Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཟླ་ ༡༠ ཚེས་ ༡༨ ཉིན་འཚོག་རྒྱུ།

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཚོགས་གཏན་འཁེལ་ཡོད་པ་དང་། སྐབས་དེར་ཚོགས་མི་ཁྱོན་ ༢༣༠༠ ནས་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད་འདུག ཁ་སང་ཟླ་ ༨ ཚེས་ ༣༡ ཉིན་ Xinhua གཙོས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་འདུ་ཞིག་གི་ཐོག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་དེ་ཟླ་ ༡༠ ཚེས་ ༡༨ ཉིན་ཚོགས་རྒྱུར་ཐག་གཅོད་བྱུང་ཡོད་པ་དང། འགྲོ་ལུགས་ལྟར་ཆབ་སྲིད་ལྷན་ཁང་གི་ངོས་ནས་ཚོགས་ཆེན་ཐེངས་ ༡༩ པ་དེ་ཟླ་ ༡༠ ཚེས་ ༡༡ ཉིན་ཚོགས་གཏན་འཁེལ་བའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་འབུལ་རྒྱུ་རེད་འདུག ཁ་སང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། ཚོགས་ཆེན་ཐེངས་ ༡༩ པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་དང། ཐེངས་འདིའི་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་འདས་པའི་ལོ་ལྔའི་ནང་གི་དམར་ཤོག་ཚོགས་པའི་ལས་དོན་ཁག་ལ་བསྐྱར་ཞིབ་ཀྱིས་ཚོགས་ཆེན་ཐེངས་ ༡༨ པ་ཚོགས་ནས་ཐེངས་ ༡༩ པ་མ་ཚོགས་བར་གྱི་དུས་ཡུན་ནང་དུ་རྒྱ་ནག་མི་མང་དང་གྲངས་ཉུང་མི་རིགས་ཡོངས་རྫོགས་གོང་བུ་གཅིག་སྒྲིལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཐོག་ཤར་བསྐྱོད་བྱེད་པའི་མྱོང་ཚོར་ཁག་ཕྱོགས་བསྡོམས་བྱེད་རྒྱུ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་སྟངས་ཁག་ལ་ཞིབ་དཔྱོད་ཀྱིས་མང་ཚོགས་ཀྱི་མངོན་འདོད་ལྟར་ལས་དོན་ལ་ལམ་སྟོན་གཏན་འབེབས་བྱ་རྒྱུ་ཡིན་པ་བཤད་འདུག རྩ་བའི་རིང་མིན་ཕྱི་ཟླ་ ༡༠ པའི་ནང་ཚོགས་གཏན་འཁེལ་བའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པའི་ཐོག་ཞི་ཅིང་ཕིང་ནས་མ་འོངས་པའི་ལོ་ལྔ་ནང་མུ་མཐུད་སྲིད་དབང་བཟུང་རྒྱུ་ཡིན་མིན་གྱི་ཐག་གཅོད་གཙོས་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ལྔ་རྒས་ཡོལ་འགྲོ་ཡི་ཡོད་སྟབས། དེ་དག་ལ་འཕོ་འགྱུར་གཏོང་ཕྱོགས་སོགས་རྒྱ་ནག་རྒྱལ་ནང་དང། ཞི་ཅིང་སླར་ལས་ཡུན་གཉིས་པ་མུ་མཐུད་བྱས་རྗེས་རྒྱ་ནག་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་འགྱུར་བ་འགྲོ་སྲིད་པ་སོགས་ཀྱི་གནད་དོན་མང་དག་ལ་ཐུག་གི་ཡོད་པ་སོགས་དང་འབྲེལ་ནས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་དཔྱད་ཞིབ་པ་མང་དག་ཞིག་ནས་ཞི་ཅིང་གི་ངོས་ནས་སྲིད་འཛིན་གྱི་དུས་ཡུན་དང་པོ་འགོ་འཛུགས་མ་ཐག་ལྐོག་ཟའི་ངན་བྱུས་ལ་གདོང་ལེན་གྱིས་ལས་གཞི་རྒྱ་ཆེ་སྤེལ་བའི་ཁྲོད་རང་ཉིད་ཀྱི་ཆབ་སྲིད་ཀྱི་ཁ་གཏད་རྣམས་རིམ་བཞིན་རྩ་མེད་བཏང་པ་དང། སྔ་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༨ པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་སྲིད་འཛིན་ཞི་ཅིང་ཕིང་ལ་ Core Leader འམ་སྲོག་ཤིང་འགོ་ཁྲིད་ཅེས་པའི་མའོ་དང་ཅང་ཛི་མིན། དེ་བཞིན་ཏིང་ཞའོ་ཕིང་སོགས་དང་མཉམ་པའི་མིང་སྤྲད་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཆགས་པར་ཚོད་དཔག་བྱེད་བཞིན་པའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ Sun Zhengcai ལ་ཆབ་སྲིད་ཀྱི་ནག་ཉེས་འོག་བཞག་པ་སོགས་ཀྱི་གནད་དོན་མང་ཞིག་བྱུང་བར་གཞིགས་ན་ཞི་ཅིང་ཕིང་གིས་རང་གི་དབང་ཆ་སྲ་བརྟན་དང་ལས་ཡུན་གཉིས་ལས་མང་བ་གནས་ཐབས་ཀྱི་ལས་འཆར་སྒྲིག་བཞིན་ཡོད་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་དེ་འབྲེལ་ཐོག་བོད་དོན་དང་འབྲེལ་བ་ཇི་ཡོད་སྐོར་ལ་ཨོ་སི་ཊོ་ལི་ཡར་གནས་སྡོད་རྒྱ་ནག་ཉམས་ཞིབ་པ་སྤྱི་ཟུར་འབའ་བ་སྐལ་བཟང་རྒྱལ་ཚན་ལགས་སུ་བཅར་འདྲི་ཞུས་ཡོད།

༸གོང་ས་མཆོག་དབུས་པའི་རྒྱལ་སྤྱིའི་དབུ་ཁྲིད་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་འདས་གྲོངས་སུ་གྱུར་པར་གདུང་སེམས་མཉམ་སྐྱེད་གནང་བཞིན་འདུག

