི་མེད་པར་མངོན་གསལ་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོར་བོད་ཀྱི་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པའི་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ས་ཁུལ་ཁོངས་སུ་བཅུག་པ་ནས་བཟུང་སྟེ་དེའི་གནས་བབ་ལ་བསྐྱར་ཞིབ་གཅིག་ཀྱང་གནང་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། རྒྱལ་ཚོགས་ཀྱི་ UNESCO སྡེ་ཚན་གྱི་ལས་བྱེད་གཙོས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་ཁྱད་ལས་སློབ་སྟོན་པ་རྣམས་ལ་ཡོང་རྒྱུའི་རྒྱལ་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ནང་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་དེ་རྒྱ་ནག་རྒྱལ་ཁབ་ཀྱི་སྤྱི་གླིང་དང་བོད་ཀྱི་སྲིད་བྱུས་གཉིས་ལ་ཆེས་གལ་ཆེན་ཆགས་ཀྱི་ཡོད་པ་གཙོས་ས་ཁུལ་དེར་ IUCN ཞེས་རང་བྱུང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་རྟོག་ཞིབ་ཇི་གནང་གསལ་དགོས་པར་མ་ཟད། དེ་བདག་གཅེས་ཀྱི་བདག་དབང་ཁྲོད་བོད་མིའི་ཐུན་མིན་ཆོས་རིག་དང་གོམས་སྲོལ་བཅས་པ་ཚུད་དགོས་པར་ནན་སྐུལ་གནང་འདུགདེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རང་བྱུང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཐུན་ཚོགས་ཀྱིས་འདོན་སྤེལ་གནང་བའི་ ༢༠༡༧ ལོའི་སློབ་སྟོན་སྙན་ཐོ་ལྟར་བྱས་ན་ཨ་ཆེན་གངས་རྒྱབ་དེ་མེས་པོ་མང་པོའི་སྐྱེལ་ཡུལ་དང་ལོ་རྒྱུས་ལ་གྲགས་པའི་ས་ཁུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་ལྷག་དོན་ཚོགས་པ་དེ་ཉིད་ཀྱིས་ཨ་ཆེན་གངས་རྒྱབ་ཐོག་དཔྱད་ཞིབ་གནང་བའི་ ༢༠༢༠ ལོའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲུབ་དོན་ནང་ས་ཁུལ་དེ་བདག་གཅེས་གནང་ཕྱོགས་ཀྱི་ལས་དོན་ཁག་ནང་ས་གནས་བོད་མིའི་ཐེ་གཏོགས་དེ་ཉུང་ངུ་ཙམ་ལས་མེད་པར་ར་འཕྲོད་གནང་ཡོད་པ་བཅས་ལུང་འདྲེན་གནང་སྟེ། ཨ་ཆེན་གངས་རྒྱབ་ས་ཁུལ་བདག་གཅེས་དང་འབྲེལ་བའི་ཐོག་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ་དང་། གཙོ་བོ་གནམ་གཤིས་འགྱུར་ལྡོག་དང་ཡུལ་སྐོར་སྤྲོ་འཆམ། འགྲིམ་འགྲུལ་བཅས་ཀྱི་ཐད་རྟོག་ཞིབ་ཀྱིས་བདག་གཅེས་ཀྱི་འཆར་གཞི་བཀོད་དགོས་པར་མ་ཟད། ས་ཁུལ་དེ་བདག་གཅེས་གནང་བར་དེའི་ནང་འཚོ་རྟེན་བྱེད་བཞིན་པའི་བོད་མི་འབྲོག་པ་རྣམས་ཀྱི་ཉིན་རེའི་འཚོ་བར་བརྟེན་པའི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ཀྱི་གནང་སྒོ་ཁག་གལ་གནད་ཇི་ཆགས་ཐད་འགྲེལ་བརྗོད་གནང་དགོས་པ་དང་ཁོང་རྣམ་པར་ཁྲིམས་མཐུན་སྒོ་ནས་ཞུ་གཏུག་བྱ་རྒྱུའི་ཐབས་ལམ་ཇི་ཡོད་ལ་དཔྱད་ཞིབ་དགོས་པ། ས་གནས་བོད་མིའི་མོས་མཐུན་མེད་པར་ཉེ་འཁོར་ལ་ཡོད་པའི་སྲུང་སྐྱོབ་ས་ཁུལ་གཞན་རྣམས་ཨ་ཆེན་གངས་རྒྱབ་ཀྱི་ས་ཁུལ་ཁོངས་སུ་ཚུད་ཐབས་ཀྱིས་ས་མཚམས་རྒྱ་བསྐྱེད་གཏོང་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག

གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་དོན་འཁྱོལ་སླད་བོད་མིས་གཙོས་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་པ།

རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་རྩ་མེད་བཟོ་རྒྱུ་ལ་ཆེད་དམིགས་ཀྱིས་རིམས་ནད་ཀླ་ཀོར་གྱི་སྲིད་བྱུས་ཞེས་པ་རྒྱ་ནག་གིས་གཙོས་པའི་བོད་དང་ཤིན་ཅང་སོགས་གྲངས་མི་རིགས་ཀྱི་ས་ཁག་ཡོངས་ལ་ལག་བསྟར་བྱས་ཡོད་པ་དང་། སྲིད་བྱུས་དེ་ཉིད་དོན་འཁྱོལ་ཡོང་ཐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པོའི་ནང་བོད་མི་དང་རྒྱ་ནག་གི་ཧན་མི་རིགས། ས་གནས་ཀྱི་ཁ་ཆེའི་གྲངས་ཉུང་མི་རིགས་སོགས་ཁྱོན་མི་སེར་སྟོང་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་པར་མ་ཟད་རིམས་ནད་དང་འབྲེལ་བའི་ཁྱིམ་སྡོད་བཀའ་རྒྱ་བསྡམས་པ་སོགས་ཀྱི་དམ་བསྒྲགས་ཁག་ཕྱིར་འཐེན་དགོས་ཞེས་ས་གནས་སྲིད་གཞུང་ལ་ངོ་རྒོལ་གནང་མཁན་གྱིས་དབུས་པའི་གཞི་རིམ་མི་མང་ཉིས་བརྒྱ་ལྷག་བཀག་ཉར་བྱས་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ ༡༡ ཕྱི་ཚེས་ ༡ ཉིན་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་ China File ཞེས་པའི་གསར་ཁང་གིས་རྒྱ་ནག་གཞུང་གིས་རིམས་ནད་སྔོག་གི་ལས་གཞི་སྤེལ་བ་སྤྱི་དང་ལྷག་པར་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་དེ་རྒྱ་ནག་རྒྱལ་ནང་ཙམ་མ་ཚད་པར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་དང་གྲངས་ཉུང་མི་རིགས་ཀྱི་ས་གནས་སུ་ལག་བསྟར་ནན་པོ་བྱས་དང་བྱེད་བཞིན་ཡོད་སྐོར་ཕྱོགས་བསྡོམས་ཀྱི་གནས་ཚུལ་ཞིག་སྤེལ་འདུག རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་ཡུལ་དེར་ཏོག་དབྱིབས་རིམས་ནད་ཕོག་མཁན་ཐོག་མར་བྱུང་སྐབས་ལྕག་ཤོག་ཁང་པ་ཟུར་འཛུགས་བྱས་ཏེ་རིམས་ནད་ལ་གདོང་ལེན་ཕྲན་བུ་བྱས་ཡོད་པ་དང་། བོད་ནང་ལ་ཆ་མཚོན་ན་རིམས་ནད་ཁྱབ་གདལ་མ་སོང་གོང་ནས་ཟུར་བཀག་གི་སྡོད་ཁང་གསར་རྒྱག་བྱས་ཏེ་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྔོན་འགོག་ལས་དོན་ཚགས་ཚུད་བྱུང་ཡོད་སྐོར་སོགས་བཤད་ཡོད་ཀྱང་། དོན་དངོས་ཐོག་འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ཤར་ཙམ་ལ་བོད་ནང་རིམས་ནད་ཕོག་མཁན་གྱི་གྲངས་འབོར་ཇི་མང་དུ་སོང་སྐབས་ས་གནས་མི་མང་རྣམས་ཟུར་བཀག་ཏུ་འཇོག་འགོ་བཙུགས་པར་མ་ཟད་ཟུར་བཀག་ཁང་དུ་ཉེར་མཁོ་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་འཐུས་ཚང་མེད་པ་མངོན་གསལ་གནང་འདུག ལྷག་པར་ལྷ་ས་གཙོས་ཉེ་འཁོར་གྱི་ས་གནས་ཁག་ཏུ་ཡོད་པའི་རྒྱ་གཞུང་ལས་བྱེད་ཚོས་ཞི་ཅིན་ཕིང་གིས་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་གོང་མའི་བཀའ་རྒྱ་ལྟར་རིམས་ནད་ཀླ་ཀོར་གྱི་སྲིད་བྱུས་ཞེས་པ་དོན་འཁྱོལ་ཡོང་སླད་ས་གནས་བོད་མི་དང་རྒྱ་ནག་ཧན་མི་རིགས། ཁ་ཆེའི་གྲངས་ཉུང་མི་རིགས་སོགས་ཁྱོན་མི་སེར་སྟོང་ཕྲག་མང་པོ་རིམ་བཞིན་ཟུར་བཀག་ཏུ་བཅུག་ཡོད་པ་དང་། དེ་དག་གི་ཁྲོད་དུ་ཕྱིའི་མི་སེར་ཡིན་པ་ཞིག་ཀྱང་ཚུད་ཡོད་པར་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་རང་ལ་གཞིགས་ཚེ་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁུལ་དུ་ཆེད་འཛུགས་བྱས་པའི་ཟུར་བཀག་ཏུ་མི་སེར་ ༤༢༩༣༧ ཡོད་པ་དང་། གྲངས་ཐོ་དེ་ནི་བོད་ནང་རིམས་ནད་ཐོག་མར་ཁྱབ་གདལ་བྱུང་སྐབས་ནས་བཟུང་ད་བར་གྱི་ཟུར་བཀག་བྱེད་སྟངས་ལ་གཞིགས་ཚེ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཁོ་ནར་མི་སེར་ ༡༤༠༠༠༠ ལྷག་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་ཟུར་བཀག་ཁང་དུ་བཅུག་ཡོད་པ་དང་། མི་སེར་ ༧༠༠༠༠ ཙམ་རྒྱལ་ས་ལྷ་ས་ཁུལ་དུ་གནས་སྡོད་བྱེད་བཞིན་པའི་མི་སེར་ཆགས་ཀྱི་ཡོད་པ་གསུངས་ཡོད། ས་གནས་མི་མང་རྣམས་སོ་སོའི་སྡོད་ཁང་སོགས་ཀྱི་ནང་ལ་ཟུར་བཀག་ཏུ་བཞུགས་བཞིན་པ་རྣམས་ཚུད་ཀྱི་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་ཟུར་བཀག་ནང་ཁྱོན་མི་བཞི་སྟོང་ལྷག་ཤོང་གི་ཡོད་པ་དང་། ལྷ་སའི་ནུབ་ཕྱོགས་ཀྱི་མཚམས་སུ་ཆགས་པའི་སྟོད་ལུང་བདེ་ཆེན་ཁུལ་གྱི་ཟུར་བཀག་ཏུ་བཞག་པའི་བུ་ཕྲུག་ཞིག་གིས་རང་ཉིད་ཀྱི་ཉིན་དེབ་ནང་ཁོང་ཡོད་སའི་ཟུར་བཀག་ཁང་དུ་ཁྱོན་མི་སེར་ ༦༠༠༠ ལྷག་ཡོད་པ་དང་། ཟུར་བཀག་དེར་ཉི་མ་རེ་ལ་ཟས་རག་པར་ཆུ་ཚོད་བཅུ་གཉིས་ཙམ་ངང་སྒུག་བྱེད་དགོས་པ་མ་ཚད་པར་ཟས་རིགས་འབྱོར་སྐབས་སུ་རྒན་གཞོན་མེད་པར་ཚང་མ་འཚང་ག་རྒྱག་བརྒྱབ་ཏེ་ལག་ལ་ཟས་རག་ཐབས་ལས་དེ་མིན་ལྟོགས་བཀྲེས་གནས་ལས་མ་འདས་སོ་ཞེས་བྲིས་པ་དང་། དེ་བཞིན་མི་བཞི་སྟོང་ཙམ་ཡོད་པའི་ཟུར་བཀག་ནང་སྡོད་མཁན་ཞིག་གིས་ཟུར་བཀག་དེ་དག་ཏུ་ནད་རྟགས་ཡོད་མེད་ལ་ལྟོས་མེད་མཉམ་བསྲེས་བྱས་ནས་བཞག་གི་ཡོད་པར་མ་ཟད། ཕག་ཚང་ལྟ་བུ་འདུག་ཅེས་འགྲེལ་བརྗོད་གནང་བ་བཀོད་འདུག