ཁ་སང་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་གྱི་དགོང་མོ་རྒྱ་གཞུང་གི་བཙོན་ཁང་ནས་སྨན་བཅོས་ཀྱི་ཐོབ་ཐང་འོག་གློད་བཀྲོལ་ཐོབ་ནས་རྒྱ་ནག་ Liaoning ཞིང་ཆེན་གྱི་ Shenyang གྲོང་ཁྱེར་ནང་དུ་མཆིན་པའི་འབྲས་ནད་སྨན་བཅོས་གནང་བཞིན་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་སྐུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།  དེ་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་སོགས་རྒྱལ་སྤྱིའི་དབུ་ཁྲིད་དང་། ནོར་ཝེ་གྱི་རྒྱལ་ས་ཨོས་ལོ་ནང་དུ་རྟེན་གཞི་བྱས་པའི་ནོ་བེལ་ཞི་བདེའི་ལྷན་ཚོགས་གཙོས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འདྲ་མིན་ནས་གསུང་འཕྲིན་དང་བསྒྲགས་གཏམ་སོགས་སྤེལ་བའི་བརྒྱུད། སྐུ་ཞབས་ Liu Xiaoba ལགས་དང་ཁོང་གི་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་སྦྲགས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བཞིན་འདུག ༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaoba ལགས་ཡུན་རིང་རྒྱ་གཞུང་གི་བཙོན་འཇུག་ཉེས་ཆད་ཕོག་ནས་མཐར་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། དམ་པ་ཁོང་གི་བཟའ་ཟླ་ Liu Xia ལགས་གཙོས་པའི་ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་ཡོད་ཅེས་བཀའ་སྩལ་འདུག མགོན་པོ་༸གང་ཉིད་མཆོག་ནས་སྐུ་ཞབས་ Liu Xiaoba ལགས་དམ་པ་དེ་ཉིད་ད་ཆ་སྐུ་འཚོ་བཞུགས་མེད་ཀྱང་། དམ་པ་ཁོང་གིས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཆེད་ཡུན་རིང་ནས་འབད་བརྩོན་གནང་པའི་དམིགས་ཡུལ་དེ་དག་ཐོག ང་ཚོས་མུ་མཐུད་འབད་བརྩོན་བྱ་རྒྱུ་ནི་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུའི་མཚོན་རྟགས་ཡག་ཤོས་ཤིག་ཆགས་ཐུབ་ཀྱི་རེད་ཅེས་བཀའ་སྩལ་དང་འབྲེལ། དམ་པ་ཁོང་གིས་རང་དབང་གི་དོན་དུ་འབད་བརྩོན་ལྷོད་མེད་གནང་པ་དེ་ལ་མི་རིང་བར་འབྲས་བུ་བཟང་པོ་ཞིག་སྨིན་རྒྱུར་ཐུགས་རེ་མཛད་བཞིན་ཡོད་ཅེས་བཀའ་ནན་སྩལ་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་ Donald Trump མཆོག་དང་ཇར་མ་ནི་སྲིད་བློན་ Angela Merkel མཆོག ཐེ་ཝན་གྱི་སྲིད་འཛིན་ Tsai ing Wen ལགས་སོགས་རྒྱལ་སྤྱིའི་དབུ་ཁྲིད་ཁག་ཅིག་ནས་ཀྱང་གདུང་སེམས་མཉམ་བསྐྱེད་གནང་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་གུས་འདུད་ཞུས་པ་མ་ཟད། དམ་པ་ཁོང་གི་བཟའ་ཟླ་ལྕམ་སྐུ་ལིའུ་ཞི་ཡ་ལགས་ལ་ཡང་། ཧ་ཅང་ཉམ་ཐག་པའི་དུས་སྐབས་འདིར་སྙིང་སྟོབས་ཞུམ་པ་མེད་པར་གནས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག དེ་མཚུངས་སུ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཙམ་མ་ཟད། ནོ་བེལ་ཞི་བདེའི་ལྷན་ཚོགས་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་ཁྲོད་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་ནས་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་ཡོད་པ་རེད། ལྷག་པར་དུ་ཁ་སང་ནོ་བེལ་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ Berit Reiss-Andersen ལགས་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། སྐུ་ཞབས་དམ་པ་ Liu Xiaobo ལགས་ནས་རྒྱ་ནག་ནང་གི་མང་གཙོ་བཅོས་བསྒྱུར་དང་རང་དབང་། དེ་བཞིན་ཁྲིམས་ལུགས་དབང་འཛིན་སོགས་ཀྱི་ཐད་ཕྱག་ལས་གནང་རྗེས་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་མ་ཟད། ༢༠༡༠ ལོར་ནོ་བེལ་ཞི་བདེ་ལྷན་ཚོགས་ནས་དམ་པ་ཁོང་ལ་ཕུལ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་ཐུབ་མེད་པ་སོགས་འགྲེལ་བརྗོད་དང་འབྲེལ། སྐུ་ཞབས་ Liu Xiaobo ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐད་ལ་བློ་འགྱོད་དང་སེམས་སྡུག་ཆེན་པོ་བྱུང་ཞེས་དང་། དམ་པ་ཁོང་ནི་རྒྱལ་སྤྱིའི་ཐོག་རང་དབང་དང་མང་གཙོའི་ཐོག་ལ་བྱས་རྗེས་ལྡན་པའི་རླབས་ཆེན་གྱི་མཚོན་རྟགས་ཤིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་འདུག ཁོ་མོས་རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་དམ་པ་ Liu Xiaobo ལགས་ནད་གཞི་དྲག་པོ་དེ་འདྲ་མ་ཆགས་ཀྱི་བར་དུ་སྨན་བཅོས་ཞུ་རྒྱུའི་གོ་སྐབས་མ་སྤྲད་པ་དང་། ལྷག་དོན་ཁོང་དང་བཟའ་ཟླའི་འདོད་མོས་ལྟར་ཕྱི་རྒྱལ་དུ་སྨན་བཅོས་གནང་ཕྱིར་བསྐྱོར་པར་མཐོང་མཆན་སྤྲད་མེད་པ་སོགས་ལུང་འདྲེན་དང་སྦྲགས། དམ་ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་པའི་གནས་སྟངས་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པ་གསུངས་འདུག ཕྱོགས་མཚུགས་ཁ་སང་ཕ་རན་སི་དང་ཨ་རི། ཧོང་ཀོང་བཅས་ཀྱི་ནང་ལ་ས་གནས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་སོགས་ཀྱི་གོ་གོ་སྒྲིག་འོག་སྐུ་ཞབས་དམ་ Liu Xiaobo ལགས་ཀྱི་མང་གཙོ་དང་རང་དབང་སོགས་ཀྱི་ཐོག་བྲིས་པའི་དཔྱད་རྩོམ་དང་སྙན་ངག་རིགས་ཟུར་འདོན་དང་སྦྲགས། དམ་པ་ཁོང་ལ་ཆེ་བསྟོད་དང་མྱ་ངན་གུས་འདུད་ཀྱི་ལས་འགུལ་ཁག་ཅིག་སྤེལ་འདུག རྒྱ་ནག་གིས་བཟང་བཙོན་འོག་ཏུ་བཞག་པའི་སྒྱུ་རྩལ་བ་གྲགས་ཅན་སྐུ་ཞབས་ Ai WeiWei ལགས་ཀྱིས་ རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོ་ལ་སྐུ་ཞབས་ Liu Xiaobo ལགས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་དེ་ཤིན་ཏུ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཡིན་པ་དང་། གནས་ཚུལ་དེའི་བརྒྱུད་མ་འོངས་པར་རྒྱ་ནག་ནང་ཞི་བའི་ལས་འགུལ་བ་དང་མང་གཙོའི་ཐོག་མུ་མཐུད་ཕྱག་ལས་གནང་མཁན་རིགས་བྱུང་ཐུབ་མིན་ལ་ཐེ་ཚམ་ཞིག་ཀྱང་རེད་ཅེས་གསུངས་འདུག་པ་མ་ཟད། རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་ལམ་ལུགས་མངོན་གསལ་བྱས་ཡོད་པ་སོགས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག རྩ་བའི་སྐུ་ཞབས་ Liu Xiaobo ལགས་དམ་པ་དེ་ཉིད་ ༡༩༩༥ ལོར་འཁྲུངས་ཡོད་པ་དང་ཁོང་གིས་འདས་པའི་མི་ཚེའི་ཁྲོད་རྒྱ་ནག་ནང་གི་མག་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ལ་ཕྱག་ལས་བསྟུད་མར་གནང་པར་བརྟེན། རྒྱ་ནག་གཞུང་གིས་དམ་པ་ཁོང་ཐེངས་བཞི་འཛིན་བཟུང་བྱས་ཡོད་པ་དང་། མཐར་ ༢༠༠༩ ལོར་རྒྱ་ནག་གཞུང་ནས་དམ་པ་ཁོང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིག་སློག་ཐབས་བྱས་པའི་ནག་ཉེས་འོག་ལོ་ངོ་ ༡༡ རིང་བརྩོན་འཇུག་ཁྲིམ་ཐག་བཅད་རྗེས་ད་བར་ལོ་ངོ་ ༨ རིང་ལ་རྒྱ་གཞུང་གི་བཙོན་ཁང་ནང་བཞུགས་དགོས་བྱུང་ཡོད་པ་དང་། མཐར་ཟླ་ ༦ ཚེས་ ༢༦ ཉིན་མཆིན་པའི་འབྲས་ནད་ཀྱི་སྨན་བཅོས་ཆེད་གློད་བཀྲོལ་བཏང་ཡོད་པ་དང་། ཁ་སང་རང་ལོ་ ༦༡ ཐོག་རྒྱ་ནག་གི་ Liaoning ཞིང་ཆེན་གྱི་གྲོང་ Shenyang ནང་དུ་སྐུ་འདས་གྲོངས་སུ་གྱུར་ཡོད་པ་རེད།

སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལ་གདུང་སེམས་མཉམ་བསྐྱེད་དང་ཞུ་འབོད་ཀྱི་ལས་འགུལ་སྤེལ་བ།

དེ་རིང་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་གཉིས་ཐུན་མོང་གྱིས་དྷ་ས་ མེག་གྷན་ཁྲོམ་གཞུང་དུ་སྐུ་ཞབས་ Liu Xiaobo ལགས་ལ་གདུང་སེམས་མཉམ་བསྐྱེད་ཞུས་པ་དང་སྦྲགས། རྒྱ་གཞུང་གིས་ཁོང་གི་འདོད་མོས་ལྟར་ཕྱི་རྒྱལ་དུ་སྨན་བཅོས་ཞུ་བར་གཏང་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང། སྐབས་དེར་ལས་འགུལ་བ་རྣམས་ནས་ཕྱི་ལོ་ ༡༩༥༥ ལོར་ཁོང་འཁྲུངས་པ་དང། དེ་རྗེས་ཁོང་ནས་ད་བར་རྒྱ་ནག་ནང་མང་གཙོ་བཅོས་བསྒྱུར་གྱི་ལས་འགུལ་རིམ་པ་སྤེལ་ཁག་མཚོན་ཆེད་ཁོང་གི་སྐུ་པར་དང་། ཕྱི་ལོ་ ༡༩༨༨ དང་ ༡༩༨༩ དེ་བཞིན་ ༢༠༠༨ བཅས་ལོ་ཚིགས་འཁོད་པའི་འདྲ་པར་བསྣམས་པ་མ་ཟད། ལྷག་དོན་ཕྱི་ལོ་ ༢༠༡༠ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ཀྱང་དེའི་ཚེ་ཁོང་རྒྱ་གཞུང་གི་བཙོན་ཁང་དུ་ཡོད་པས་བཙོན་ཁང་གི་རྣམ་པ་མཚོན་པའི་ཁྲབ་སྟོན་ཞིག་གནང་པ་དང་ཆབས་ཅིག་ཏུ་ཁོང་གི་ཕྱག་ལས་གནང་ཁག་ལ་རྗེས་དྲན་དང་གདུང་སེམས་བསྐྱེད་ཞུས་སོང་། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཁོང་མགྱོགས་མྱུར་སྨན་བཅོས་ཞུ་ཕྱིར་ཕྱི་རྒྱལ་དུ་ཕྱིར་བསྐྱོད་ཆོག་པའི་ཆོག་མཆན་ཐོབ་ཐབས་སུ་ཞུ་སྙན་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད། རྩ་བའི་ཟླ་ ༧ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་སྐུ་ཞབས་ Liu Xiaobo ལགས་ལ་མཆིན་པའི་འབྲས་ནད་ཕོག་པའི་འོག་ནས་སྨན་བཅོས་ཞུ་ཕྱིར་བཙོན་གྲོལ་བཏང་ཡོད་པ་དང་། རྗེས་སུ་རྒྱ་གཞུང་གི་ངོས་ནས་རྒྱ་གཞུང་སྨན་པས་ཁོང་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང། ད་ལྟ་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པས་ཕྱི་རྒྱལ་དུ་སྨན་བཅོས་ཞུ་བར་བསྐྱོད་ཐུབ་རྒྱུ་དཀའ་བ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག འོན་ཀྱང་རྒྱལ་སྤྱིའི་གནོན་ཤུགས་ཁྲོད་རྒྱ་གཞུང་གིས་ཉེ་ཆར་ཨ་རི་དང་ཇར་མ་ནིའི་སྨན་པ་གཉིས་ལ་ Liu Xiaobo ལགས་ཀྱི་གནས་སྟངས་རྟོག་ཞིབ་བྱེད་རྒྱུའི་ཆོག་མཆན་སྤྲད་པ་དང་འབྲེལ། ཕྱི་རྒྱལ་སྨན་པ་དེ་དག་ནས་བརྟག་དཔྱད་གནང་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ཞན་པོ་འདུག་ཀྱང་། ཕྱི་རྒྱལ་དུ་སྨན་བཅོས་གནང་བར་ཕེབས་མ་ཐུབ་པའི་ངལ་བ་དེ་འདྲ་རིགས་མི་འདུག་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁ་སང་ཚེས་ ༡༡ ཉིན་བྷི་བྷི་སི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བར། རྒྱལ་ས་པེ་ཅིང་དུ་ཡོད་པའི་ཇར་མ་ནི་གཞུང་ཚབ་ལས་ཁུངས་ནས་ཁ་ཉིན་རེས་གཟའ་ཟླ་བའི་ཕྱི་དྲོ་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་པའི་ནང་དུ་ཇར་མ་ནི་དང་ཨ་རིའི་སྨན་པ་གཉིས་ནས་སྐུ་ཞབས་ Liu Xiaobo ལགས་ལ་བརྟག་དཔྱད་གནང་སྐབས་སྨན་པའི་ངོས་ནས་བརྙན་པར་ལེབ་རྒྱུར་འདོད་མོས་མེད་ཀྱང་རྒྱ་གཞུང་ནས་དེར་ལྟོས་མེས་ཀྱིས་ Youtube དང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལག་ཁག་ཅིག་ཏུ་ཕྱིར་བསྒྲགས་བྱས་འདུག་སྟབས། རྒྱ་གཞུང་གི་བྱེད་ཕྱོགས་ལ་སྐྱོན་བརྗོད་གནང་མཁན་ཡང་མང་དག་ཞིག་བྱུང་ཡོད་པ་རེད། གཞི་རྩའི་བརྙན་པར་ཁག་གཉིས་ཕྱིར་འགྱར་བྱུང་ཡོད་པ་ལས་དང་པོའི་ནང་དུ་སྨན་ཁང་དུ་སྐུ་ཞབས་ Liu Xiaobo ལགས་ཀྱི་ཉེ་འགྲམ་དུ་ཁོང་གི་བཟའ་ཟླ་དང་ཕྱི་རྒྱལ་སྨན་པ་གཉིས། དེ་བཞིན་རྒྱ་རིགས་སྨན་པ་དང་སྨན་ཞབས་པ་ཁག་ཅིག་ཡོད་པ་མངོན་རྒྱུ་འདུག་པའི་ནང་དུ་ཇར་མ་ནི་སྨན་པ་ Buchler ཞུ་བ་ཁོང་གིས་རྒྱ་རིགས་སྨན་པ་རྣམས་ནས་བརྟག་དཔྱད་གང་ཐུབ་བྱས་འདུག་སྐོར་བཤད་ཚུལ་ཆེད་བཏོན་དང་། གཉིས་པའི་ནང་དུ་ཕྱི་རྒྱལ་དང་རྒྱ་རིགས་སྨན་པ་རྣམས་ཚོགས་འདུ་ཚོགས་བཞིན་པའི་སྐབས་སྨན་པ་ Buchler ལགས་ཀྱིས་ཁྱེད་རྣམས་ནས་གང་གནང་པ་དེ་ལས་ལྷག་པ་ང་ཚོའི་ངོས་ནས་ཞུ་རྒྱུ་མི་འདུག་ཅེས་བརྗོད་ཡོད་པ་མངོན་རྒྱུ་འདུག ཁ་ཉིན་ཇར་མ་ནི་སྲིད་བློན་ལྕམ་ Angela Merkel མཆོག་ནས་ཀྱང་སྐུ་ཞབས་ Liu Xiaobo ལགས་ཀྱི་གནད་དོན་ཐད་ཐུགས་ཚབས་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་སྐུ་ཞབས་ལིའི་ཞའོ་པའི་ལགས་དང་ཁོང་གི་ནང་མིའི་ཐོག་འགྲོ་བ་མིའི་འདུ་ཤེས་ཐོག་ནས་གནང་ཕྱོགས་ཞིག་འཛིན་དགོས་པ་གསུངས་འདུག ཁུལ་དེར་གནས་སྡོད་རྒྱ་རིགས་ལས་འགུལ་བ་ Liao Yiwu ལགས་ཀྱིས་ཉེར་ཆར་བདུན་ཕྲག་སྔོན་མའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཇར་མ་ནི་ནང་དུ་ G20 ལྷན་ཚོགས་ཆེད་སླེབས་བསྟུན། ལྕམ་ Angela Merkel མཆོག་ནས་ཉིན་ལྟར་ཞི་ཅིང་ཕིང་དང་ལྷན་དུ་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་གནད་དོན་སྐོར་གླེང་སློང་གནང་ཐུབ་པ་གནང་ཡོད་པ་འབྲེལ་ཡོད་ངོ་ཤེས་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པ་གསུངས་འདུག དེ་བཞིན་ཇར་མ་ནི་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཞིག་གིས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་སྨན་བཅོས་གནད་དོན་ཐད་ལ་ཇར་མ་ནི་དང་རྒྱ་ནག་གཉིས་དབར་ཚད་མཐོའི་གྲོས་སྡུར་ཐེངས་ཁ་ཤས་གནང་ཡོད་པ་དང།  ཇར་མ་ནི་གཞུང་གི་ངོས་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལ་སྨན་བཅོས་ཞུ་ཆེད་དུ་ལེན་རྒྱུའི་གྲ་སྒྲིག་ཡོད་པ་གསུངས་འདུག

བོད་ལ་རང་དབང་སྤྲོད་དགོས་པ་དང་གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་བཅིངས་གྲོལ་གཏང་དགོས།

དེང་སྐབས་རྒྱ་དཀར་ནག་གཉིས་པོའི་ས་མཚམས་དང་འབྲེལ་ཕྱོགས་གཉིས་ཀྱི་བདེ་འཇགས་ཐོག་དམག་མི་ཕན་ཚུན་དབར་དཀའ་ངལ་འཕྲད་བཞིན་པའི་དུས་མཚམས་དང་བསྟུན། རེས་གཟའ་སྤེན་པའི་ཉིན་ཡུ་པི་མངའ་སྡེའི་ཨགྷརཱ་གྲོང་ཁྱེར་དུ་ཚོགས་པའི་ bharat tibet sahyog manch ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐོག་རྒྱ་གར་གྱི་ RSS རྒྱལ་ཞེན་ཚོགས་པའི་དབུ་ཁྲིད་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་Indresh Kumar མཆོག་གིས་རྒྱ་གཞུང་གི་ངོས་ནས་བོད་ལ་རང་དབང་སྤྲོད་དགོས་པ་དང་གངས་ཏེ་སེ་དང་མ་ཕམ་གཡུ་མཚོ་གཉིས་རྒྱ་ནག་གི་བདག་དབང་འོག་ནས་བཅིངས་གྲོལ་གཏོང་དགོས་ཞེས་གསུངས་འདུག ལྷག་དོན་རྒྱ་གར་གྱི་བདེ་འཇགས་ལ་ཆ་མཚོན་ན་རྒྱ་ནག་དེ་པ་ཀིསྠན་ལས་ཉེན་ཁ་ཆེ་བ་ཆགས་ཡོད་པ་ནན་གྱིས་གསུངས་འདུག གཞི་རྩའི་ཨགྷརཱ་གྲོང་ཁྱེར་དུ་ཚོགས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐོག་ཚོགས་བཅར་བ་ཁྱོན་ ༤༠༠ ལྷག་ནས་མཉམ་ཞུགས་ཀྱིས་བོད་ལ་རང་དབང་སྤྲོད་དགོས་པ་དང་། ༸གོང་ས་མཆོག་ལ་རྒྱ་གར་སྤྱི་དམངས་ཀྱི་ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་གནང་དགོས་པ། དེ་བཞིན་རྒྱ་ནག་ནས་བཟོས་པའི་ཅ་དངོས་བཀའ་སྡོམ་བྱེད་དགོས་པ་སོགས་ཀྱི་གྲོས་ཆོད་ཁག་ཅིག་གཏན་འབེབས་གནང་འདུག ཚོགས་འདུ་དེའི་ཐོག་རྒྱ་གར་གཞུང་འཛིན་ཚོགས་པའི་གྲོས་འཐུས་སྐུ་ཞབས་ Ram Shankar ལགས་དང་། C. Baba lal ལགས། གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Inderjeet Arya ལགས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མི་ཚོགས་གཙོ་སྐུ་ཞབས་ R.K Krimey ལགས། དེ་བཞིན་རྒྱ་གར་གཞུང་འཛིན་ཚོགས་པའི་ཚོགས་མི་རྒན་གྲས་སྐུ་ཞབས་ Bharat Singh Koshyari ལགས་སོགས་ནས་ལྷན་ཞུགས་གནང་ཡོད་པ་རེད།