གནས་ཚུལ་དེའི་ནང་རྒྱ་ནག་གཞུང་གིས་རིམས་ནད་སྔོན་འགོག་གི་ལས་དོན་ཁྲོད་བོད་ནང་གི་ལས་བྱེད་ཁག་གཅིག་ལས་གནས་ནས་ཕྱིར་ཕུད་བཏང་བ་དང་། ས་གནས་བོད་མི་དང་དགོན་སྡེ་ཁག་གི་ངོས་ནས་དཔལ་འབྱོར་སོགས་ཀྱི་རོགས་རམ་གནང་བ། དེ་བཞིན་ལས་བྱེད་ལ་ལས་གོང་མའི་བཀའ་རྒྱར་གདོང་ལེན་གནང་སྟེ་ས་གནས་ཀྱི་མི་སེར་རྒན་པ་ཁག་གཅིག་སོ་སོའི་ནང་ལ་སྡོད་བཅུག་པ། དམ་བསྒྲགས་ཀྱི་བཀག་སྡོམ་ཁྲོད་མི་སེར་ཁག་གཅིག་རང་སྲོག་བཅད་པའི་གནས་སྟངས་མི་ཉུང་བ་ཞིག་བྱུང་ཡོད་པར་འགྲེལ་བརྗོད་གནང་འདུག བརྒྱུད་ལམ་གཞན་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནང་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་རྣམས་སྒོ་རྒྱ་བསྡམས་པ་མཚམས་འཇོག་དགོས་ཞེས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བའི་གནས་ཚུལ་དང་འབྲེལ། ད་ཆ་ས་གནས་མི་མང་ ༢༠༠ ཙམ་སྐབས་དེའི་ལས་འགུལ་སྣེ་ཁྲིད་གནང་བ་དང་མཉམ་ཞུགས་གནང་བར་ཁག་དཀྲིས་ཏེ་བཀག་ཉར་བྱས་འདུག རྩ་བའི་ཞི་རྒོལ་བྱུང་རྗེས་རྒྱལ་ས་ལྷ་ས་ནས་ལས་མི་དང་ས་གནས་གཞན་གྱི་མི་མང་རྣམས་རང་གནས་སུ་ཕྱིར་ལོག་བྱེད་བཅུག་པ་དང་ས་གནས་ཁག་གཅིག་ཏུ་དམ་བསྒྲགས་ཀྱི་གནས་སྟངས་ཅུང་གུ་ཡངས་བཏང་པའི་གནས་ཚུལ་ཐོན་ཡོད་ཀྱང་། ཁ་སང་དེ་རིང་རྒྱལ་ས་ལྷ་སའི་བར་སྐོར་ནང་ནས་ཕྱིར་འགྱར་བྱུང་བའི་བརྙན་པར་ལ་གཟིགས་ཚེ་ས་གནས་མི་མང་ཁག་གཅིག་ལ་ཆུ་ཚོད་གཅིག་ཙམ་རིང་ཕྱིར་ཐོན་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་ཆོས་ཕྱོགས་ཀྱི་གནང་སྒོ་ཁག་གནང་མི་ཆོག་པ་སོགས་སྤྱི་ཡོངས་ཀྱི་དམ་བསྒྲགས་གནས་སྟངས་རང་སོར་གནས་མུས་ཡིན་པ་རེད་འདུག

བོད་འབྲི་རུ་ནས་ཡིན་པའི་གཞོན་སྐྱེས་གཉིས་ཁ་བརྡ་བྱས་པའི་ཉེས་མིང་འོག་འཛིན་བཟུང་།

བོད་ནག་ཆུའི་ས་ཁུལ་འབྲི་རུ་རྫོང་གཡང་ཤོད་སྐྱིད་བརྡ་གྲོང་ཚོ་ནས་ཡིན་པའི་བོད་པའི་གཞོན་སྐྱེས་གཉིས་ལམ་བར་དུ་གྲོགས་པོ་ཁག་གཅིག་དང་ལྷན་དུ་ཁ་བརྡ་བྱས་པའི་ཉེས་མིང་འོག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་ད་ཆ་བདུན་ཕྲག་གཅིག་ལྷག་འགྲོ་བཞིན་ཡོད་ཀྱང་ཁོང་གཉིས་པོ་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་པར་གྱུར་འདུགརྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་གཞོན་སྐྱེས་གཉིས་ཀྱི་མཚན་ལ་རིན་ཆེན་དར་རྒྱས་དང་བསམ་གཏན་ཞུ་གྱི་འདུག གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་ཉེ་ཆར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༦ ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་ཁོང་གཉིས་ཡུལ་ཚོ་ནས་རྫོང་ཐོག་ཏུ་ཅ་དངོས་ཉོ་བར་འགྲོ་སྐབས་ལམ་བར་དུ་གྲོགས་པོ་ཁག་གཅིག་དང་ཐུག་སྟེ་ཁ་བརྡ་བྱས་ཏེ་བསྡད་སྐབས་ས་གནས་རྒྱ་གཞུང་ཉེན་རྟོག་པ་བསླེབས་ཏེ་གང་་བྱུང་འགྲོ་སྐྱོད་དང་དོན་མེད་འདུ་འཛོམས་བྱས་པའི་ཉེས་མིང་འོག་བཙན་ཁྲིད་བྱས་ཡོད་པ་དང་། གནད་དོན་དེ་ནང་མི་ཚོས་ཤེས་རྟོགས་བྱུང་རྗེས་རྩད་གཅོད་གནང་ཡོད་ཀྱང་ ཁོང་གཉིས་པོ་ས་གནས་གང་དུ་བཀག་ཉར་བྱེད་ཡོད་མེད་དང་གཟུགས་གཞིའི་གནས་སྟངས་སོགས་ཀྱི་ཤེས་རྟོགས་གང་ཡང་མེད་པར་གྱུར་ཡོད་སྐོར་གསུངས་སོང་། གཞི་རྩའི་རིན་ཆེན་དར་རྒྱས་ལགས་དང་བསམ་གཏན་ལགས་གཉིས་ནི་ཁྱིམ་གཅིག་གི་བུ་སྤུན་ཡིན་པ་དང་། ཁོང་རྣམ་གཉིས་ཀྱི་པཱ་ལགས་སྔ་མོ་ནས་འདས་གྲོངས་སུ་གྱུར་ཡོད་ཀྱང་། ཨ་མ་ལགས་སྐུ་འཚོ་བཞུགས་ཡིན་པ་རེད་འདུག རིན་ཆེན་དར་རྒྱས་ལགས་ནི་ད་ལྟ་རང་ལོ་ ༢༧ དང་བསམ་གཏན་ལགས་ནི་རང་ལོ་ ༢༢ རེད་འདུག

གཉན་རིམས་ཕོག་མེད་ཚེ་ལྷ་ས་ནས་ཕྱིར་སྐྱོད་ཆོག་པ་བཟོས་འདུག

ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་ནང་རྒྱ་རིགས་ལས་མི་ཚོས་རང་སར་ཕྱིར་ལོག་བཅུག་དགོས་པའི་ངོ་རྒོལ་སྐད་འབོད་བྱས་པའི་རྗེས། ཁུལ་དེའི་འགོ་དཔོན་རྣམས་ནས་བཀའ་རྒྱ་བཏང་དོན་ལྟར་རང་གནས་སུ་ལོག་མཁན་རྣམས་ཁུལ་དེ་ནས་ཕྱིར་སྐྱོད་ཆོག་མཆན་དེ་ཉིད་གཟའ་འཁོར་གཅིག་གི་སྔོན་ཚུད་ནས་ཞུ་དགོས་པ་དང་། ཁོང་རྣམ་པར་བརྟག་དཔྱད་ཁྲོད་ཆུ་ཚོད་ ༧༢ ནང་ཐེངས་གསུམ་བསྟུད་མར་ཏོག་དབྱིབས་ཀྱི་རིམས་ནད་ཕོག་མེད་ཚེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རང་གནས་སུ་ཕྱིར་ལོག་བྱེད་ཆོག་གི་ཡོད་པ་དང་འབྲེལ། བརྙན་པར་ནང་དེ་འབྲེལ་རྒྱ་རིགས་ལས་མི་གཙོས་ལྷ་ས་ཕྱི་སྡོད་ཀྱི་བོད་མི་རྣམས་ཀྱང་རང་གནས་སུ་སྐྱོད་བཞིན་ཡོད་པ་མངོན་རྒྱུ་འདུགརྒྱ་རིགས་ལས་མི་ཚོ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ལས་རིགས་འཚོལ་བར་ཡོང་མཁན་རྣམས་ཡིན་པ་དང་། ད་ཆ་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་ཐེམ་སྤང་བཀའ་རྒྱ་མུ་མཐུད་ཟླ་བ་གསུམ་ལྷག་བསྡམས་པར་ཁོང་རྣམས་ལ་ལས་ཀ་མེད་པ་མ་ཟད། དཔལ་འབྱོར་དང་འཚོ་བའི་གནས་སྟངས་ཁྲོད་དཀའ་ངལ་ཆེས་ཆེས་འཕྲད་སྟབས། ས་གནས་སྲིད་གཞུང་ལ་ངོ་རྒོལ་གྱིས་རང་གནས་སུ་ལོག་བཅུག་དགོས་པའི་དགོས་འདུན་བཏོན་པ་ཡོད་པ་རེད། སྤྱིར་དེ་སྔོན་རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་རིམས་ནད་ཀྱི་རྐྱེན་པས་འཚོ་བའི་ཁྲོད་དུ་དཀའ་ངལ་འཕྲད་བཞིན་པ་རྣམས་དང་། ནད་པ། དེ་བཞིན་ལས་མེད་སོགས་ཀྱི་ཐད་ལ་འཚོ་སྣོན་རོགས་དངུལ་སྤྲོད་རྒྱུའི་ཡོངས་ཁྱབ་བྱས་ཡོད་ཀྱང་། བོད་མི་ཁག་གཅིག་ལ་རོགས་དངུལ་མ་རག་པ་དང་། ཁ་ཤས་ལ་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད་འདུགསྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་པར་འགའ་མུ་མཐུད་ཕྱིར་འགྱར་འབྱུང་བཞིན་ཡོད་པ་ལྟར་བརྙན་པར་ཞིག་གི་ནང་དུ་ཟུར་བཀག་ཁང་ནང་ཡོད་པའི་ཁང་དམར་རྫོང་ནས་ཡིན་པའི་བོད་པའི་བུ་མོ་གཅིག་གིས་དེ་སྔ་རང་ཉིད་ནད་ཡམས་མ་ཁྱབ་གོང་དུ་མེ་ཏོག་གི་ཚོང་ལས་ལ་གཉེར་ཏེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པ་དང་། ད་ཆ་ནད་ཡམས་རྐྱེན་པས་རང་ཉིད་ཀྱི་འཚོ་བའི་ཁྲོད་དུ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་དེར་དགོངས་བཞེས་གནང་རོགས་ཞེས་འགྲེལ་བརྗོད་གནང་བ་མངོན་རྒྱུ་འདུགབརྙན་པར་གཞན་ཞིག་གི་ནང་རྒྱང་རྩེ་ནས་ཡིན་པའི་བོད་མི་གཅིག་གིས་ས་གནས་སྲིད་གཞུང་གི་བཀའ་རྒྱ་ལྟར་ཉིན་གྲངས་ ༧༠ ལྷག་གི་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གཡས་གཡོན་གྱི་གྲོང་གསེབ་ཏུ་གུར་ཞིག་གི་ནང་སྡོད་བཞིན་ཡོད་པ་དང་། ཁ་བ་ཤུགས་ཆེར་འབབ་བཞིན་ཧ་ཅང་གྲང་ངར་ཆེ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། བརྟག་དཔྱད་ཟིན་ཁག་ཚང་མ་ནད་དུག་དེ་མེད་པའི་གྲུབ་འབྲས་ཐོན་གྱི་འདུག་པས། ད་ཆ་རྒྱང་རྩེ་ལ་ལོག་བཅུག་རོགས་ཞེས་པར་ས་གནས་སྲིད་གཞུང་ལ་འབོད་སྐུལ་ཞུས་པ་མངོན་རྒྱུ་འདུག སྟོད་ལུང་བདེ་ཆེན་རྫོང་ནས་བརྙན་པར་ཅིག་ཕྱིར་འགྱར་བྱུང་བའི་ནང་ས་གནས་བོད་མི་རྣམས་ཉིན་གྲངས་ ༧༠ ལྷག་ཐེམ་སྤང་བཀའ་རྒྱའི་འོག་འཚོ་བའི་གནས་སྟངས་ཁྲོད་དཀའ་ངལ་འཕྲད་པའི་ཁར་ཟས་གོང་ཧ་ཅང་འཕར་བའི་རྐྱེན་གྱིས་དེ་འབྲེལ་དགོངས་བཞེས་གནང་རོགས་ཞུས་པར་ས་གནས་ཉེན་རྟོག་པས་གསན་འཇོག་གང་ཡང་མ་བྱས་པར་བོད་མི་ལྔ་འཛིན་ཟུང་བྱས་པ་མངོན་རྒྱུ་འདུགགཞན་ཡང་རྒྱ་ནག་ནང་གི་ཏོག་དབྱིབས་དང་འབྲེལ་བརྒྱུད་ལམ་ཁག་གི་ནང་དུ་ཧ་ཅང་སྤེལ་བཞིན་ཡོད་པའི་གནས་ཚུལ་གཞན་ཞིག་ལ་གཞིགས་ན། རྒྱ་ནག་གི་གྲོང་ཁྱེར་ Zhengzhou  ནང་དུ་རྟེན་གཞི་བྱས་པའི་ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་ Foxconn ཞེས་པའི་ནང་དུ་དེ་འབྲེལ་རྒྱ་རིགས་ལས་བྱེད་ཧ་ཅང་མང་པོ་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ཟུར་བཀག་བྱས་ཡོད་པ་དང་། ཟུར་བཀག་དེའི་ནང་མཐུན་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་བྱུང་རྐྱེན། དེ་འབྲེལ་ལས་བྱེད་རྣམས་སྲིད་བྱུས་དེར་གདོང་ལེན་གྱིས་བཟོ་ལས་ཁང་གི་ལྕགས་རའི་ཐོག་ནས་མཆོང་སྟེ། སྤྱི་ལེ་ ༡༠༠ ལྷག་གི་སར་ཡོད་པའི་རང་གནས་སུ་རྐང་ཐང་ལ་ལོག་བཞིན་ཡོད་པ་སོགས་མངོན་རྒྱུ་འདུག པར་དང་པོ། RFA

བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་རིགས་ལས་མི་ཚོ་ཕྱིར་ལོག་འགོ་འཛུགས།

ཁ་སྔོན་ཕྱི་ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་ནང་རྒྱ་རིགས་ལས་མི་ཚོས་རང་སར་ཕྱིར་ལོག་བཅུག་དགོས་པའི་ངོ་རྒོལ་སྐད་འབོད་བྱེད་མཁན་རྣམས་ད་ཆ་རང་གནས་སུ་ཕྱིར་ལོག་འགོ་འཛུགས་བྱས་འདུགཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁ་སང་དྲ་ཐོག་གསར་དུ་སྤེལ་བའི་བརྙན་པར་ལ་གཞིགས་ན། ཁུལ་དེའི་རྒྱ་རིགས་ལས་མི་ཚོ་རུ་སྒྲིག་ཏེ་རྒྱ་ནག་ལ་ཕྱིར་ལོག་པའི་ཡིག་ཆ་མཁོ་སྒྲུབ་བྱེད་བཞིན་ཡོད་པ་མངོན་རྒྱུ་འདུག རྩ་བའི་ཁ་སྔོན་གྱི་ངོ་རྒོལ་ལས་འགུལ་དེ་ནི་ལྷ་སར་གནས་སྡོད་རྒྱ་རིགས་ཚོས་འདས་པའི་བདུན་ཕྲག་མང་པོའི་རིང་ས་གནས་སྲིད་གཞུང་ལ་རང་གནས་སུ་ཕྱིར་ལོག་འཐུས་ཀྱི་འབོད་སྐུལ་ལན་མང་ཞུས་ཀྱང་དེ་ཕྱོགས་ནས་དོན་འབྲས་སོན་པའི་ཡ་ལན་གང་ཡང་བྱུང་མེད་རྐྱེན་ལས་མི་ཚང་མ་མཉམ་རུབ་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཆགས་ཡོད་པ་དང་འབྲེལ། ལས་འགུལ་ནང་ས་གནས་བོད་མི་མི་ཉུང་བ་ཞིག་མཉམ་ཞུགས་གནང་ཡོད།  སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་དེ་བརྒྱུད་སྤེལ་བྱེད་མཁན་མང་པོ་བྱུང་ཡོད་པའི་ཁྲོད། ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་ཁུལ་དེར་གནས་སྡོད་རྒྱ་རིགས་ལས་མི་ཚོས་སྣེ་ཁྲིད་པ་ཞིག་ཡིན་པ་དང་། གལ་ཏེ་དེ་ལྟ་བུའི་ལས་འགུལ་དེ་བོད་རིགས་ཚོས་སྤེལ་ཚེ་དེར་དྲག་གནོད་བྱ་རྒྱུ་གཏན་ཁེལ་བ་རེད་ཅེས་འགྲེལ་བརྗོད་གནང་མཁན་འདུགགཞི་རྩའི་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་འོག་ཐེམ་སྤང་བཀའ་རྒྱ་བསྡམས་ནས་ད་ཆ་ཉིན་གྲངས་ ༧༥ ལྷག་འགྲོ་བཞིན་ཡོད་ཀྱང་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་མེད་པར་མ་ཟད། བོད་མི་མང་པོ་ལྟོགས་བཀྲེས་ཀྱི་གནས་སུ་གྱར་བའི་ངལ་བ་འཕྲད་བཞིན་ཡོད་པ་དང་། ལྷག་པར་རིམས་ནད་འགོག་ཐབས་ཁྲོད་མི་མང་ཚོ་མཐུན་རྐྱེན་ཞན་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་ཡོད་སྟབས་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་རེད་འདུག སྤྱི་ཚོགས་དྲ་ལམ་ཁག་ཏུ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཁུལ་དེའི་གནས་སྟངས་དང་འབྲེལ་བའི་བརྙན་པར་འགའ་མུ་མཐུད་ཕྱིར་འགྱར་འབྱུང་བཞིན་ཡོད་པ་ལྟར་བརྙན་པར་གཞན་ཞིག་གི་ནང་དུ་ཟུར་བཀག་ཁང་ནང་ཡར་འཛུལ་བར་ཆུ་ཚོད་ ༤ ལྷག་འགོར་ཡོད་པ་དང་། མི་བརྒྱ་ཕྲག་མང་པོ་ཟུར་བཀག་ཏུ་བཅུག་ཡོད་པ་དེ་དག་གི་གནས་སྟངས་ཆེས་ཞན་པོ་ཡོད་པ་ཐེར་འདོན་གནང་འདུགཕྱོགས་མཚུངས་བརྙན་པར་གཞན་ཞིག་གི་ནང་རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་རྣམས་རིམས་ནད་འགོག་སྲུང་གི་ཆས་སྤྲས་ཏེ་ལྷ་ས་ཁུལ་དུ་བོད་མི་རྣམས་ཟུར་བཀག་ཁང་དུ་ཆེད་ཁྲིད་རྗེས་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་འོག་ལུས་ནས་ངལ་བ་འཕྲད་མུས་ཡིན་པ་མཐོང་རྒྱུ་འདུག རིམས་ནད་འགོག་སྲུང་གི་ཆས་གོས་སྤྲས་ཏེ་སྒོའི་འཁྲིས་སུ་གང་ཟག་ཞིག་ལངས་ཡོད་པའི་བརྙན་པར་ཞིག་ཕྱིར་འགྱར་བྱུང་བའི་ནང་གང་ཟག་དེས་ང་ཚོ་ཐེམ་སྤང་བཀའ་རྒྱའི་འོག་ཉི་གྲངས་ ༧༠ ལྷག་ཕྱིན་ཚར་སོང་། ང་རང་ཕྱིར་སོང་མེད། ང་ཚོ་སེམས་པ་སྐྱིད་པོ་མེད་པ་མ་ཚད་རང་སྲོག་དོར་བའི་བསམ་བློ་འཁོར་གྱི་འདུག དེ་སྔོན་གནས་སྟངས་ཚང་མ་ཡག་པོ་ཡོད་པ་དང་། ད་ཆ་མི་རྣམས་སྨྱོན་པ་ལྟ་བུ་ཆགས་གྲབས་བྱེད་ཀྱི་འདུག ཁྱེད་རང་ཚོ་རིམས་ནད་འགོག་སྲུང་གི་ཆས་སྤྲས་ནས་སྒོའི་འཁྲིས་སུ་གློ་བུར་དུ་མཐོང་ཚེ་ཞེད་སྣང་དང་དངངས་སྐྲག་ཡོང་གི་འདུག ད་དུང་བརྟག་དཔྱད་བྱེད་མཁན་རྣམས་ཚུལ་མཐུན་ཐོག་ནས་བརྟག་དཔྱད་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་གནང་བ་མཐོང་རྒྱུ་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ཐེམ་སྤང་བཀའ་རྒྱ་མུ་མཐུད་བསྡམས་པར་ངོ་རྒོལ།