བྱི་ལ་དོམ་གྱི་ཕྱི་འབྲེལ་ཐབས་བྱུས་ལས་བོད་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཁུར་གནང་དགོས།

རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་ཉེ་ཆར་ཇར་མ་ནི་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཡུལ་དེའི་སྲིད་བློན་ཨེན་ག་ལ་མེར་ཀེལ་མཆོག་ལ་མང་མང་དང་ཇི་ཨའོ་ཆིང་ཞེས་པའི་བྱི་ལ་དོམ་གཉིས་ཕུལ་ཡོད་པ་རེད། བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་གསལ་བར། རྒྱ་ནག་གཞུང་ནས་བྱི་ལ་དོམ་གཉིས་པོ་ཇར་མ་ནི་ནང་གི་གཅན་གཟན་ཁང་ཞིག་ལ་ལོ་རེར་ཨ་སྒོར་ས་ཡ་གཅིག་རེ་བྱེད་དེ་ཁྱོན་ལོ་ ༡༥ རིང་གཡར་ཡོད་པ་དང། གཟའ་འཁོར་འདིའི་རེས་གཟའ་ལྷག་པ་སྟེ་ཚེས་ ༥ ཉིན་སྲིད་འཛིན་ཞི་ཅིང་དང་ཇར་མ་ནི་སྲིད་བློན་མར་ཀེལ་གཉིས་མཉམ་འཛོམས་ཐོག་མང་ཚོགས་ལ་བྱི་ལ་དོམ་གཉིས་པོ་ཐེངས་པོ་བསྟན་འདུག འོན་ཀྱང་ཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པ་ Tibet Initiative Deutschland ཞེས་པས་རྒྱ་ནག་གཞུང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་སླད་བྱི་ལ་དོམ་བེད་སྤྱོད་བྱེད་པའི་སྲོལ་ Panda diplomacy ཞེས་པའི་རྒྱ་ནག་གི་བྱི་ལ་དོམ་ཕྱི་འབྲེལ་ཐབས་བྱུས་ལ་སྐྱོན་བརྗོད་དང་འབྲེལ། དེ་ཉིན་རྒྱལ་ས་སྦར་ལིན་ནང་རྔམ་སྟོན་ཁྲོམ་སྐོར་གནང་པའི་བརྒྱུད་ཇར་མ་ནི་སྲིད་བློན་མཆོག་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་ཐབས་ཤེས་ཁྲོད་བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་གནས་སྟངས་བཅས་པ་མ་བརྗེད་པར་རྒྱ་ནག་གི་འགོ་ཁྲིད་ལ་ཤུགས་དྲག་ཆེན་པོའི་སྒོ་ནས་གནད་དོན་དེ་དག་གསལ་བརྗོད་གནང་དགོས་ཞེས་སྐུལ་མ་ཞུས་འདུག ལས་འགུལ་དེའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་བསྣམས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱས་པ་མ་ཟད། སྐབས་དེར་ལས་འགུལ་བ་ཁག་ཅིག་གིས་བྱི་ལ་དོམ་གྱི་ཆས་གོས་སྤྲས་པ་དང་འབྲེལ། འཕྲེད་དར་བསྣམས་ཐོག་སྲིད་འཛིན་ཞི་ཅིང་ནས་བོད་ནང་གི་ཆེས་ཛ་དྲག་ཆེ་བའི་ཆབ་སྲིད་ཀྱི་གནས་སྟངས་འགེབས་སྲུང་ཆེད་ང་ཚོ་བེད་སྤྱོད་མ་བྱེད་རོགས་ཞེས་བྲིས་འདུག ཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཉིན་དེར་ད་དུང་སྤྱི་བསྒྲགས་ཤིག་འདོན་སྤེལ་གནང་པའི་ནང། བོད་ནང་གི་བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སྟངས་འོག་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་སྲེས་གནང་བཞིན་པའི་གནས་སྟངས་སྤྱི་དང་སྒོས་བྱི་ལ་དོམ་གནས་ཡུལ་བོད་ཤར་ཕྱོགས་ཁུལ་གྱི་ཆབ་སྲིད་གནས་སྟངས་ཧ་ཅང་ཛ་དྲག་དང། དེའི་ཁོངས་ནས་རྔ་པ་དང་དཀར་མཛེས་ཁུལ་གྱི་གནས་སྟངས་དམིགས་བསལ་ཛ་དྲག་ཡོད་པ་དང་ལུང་འདྲེན་གྱིས་ཇར་མ་ནི་སྲིད་བློན་ནས་བྱི་ལ་དོམ་གྱི་ཕྱི་འབྲེལ་ཐབས་བྱུས་ལ་དབུ་མ་འཁོར་བར་མང་གཙོའི་རིན་ཐང་སྲུང་སྐྱོབ་ཀྱི་ཕྱག་ལས་མུ་མཐུད་གནང་དགོས་པ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་རྒྱུ་དེ་དོན་གནད་སྙིང་པོ་ཆགས་ཡོད་སྐོར་གསུངས་འདུག རྩ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ད་ལྟའི་ཆར་ G20 ཞེས་པའི་རྒྱལ་ཁབ་ ༢༠ དབར་གྱི་དཔལ་འབྱོར་ལྷན་ཚོགས་ཆེད་ཇར་མ་ནི་ཧམ་སྦག་གྲོང་ཁྱེར་ནང་ཡོད་པ་རེད། ཇར་མ་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཇར་མ་ནི་གཞུང་གིས་ཐེངས་འདིའི་ལྷན་ཚོགས་ཐོག་བོད་ཀྱི་གནད་དོན་སེམས་ལ་བཞག་དགོས་པ་དང། ལྷག་དོན་རྒྱ་ནག་གི་ངོས་ནས་བོད་ནང་གཏེར་ཁ་གང་བྱུང་དུ་སྔོག་འདོན་སོགས་ཀྱི་ལས་གཞི་བརྒྱུད་བོད་ཀྱི་ཁོར་ཡུག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནད་དོན་ཐོག་ཐུགས་འཁུར་ཆེ་ཙམ་བཞེས་དགོས་ཞེས་གསུངས་འདུག    

རྒྱ་ནག་གིས་རྒྱ་གར་གསར་འགོད་པ་ཁག་ཅིག་བོད་ནང་བསྐྱོད་རྒྱུར་བཀག་སྡོམ་བྱས་འདུག

དེ་རིང་ཟླ་ ༧ ཚེས་ ༣ ཉིན་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཆེ་གྲས་ཁག་གིས་གནས་ཚུལ་སྤེལ་གསལ། ཉེ་ཆར་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་ཁུལ་གྱི་ Doklam ཞེས་པའི་འབྲུག་དང་རྒྱ་གར། རྒྱ་ནག་གསུམ་གྱི་ས་མཚམས་ས་ཁུལ་དུ་རྒྱ་ནག་གི་རྒྱ་ལམ་བཟོ་སྐྲུན་གྱི་ལས་གཞི་ལ་རྒྱ་གར་གྱིས་བཀག་སྡོམ་གནང་པར་རྒྱ་དཀར་ནག་གཉིས་ཀྱི་དབར་གདོང་ཐུག་གི་གནད་དོན་བྱུང་ཡོད་པ་རེད། ཁུལ་དེར་རྒྱ་གར་གྱི་དམག་མི་རུ་ཁག་ཕོན་ཆེ་འགྲེམས་འཇོག་གནང་རྐྱེན་དེ་སྔོན་རྒྱ་གཞུང་ནས་མགྲོན་འབོད་ཐོག་རྒྱ་གར་གྱི་གསར་འགོད་པའི་རུ་ཁག་ཞིག་ཟླ་ ༧ ཚེས་ ༨ ནས་ ༡༥ བར་བོད་ནང་བསྐྱོད་གཏན་འཁེལ་བ་དེར་བཀག་སྡོམ་བྱས་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ངོས་ནས་ཁ་སང་ཚེས་ ༢ ཉིན་རྒྱ་གར་གྱི་གསར་འགོད་པ་བོད་ནང་སྐོར་བསྐྱོད་གནང་རྒྱུ་དེ་ཕྱིར་འཐེན་བྱས་ཡོད་པ་བཤད་འདུག་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ Global Times དྲ་གནས་ཐོག་ Wang Dehua གཙོས་པའི་རྒྱ་ནག་གི་དབྱེ་ཞིབ་པ་ཁག་ཅིག་ནས་ད་ལན་རྒྱ་གར་གྱི་ངོས་ནས་ས་མཚམས་ཀྱི་གནད་དོན་ཐོག་དོགས་ཟོན་མ་གནང་པ་ཡིན་ན། རྒྱ་གཞུང་གིས་རང་གི་ས་མཚམས་ས་ཁུལ་སྲུང་སྐྱོབ་ཆེད་དམག་བརྒྱབ་དགོས་བྱུང་ཚེ་དེ་ལྟར་བརྒྱབ་ངེས་ཡིན་པ་འགྲེལ་བརྗོད་བྱས་འདུག དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་འབྲས་ལྗོངས་ནང་ཡོད་པའི་རྒྱ་དཀར་ནག་དབར་གྱི་ས་བཅད་དེ་ཁ་གསལ་ཡིན་པ་བཤད་འདུག་པ་དང་། རྒྱ་གར་གཞུང་གི་ངོས་ནས་ད་ལན་གནང་སྟངས་དེ་བཞིན་དེ་སྔའི་གཞུང་རིམ་ཁག་གིས་ཀྱང་གནང་མྱོང་མེད་པའི་གནང་སྟངས་ཤིག་དང་དེ་དག་དང་ཡོངས་སུ་འགལ་བ་ཞིག་ཡིན་པར་སྐྱོན་བརྗོད་བྱས་འདུག ལྷག་དོན་རྒྱ་གར་གཞུང་ནས་ Doklam ནང་རང་ཉིད་ཀྱི་སྲུང་དམག་ཕྱིར་འཐེན་གནང་དགོས་པ་བརྗོད་འདུག དེ་བཞིན་འབྲས་ལྗོངས་ས་མཚམས་ས་ཁུལ་དུ་རྒྱ་ནག་ནས་རྒྱ་ལམ་བཟོ་སྐྲུན་གྱི་གནད་དོན་ཐད་ཉེ་ཆར་རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་ངོས་ནས་ལས་གཞི་དེར་སེམས་ཚབས་ཆེན་པོས་བྱ་སྤྱོད་དེ་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་གནད་དོན་ཞིག་ཡིན་སྟབས། ཕྱོགས་གཉིས་པོའི་དབར་ད་ལྟ་ཡོད་བཞིན་པའི་གྲོས་མཐུན་གྱི་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། རྩ་བའི་དེ་སྔོན་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཐོག་རྩོད་རྙོག་གི་གནད་དོན་དང་འབྲེལ་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་རྒྱལ་ཁབ་གཉིས་དབར་དམག་འཁྲུག་ཞིག་བྱུང་བ་ནས་བཟུང་ད་བར་དེ་ལྟར་བྱུང་མྱོང་མེད་པ་རེད། རྒྱ་ནག་གི་ངོས་ནས་ལ་དྭགས་དང་མོན་རྟ་དབང་སོགས་ཀྱི་ས་མཚམས་ས་ཁུལ་དུ་དམག་མི་རེ་ཟུང་སིམ་འཛུལ་ཐོག་ཐེངས་ཁ་ཤས་བྱས་མྱོང་ཡོད་པའི་ཁྲོད། ད་ལན་འབྲས་ལྗོངས་ས་ཁུལ་གྱི་གནད་དོན་དེ་བྱུང་ནས་གཟའ་འཁོར་གསུམ་ཕྱིན་ཟིན་པ་འདི་ནི་ ༡༩༦༢ རྗེས་ཀྱི་དམག་འཁྲུག་དུས་ཡུན་རིང་ཤོས་དེ་ཡིན་པ་རེད། རྒྱ་ནག་གི་ངོས་ནས་ཐེངས་འདིའི་རྩོད་རྙོག་ཁྲོད་ཟླ་ ༦ ཚེས་ ༢༣ ཉིན་འབྲས་ལྗོངས་ཀྱི་Nathula བརྒྱུད་གངས་དཀར་ཏི་སི་དང་མ་ཕམ་གཡུ་མཚོར་གནས་མཇལ་བསྐྱོད་མཁན་རྒྱ་གར་བའི་རུ་ཁག་ཅིག་བཀག་སྡོམ་བྱས་པ་མ་ཟད། མི་གྲངས་ ༥༠ ཡོད་པའི་རུ་ཁག་གཉིས་པའི་མཐོང་མཆན་ཕྱིར་འཐེན་བྱས་ཡོད་པ་རེད།