བོད་ཀྱི་རྒྱལ་ས་ལྷ་ས་ནང་དུ་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་རྣམས་སྒོ་རྒྱ་བསྡམས་ནས་ད་ཆ་ཉིན་གྲངས་ ༧༠ ལྷག་འགྲོ་བཞིན་པའི་མཚམས་ཁ་སང་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱི་མང་ཚོགས་ཚོས་ངོ་རྒོལ་གནང་སྟེ་འབྲེལ་ཡོད་ས་གནས་སྲིད་གཞུང་གི་ངོས་ནས་ཁོང་རྣམས་རང་སར་ཕྱིར་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་པ་སོགས་ཀྱི་སྐད་འབོད་བྱས་འདུགསྤྱི་ཚོགས་དྲ་ལམ་ཁག་ཏུ་ལྷ་ས་ནང་གི་བརྙན་པར་ཁག་གཅིག་ཕྱིར་འགྱར་བྱུང་བའི་ནང་མང་ཚོགས་མང་དག་ཅིག་ཕྱིར་ཐོན་ནས་རྒྱ་ནག་གཞུང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་མངོན་རྒྱུ་འདུག་པ་དང་། གནས་ཚུལ་ཡོང་ཁུངས་ཁག་གཅིག་གིས་ལས་འགུལ་དེ་གཙོ་བོ་ལྷ་སའི་ཕྱི་ཕྱོགས་ནས་ཡིན་པའི་རྒྱ་རིགས་ལས་མི་རྣམས་ཀྱིས་སྣེ་ཁྲིད་པ་ཞིག་ཡིན་པ་དང་ལས་འགུལ་ནང་ས་གནས་བོད་མི་རྣམས་ནས་ཀྱང་མཉམ་ཞུགས་གནང་ཡོད་སྐོར་བཤད་མཁན་འདུག འོན་ཀྱང་ད་ལྟའི་ཆར་མི་སྣ་དེ་དག་གི་གནས་སྟངས་ཇི་ཆགས་སོགས་ཁ་གསལ་མི་འདུག བརྙན་པར་ཁག་གཅིག་གི་ནང་རྒྱ་གཞུང་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་རིམས་ནད་འགོག་སྲུང་གི་ཆས་སྤྲད་ཡོད་པ་དང་། མི་མང་མང་པོ་ཕྱི་ལ་འདུ་འཛོམས་ཀྱིས་ཉེན་རྟོག་པ་དང་གདོང་ཐུག་བྱུང་བ་མངོན་རྒྱུ་འདུག་ལ། བརྙན་གཞན་ཞིག་གི་ནང་ལས་འགུལ་སྣེ་ཁྲིད་གནང་མཁན་ཞིག་གིས་རྒྱང་བསྒྲགས་བརྒྱུད་ཁོང་རྣམས་ཟླ་བ་མང་པོར་དཔལ་འབྱོར་གྱི་ཡོང་འབབ་གང་ཡང་མེད་པའི་གནས་སུ་གྱར་ཞིང་ལུས་སེམས་གཉིས་ཀར་ངལ་བ་ཆེས་ཆེར་འཕྲད་བཞིན་འདུག་ཅེས་བཤད་འདུག དེ་རིང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྷ་ས་ནང་གི་ངོ་རྒོལ་སྐོར་ལ་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་མང་དག་ཅིག་ཡོད་པའི་ཁྲོད་ལ་ལས་ཐེངས་འདིའི་ངོ་རྒོལ་གྱི་ལས་འགུལ་དེ་རྒྱ་རིགས་ལས་མི་ཚོས་སྣེ་ཁྲིད་པ་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། གལ་ཏེ་དེ་ལྟ་བུའི་ལས་འགུལ་དེ་བོད་མི་ཚོས་སྤེལ་ཡོད་ཚེ་དེར་དྲག་གནོན་ནན་པོ་བྱེད་ངེས་རེད་ཅེས་འགྲེལ་བརྗོད་གནང་གི་འདུག རྩ་བའི་རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་ཟིན་པའི་རྗེས་སུ་ལྷ་ས་ཁུལ་དུ་གཉན་རིམས་ཀྱི་དམ་བསྒྲགས་ཅུང་ལྷོད་ཡང་གཏོང་རྒྱུ་ཡིན་པའི་བརྡ་ཁྱབ་བཏང་ཡོད་ཀྱང་། ས་གནས་ཀྱི་བརྙན་དང་གནས་ཚུལ་ཕྱིར་འགྱར་འབྱུང་བཞིན་པར་གཞིགས་ཚེ་དུས་ད་ལྟའང་ལྷ་ས་ཁུལ་དུ་སྒོ་རྒྱ་བསྡམས་ནས་རིམས་ནད་འགོག་ཐབས་ཁྲོད་མི་མང་ཚོ་མཐུན་རྐྱེན་ཞན་པའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་ཡོད་པ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་འདུག བརྙན་གཞན་ཞིག་གི་ནང་བོད་མི་ཞིག་གིས་འུ་ཐུག་ཐབས་ཟད་པའི་རྣམ་པ་ཆེད་བཏོན་གྱིས་ལྷ་ས་ནང་དུ་མི་མང་པོ་ལྟོགས་བཀྲེས་ཀྱི་གནས་སུ་གྱར་བའི་ངལ་བ་འཕྲད་བཞིན་པའི་སྐོར་དང་འབྲེལ། སྲིད་གཞུང་ནས་ས་གནས་སུ་དངོས་སུ་ཕེབས་ཏེ་གནས་སྟངས་རྒྱུས་ལོན་དང་ཡོ་བསྲང་བྱེད་དགོས་པ། དེ་བཞིན་ས་ཕྱོགས་གཞན་ནས་སླེབས་པའི་ལས་མི་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་བཅུག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག གནས་ཚུལ་ཡོང་ཁུངས་ཁག་གཅིག་ལ་གཞིགས་ཚེ་ཁ་སང་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་རྗེས་སྡོད་ཁུལ་གཞན་ཞིག་ནས་དེ་མཚུངས་ངོ་རྒོལ་བྱས་ཡོད་སྐོར་གསུངས་འདུག་པ་དེ་ལྟར་ནའང་། ད་ལྟའི་ཆར་གནས་ཚུལ་དེ་ཁུངས་ལྡན་ཇི་ཙམ་ཡིན་མིན་གསལ་རྟོགས་ཐུབ་ཀྱི་མི་འདུག

ཞི་ཅིན་ཕིང་གིས་རང་ཉིད་ཀྱི་བློ་མཐུན་མི་སྣ་འགོ་ཁྲིད་ལ་བསྐོ་གཞག་གིས་སྲིད་དབང་རྒྱ་སྐྱེད།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་མཇུག་སྒྲིལ་དང་བསྟུན་ཞི་ཅིན་ཕིང་ལས་ཡུན་གསུམ་པ་གཏན་ཁེལ་བྱུང་བ་མ་ཚད་པར་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཅུས་སམ་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་གསལ་བསྒྲགས་བྱས་པར་ཁོ་པའི་བློ་མཐུན་འགོ་ཁྲིད་ཁོ་ན་བསྐོ་གཞག་བྱས་འདུགཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་ལྔ་ཚན་གྱི་ཚོགས་ཆེན་མཇུག་སྒྲིལ་མཚམས་སུ་ཞི་ཅིན་ཕིང་གི་འགོ་འཁྲིད་འོག་རྒྱ་ནག་གི་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་སུ་ Li Qiang དང་ Zhao Leji།   Wang Huning།  Cai Qi།  Ding Xuexiang དང་ Li Xi བཅས་བསྐོ་གཞག་བྱས་འདུག ཁོ་པས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དེ་དག་ངོ་སྤྲོད་བྱས་པར་ང་ཚོ་རླུང་འཚུབ་ཆེན་པོ་དང་ཆར་རླུང་སོགས་ལ་ཞེད་སྣང་མེད་ཅེས་དང་ལྷག་པར་དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་ལ་ཇི་ཙམ་གྱིས་བརྟན་པོ་གནས་ཐུབ་པ་དེ་ཚོད་ཀྱིས་གཞན་གྱི་དབང་བསྒྱུར་མི་ཐུབ་པའི་གཏམ་བཤད་བྱས་འདུག སྤྱིར་ཞི་ཅིན་ཕིང་དམར་ཤོགས་ཚོགས་པའི་འགོ་ཁྲིད་ཀྱི་ལས་ཡུན་གསུམ་པར་བདམས་པ་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་མའོ་ཙེ་ཏུང་གི་རྗེས་སུ་དབང་ཐང་ཆེ་ཤོས་ཀྱི་འགོ་ཁྲིད་ཆགས་ཀྱི་ཡོད་པ་མ་ཟད་རང་ཉིད་ཀྱི་བློ་མཐུན་མི་སྣ་ཁག་ཅིག་ལ་འགོ་ཁྲིད་ཀྱི་གོ་གནས་སྤྲད་པ་དེ་སྲིད་འཛིན་གྱི་ལས་ཡུན་གསུམ་པ་བཟུང་རྒྱུར་ནང་ཁུལ་གྱི་འཁོན་དཀྲུག་མེད་པར་དབང་ཆ་རྒྱ་སྐྱེད་ཐུབ་ཐབས་ཀྱི་རྣམ་པ་ཞིག་སྟོན་གྱི་ཡོད་པར་གསུངས་ཡོད།ཁ་སང་ཚོགས་ཆེན་མཇུག་སྒྲིལ་མཚམས་སུ་ཞི་ཅིན་ཕིང་གིས་རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་གི་མི་སྣ་ ༢༤  ཞིག་ངོ་སྤྲོད་བྱས་ཡོད་པ་དང་ཐེངས་འདིའི་དབུས་ཆབ་སྲིད་ལྷན་ཁང་ལ་བུད་མེད་གཅིག་ཀྱང་མེད་པ་དེ་ནི་འདས་པའི་ལོ་ངོ་ ༢༥ ནང་ཆབ་སྲིད་ལྷན་ཁང་ལ་བུད་མེད་མེད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་མི་ ༢༠༥ ལས་གྲུབ་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་པའི་ནང་སྲིད་བློན་ Li Keqiang དང་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་སྟོན་པ་མཐོ་གྲས Wang Yang གཉིས་ཚུད་མེད་པ་རེད། རླུང་འཕྲིན་ཁང་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཐེངས་འདིར་བསྐོ་གཞག་བྱུང་བའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་མི་སྣ་བདུན་པོ་དེ་དག་སྐོར་དང་། ཞི་ཅིན་ཕིང་གིས་བློ་མཐུན་མི་སྣ་འགོ་ཁྲིད་ལ་བསྐོ་བཞག་བརྒྱུད་རང་ཉིད་ཀྱི་སྲིད་དབང་རྒྱ་སྐྱེད་གཏོང་ཕྱོགས་དང་འབྲེལ་བཅར་འདྲི་ཞུས་ཡོད། གཞི་རྩའི་རེས་གཟའ་སྤེན་པར་མཇུག་སྒྲིལ་བྱུང་བའི་ཚོགས་ཆེན་ལ་དོ་སྣང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་བཞིན་པའི་གནད་དོན་གཅིག་ནི། ཞི་ཅིན་ཕིང་གི་ཟུར་དུ་བསྡད་པ་ལོ་ན་ ༧༩ སོན་པ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ Hu Jintao ཚོགས་ཆེན་ནས་ལས་བྱེད་གཉིས་ཀྱིས་ཁོ་བོ་འདོད་མོས་མེད་བཞིན་དུ་ཁྲིད་པའི་བརྙན་པར་ཡོད་པ་དང་།  ཁོ་བོ་དེ་ལྟར་ཕྱིར་ཁྲིད་པའི་རྒྱུ་རྐྱེན་གང་ཡིན་གསལ་ཁ་མེད་ཀྱང་། རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུའ་གསར་ཁང་གིས་དེ་ནི་ཁོ་པའི་འཕྲོད་བསྟེན་དང་འབྲེལ་བ་ལས་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་བཤད་འདུག རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཁོ་པ་ཚོགས་ཆེན་ནས་ཕྱིར་ཁྲིད་པའི་པར་རིས་དང་གནས་ཚུལ་སོགས་གང་ཡང་མཐོང་རྒྱུ་མི་འདུག