རྒྱ་གཞུང་གིས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཕྱི་རྒྱལ་དུ་སྨན་བཅོས་ཞུ་ཕྱིར་བསྐྱོད་པར་ཐོབ་ཐང་སྤྲོད་དགོས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་ནག་གཞུང་ནས་ཉེ་ཆར་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པའོ་ལགས་མཆིན་པའི་འབྲས་ནད་ཚབས་ཆེ་ཕོག་པས་བཙོན་གློད་བཏང་དོན་ལྟར། ཁོང་ལ་རང་ཉིད་ཀྱི་འདོད་མོས་བཞིན་རང་དབང་ཐོག་ཕྱི་རྒྱལ་དུ་སྨན་བཅོས་ཞུ་ཕྱིར་བསྐྱོད་པར་ཐོབ་ཐང་སྤྲོད་དགོས་པ་གསུངས་འདུག ཟླ་ ༧ ཚེས་ ༡ ཉིན་སྲིད་སྐྱོད་མཆོག་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ལ་སེམས་ཚབས་དང་བཅས་ ཐུགས་གསོ་གནང་འདུག་པ་དང་། དེའི་ནང་སྲིད་སྐྱོང་མཆོག་ནས་རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ Liu Xiaobo ལགས་བཙོན་ཁང་ནས་གློད་བཀྲོལ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་ཀྱང་། ཕྱོགས་གཞན་ཞིག   ་ནས་ཁོང་ལ་འབྲས་ནད་ཕོག་རྐྱེན་གཟུགས་གཞིའི་གནས་སྟངས་ཆེས་ཞན་པོ་ཆགས་པར་བློ་ཕམ་དང་སེམས་ཚབས་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་ཁོང་དང་ཁོང་གི་བཟའ་ཟླ་དང་ནང་མི་སྤུན་མཆེད་རྣམས་བཟང་སྤྱོད་ཀྱི་ཐོག་ནས་ཕྱི་རྒྱལ་དུ་འཕྲལ་མར་སྨན་བཅོས་ཞུ་བར་བསྐྱོད་པར་ཐོབ་ཐང་སྤྲོད་རོགས་ཞེས་འབོད་སྐུལ་ཞུས་འདུག སྲིད་སྐྱོང་མཆོག་གིས་ད་དུང་བཟང་ཕྱོགས་ནས་དེང་སྐབས་རྒྱ་ནག་ནང་དུ་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ལྟ་བུའི་མང་གཙོ་དོན་གཉེར་བ་ཇེ་མང་དུ་འགྲོ་བཞིན་པ་མཐོང་ཚེ་རང་ཉིད་ལ་སྙིང་སྟོབས་སྐྱེས་བྱུང་ཞེས་དང་། རྒྱ་ནག་ཏུ་རིམ་བཞིན་མང་གཙོའི་དུས་རླབས་ཆེན་པོ་ཞིག་བྱུང་སྟེ་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཀྱིས་ད་བར་རྒྱ་ནག་ཐོག་འཛིན་བཞིན་པའི་མང་གཙོ་དང་ཁྲིམས་ལུགས་དབང་འཛིན་ལྡན་པའི་རྒྱ་ནག་གསར་པའི་འཆར་སྣང་བཞིན་ཡོང་ཐུབ་པར་རེ་སྨོན་ཆེན་པོ་རྒྱག་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། རྩ་བའི་རྒྱ་ནག་གཞུང་ནས་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ཟླ་ ༦ ཚེས་ ༢༦ ཉིན་སྨན་བཅོས་ཀྱི་ཐོབ་ཐང་འོག་བཙོན་གྲོལ་ཐོབ་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ད་བར་རྒྱལ་སྤྱིའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་མི་གྲངས་ ༡༥༤ དང་རྩོམ་པ་པོ་དང་ལས་འགུལ་བ། དེ་བཞིན་ཨ་རི་དང་ཇར་མ་ནི་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་སོགས་མང་དག་ཞིག་ནས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་བློ་ཚབས་ཆེན་པོས་རྒྱ་གཞུང་ནས་ཁོང་གི་འདོད་མོས་ལྟར་སྨན་བཅོས་ཞུ་སླད་ཕྱི་རྒྱལ་དུ་ཕེབས་པར་ཐོབ་ཐང་སྤྱོད་དགོས་ཞེས་འབོད་སྐུལ་ཤུགས་ཆེ་གནང་འདུག

ཞི་ཅིང་ཕིང་གིས་ཧོང་ཀོང་ནང་རྒྱ་ནག་ལ་ཁ་གཏད་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་འདུག