བོད་ནང་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་དེ་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་རེད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་དེ་འཚོགས་བཞིན་པ་དང་བསྟུན། བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་སྐྱ་སེར་དང་། ན་གཞོན་དབྱེ་བ་མེད་པར་ཚོགས་ཆེན་དེ་བཞིན་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་དང་། དེ་ནི་རྒྱ་དམར་གཞུང་གིས་འཛམ་གླིང་ཕྱི་ལ་བོད་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ ༢༠ པ་དེར་རེ་བ་དང་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་ཀྱིས་དྲིལ་བསྒྲགས་ཀྱི་རྣམ་པར་བདེ་སྤྱོད་གཏོང་གི་ཡོད་སྐོར་གསུངས་སོང་།དེ་ཡང་བརྒྱུད་ལམ་ཁག་ཏུ་བོད་ནས་ཕྱིར་གྱར་བྱུང་བའི་བརྙན་པར་ཁག་ཅིག་སྤེལ་བར་གཞིགས་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་པའི་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་དེ་བོད་ནང་དགེ་འདུན་པ་རྣམས་ལ་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་དཀར་མཛེས་ནང་པའི་ལྷན་ཚོགས་ཀྱི་དགེ་འདུན་པ་རྣམས་དམར་ཤོག་ཀྱི་སྲོལ་གཏོད་པ་པོ་ Marx ནས་རྒྱུད་དེ་ཞི་ཅིན་ཕིང་གི་བར་དུ་པར་རིས་དེ་དག་ལ་མགོ་སྒུར་དུ་བཅུག་ཅིང་། བརྙན་འཕྲིན་ནང་ཞི་ཅིན་ཕིང་གི་གཟུགས་བརྙན་ནམ་ཤར་ཚེ་རྒྱ་ནག་གི་རྒྱལ་དར་བཙན་གྱི་འཕྱར་དུ་བཅུག་ཀྱི་ཡོད་པ་མངོན་རྒྱུ་འདུགརྒྱ་ནག་གི་ Youth.cn གི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཆབ་མདོ་ཁུལ་གྱི་ན་གཞོན་ལས་བྱེད་དང་། དང་བླངས་པ། ལྷ་ས་ཁུལ་དུ་ཡོད་པའི་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་ཕྲུག་སོགས་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་ཀྱི་ན་གཞོན་དང་བྱིས་པ་རྣམས་ནས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པའི་དབུ་འབྱེད་མཛད་སྒོ་དེ་ཉིད་བརྙན་འཕྲིན་དང་གློག་ཀླད། དེ་བཞིན་ཁ་པར་བརྒྱུད་བལྟས་ཏེ། རང་ཉིད་དགའ་སྣང་ཆེན་པོའི་བྱུང་བའི་ཚོར་བ་དང་ཚོགས་ཆེན་དེའི་བརྒྱུད་ནས་སྲིད་འཛིན་ཞི་ཅིན་ཕིང་དང་། རྒྱ་ནག་དམར་པོའི་གཞུང་ལ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཚུལ་འཁོད་འདུགའདི་ག་རླུ་འཕྲིན་ཁང་ནས་གནད་དོན་དེའི་ཐོག་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས། རྒྱ་ནག་གཞུང་ནས་དེ་ལྟར་བྱེད་དགོས་དོན་ནི། འཛམ་གླིང་ཕྱི་ལ་བོད་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པ་དེ་ལ་དགའ་སྣང་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་ཀྱིས་དྲིལ་བསྒྲགས་ཆེད་ཡིན་པ་དང་འབྲེལ་ནས། དེའི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་རིགས་རྣམས་ནས་དེར་འཁྲུལ་ནོར་གྱི་མགོ་སྐོར་ཐེབས་རྒྱུ་མེད་པ་གསུངས་བྱུང་། དེ་བཞིན་ཁོང་གིས་གལ་ཏེ་ཚོགས་ཆེན་དེའི་བརྒྱུད་ནས་ཞི་ཅིན་ཕིང་སླར་ཡང་དུས་ཡུན་ཐེངས་གསུམ་པར་འཁོད་ཚེ། བོད་ནང་སྔར་ལྷག་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སེམས་འཚབ་ཡོད་པ་གསུངས་བྱུང་། གཞན་ཡང་གནད་དོན་དེ་དང་འབྲེལ་ནས་ཁ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གི་དེ་ལྟར་བྱེད་དགོས་ནི་ཚོགས་ཆེན་འཚོགས་པའི་རིང་བོད་མི་རྣམས་ཀྱི་ངོ་རྒོལ་བྱ་མི་ཡོང་སྙམ་པའི་ཞེད་སྣང་གི་རྐྱེན་པས་ཡིན་པ་དང་། རྒྱ་ནག་གཞུང་ནས་བོད་འདི་ཧ་ཅང་ཚོར་བ་རྣོ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ། བོད་ཀྱི་གནད་དོན་ཐག་མ་གཅོད་བར་དུ་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་མེད་སྐོར་གསུངས་འདུག  

Latest news