དེ་རིང་ཕྱི་ཟླ་ ༧ ཚེས་ ༡ སྟེ་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གྱིས་ཧོང་ཀོང་དེ་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་ངོ་ ༢༠ འཁོར་བའི་ཉིན་མོ་དང་བསྟུན། ཞི་ཅིང་ཕིང་གིས་ཧོང་ཀོང་ནང་སྲུང་བརྩིའི་མཛད་སྒོར་དེང་སྐབས་ཧོང་ཀོང་ནང་སྔར་དང་མི་འདྲ་བའི་རང་དབང་ཡོད་སྐོར་བཤད་པ་དང་འབྲེལ། ཧོང་ཀོང་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་ལ་ཁ་གཏད་ཀྱི་བྱ་སྤྱོད་རིགས་རྩ་བ་ནས་སྤེལ་མི་ཆོག་པའི་ཉེན་རྡ་བཏང་འདུག རྒྱ་ནག་དམར་ཚོགས་པའི་ཚོགས་མི་ ༡༢༠༠ ལས་གྲུབ་པའི་ཚོགས་ཆུང་གིས་བསྐོ་གཞག་བྱས་པའི་ཧོང་ཀོང་གི་སྤྱི་ཁྱབ་གསར་པ་ Carrie Lam ཡི་དམ་འབུལ་མཛད་སྒོ་ཚོགས་རྗེས། བརྙན་འཕྲིན་ཐོག་ཐད་གཏོང་བྱེད་པའི་གཏམ་བཤད་ཀྱི་ལས་རིམ་ཐོག་ཞི་ཅིང་ཕིང་གིས་ཧོང་ཀོང་ནང་སྔར་མེད་མང་གཙོའི་ཐོབ་ཐང་ཆེ་བ་ཡོད་པ་དང་། ཁོ་པས་ད་དུང་ཁུལ་དེའི་ནང་ཆེས་རང་སྐྱོང་གི་གནས་བབ་དེ་མུ་མཐུད་བཞག་རྒྱུའི་འདུན་པ་ཤུགས་ཆེ་ཡོད་སྐོར་བརྗོད་འདུག ཁྱད་པར་དུ་ཧོང་ཀོང་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་གནས་བབ་དང་བདེ་འཇགས། དེ་བཞིན་དབུས་གཞུང་གི་དབང་འཛིན་ལ་དོ་ཕོག་འགྲོ་གཞི་རིགས་རྩ་བ་ནས་སྤེལ་མི་ཆོག་པ་བརྗོད་པ་མ་ཟད། ཧོང་ཀོང་གི་རྩ་ཁྲིམས་ལ་གནོད་གཞི་བཟོ་བ་དང། ཧོང་ཀོང་བརྒྱུད་ནས་རྒྱ་ནག་སྐམ་ས་ཆེན་མོར་སིམ་འཛུལ་དང་གཞུང་ལ་གནོད་འཚེ་རིགས་རྩ་བ་ནས་བཟོ་མི་ཆོག་པ་སོགས་ཀྱི་ཉེན་བརྡ་བཏང་འདུག རྩ་བའི་དེ་རིང་གི་ཉིན་མོ་དང་བསྟུན་ཧོང་ཀོང་ནང་རྒྱ་རིགས་མང་གཙོ་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་དེ་སྔ་ཧོང་ཀོང་རྩིས་ལེན་སྐབས་དབྱིན་ཡུལ་གཞུང་དང་ལྷན་དུ་ཆིངས་ཡིག་བཞག་པའི་ནང་ཧོང་ཀོང་ལ་རྒྱ་ནག་གི་ས་ཚིགས་གཞན་དང་མི་འདྲ་བའི་རང་དབང་དང་མང་གཙོ་སྤྲོད་ངེས་ཡིན་པར་ཁས་ལེན་དོན་ལྟར། རྒྱ་གཞུང་གི་ངོས་ནས་ལག་བསྟར་མེད་པ་ལ་ངོ་རྒོལ་སྐད་འབོད་གནང་དང་གནང་མུས་ཡིན་པ་མ་ཟད། རྒྱ་རིགས་མང་གཙོ་ལས་འགུལ་བ་སྟོང་ཕྲག་མང་པོས་རང་ཐག་རང་གཅོད་དང་མང་གཙོ་ཞེས་པའི་ཡིག་བྱང་བསྣམས་པ་དང་། གནམ་སྡེ་སྒོར་མོ་ཆེར་མང་གཙོ་ཆེད་ལུས་སྲོག་ཤོར་བ་རྣམས་ལ་ཆེ་བསྟོད་མཚོན་ཕྱིར་སྤུར་སྒམ་ཆེད་ཁྱེར་གྱིས་མཛད་སྒོ་ཚོགས་ཡུལ་བར་གོམ་བགྲོད་གནང་འདུག སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་ཡོད་མཁན་གྱི་རུ་ཁག་ཞིག་དང། ཉེན་རྟོག་པའི་རུ་ཁག་མཉམ་རུབ་ཀྱིས་ཁོང་རྣམས་ལ་དགོག་རྐྱེན་བཟོ་བཞིན་པའི་ཁྲོད། ཧོང་ཀོང་ Demosisto ཆབ་སྲིད་ཚོགས་པ་གསར་སྐྲུན་གནང་མཁན་གྲས་སུ་ཡོད་པ་དང། དེ་སྔ་ཕྱི་ལོ་ ༢༠༡༤ ལོའི་ཆར་གདུག་གི་མང་གཙོའི་སྒེར་ལངས་སྣེ་ཁྲིད་གནང་མཁན་རྒྱ་རིགས་གཞོན་སྐྱེས་མང་གཙོ་ལས་འགུལ་བ་ Joshua Wong ལགས་ཀྱིས་གཙོས་པའི་ལས་འགུལ་བ་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་འདུག དེའང་འདས་པའི་ཉིན་གྲངས་གསུམ་ནང་ཧོང་ཀོང་ཉེན་རྟོགས་པས་ Joshua Wong ཁོང་འཛིན་བཟུང་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག ཡིན་ནའང་ཁོང་ཕྱིས་སུ་ལམ་སེང་གློད་བཀྲོལ་བཏང་འདུག སྐབས་དེར་ Joshua Wong ལགས་ཀྱིས་ཧོང་ཀོང་གི་སྤྱི་ཁྱབ་པ་དེ་རྒྱ་ནག་དམར་ཤོག་ཚོགས་པ་དང་ཧོང་ཀོང་མང་ཚོགས་གཉིས་དབར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཆགས་ཀྱི་ཡོད་ཀྱང་། Carrie Lam ནི་རྒྱ་ནག་གི་ཕྱོགས་ལ་ལངས་པའི་ཟམ་པ་སྐྱོག་སྐྱོག་ཞིག་ཡིན་པས་ཧོང་ཀོང་གི་རྨི་ལམ་ཆེས་སྡུག་ཤོག་དེ་ཡིན་པ་སོགས་སྐྱོན་བརྗོད་གནང་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་ Joshua Wong ལགས་ཀྱིས་གཙོས་པའི་ལས་འགུལ་བ་ ༢༦ སྐོར་ཞིག་ཞི་ཅིང་ཕིང་ཧོང་ཀོང་ནང་མ་འབྱོར་བའི་སྔོན་ཚུད་དུ་འཛིན་བཟུང་བྱས་པ་དང་ཁ་སང་དེ་དག་གློད་བཀྲོལ་བཏང་ཡོད་པ་རེད། ཁ་སང་ཉིན་རྒྱབ་ཏུ་ལས་འགུལ་བ་དེ་དག་ནས་ཧོང་ཀོང་གཞུང་གི་ལས་ཁུངས་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་ཁོང་རྣམས་འཛིན་བཟུང་བྱས་པ་དེ་ནི་ཁྲིམས་འགལ་ཡིན་པ་ནན་བརྗོད་བྱས་འདུག འོན་ཀྱང་ཁ་སང་ཁོང་རྣམས་གློད་བཀྲོལ་ཐོབ་རྗེས་ཉེན་རྟོག་པ་ད་ང་ཇག་པས་སུན་གཙེར་བཟོ་ཡོད་སྐོར་གསུངས་པ་དང་འབྲེལ། ད་ཆ་ཧོང་ཀོང་དེ་ཉེན་རྟོག་པ་དང་ཇག་པའི་ལུང་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག

ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་འོག་ཞི་ཅིང་ཕིང་ཧོང་ཀོང་དུ་འབྱོར་འདུག

ཞི་ཅིང་ཕིང་རྒྱ་ནག་གི་སྲིད་འཛིན་གོ་གནས་བཟུང་ནས་ཧོངཀོང་ནང་གཞུང་འབྲེལ་གྱི་སྐོར་བསྐྱོད་ཐེངས་དང་པོ་དེ་བྱེད་པའི་ཁྲོད་ ཉེན་རྟོག་དམག་མི་ཕོན་ཆེ་འགྲེམས་འཇོག་འོག་ཡོང་དགོས་བྱུང་འདུག དེའང་རེས་གཟའ་སྤེན་པ་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་རྒྱལ་ཁབ་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་བའི་ལོ་ཤས་ནང་ཁུལ་དེའི་ནང་དུ་ Umbrella Movement ལས་འགུལ་གཙོས་པའི་ཁུལ་དེའི་མང་ཚོགས་ནས་ཧོང་ཀོང་རྒྱལ་ཁབ་དེ་རྒྱ་ནག་མངའ་འོག་རང་བཙན་དགོས་པའི་ལས་འགུལ་དང། རྒྱ་གཞུང་ནས་ཧོང་ཀོང་ལ་འཛིན་བཞིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་ད་ལན་ཞི་ཅིང་ཕིང་ཧོང་ཀོང་ནང་མ་འབྱོར་བའི་ཉིན་ཤས་སྔོན་དང། དེ་རིང་ཁོ་པ་ཧོང་ཀོང་དུ་འབྱོར་སྐབས་བཅས་ལ་ཡུལ་དེའི་མང་གཙོ་དོན་གཉེར་བ་དང་སློབ་ཕྲུག་སོགས་ནས་ཞི་ཅིང་ཕིང་དང་རྒྱ་གཞུང་ནས་ཧོང་ཀོང་ལ་མང་གཙོ་དང་རང་དབང་སྤྲོད་དགོས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་རྒྱལ་ཁབ་ནང་ཆེས་ཐོག་མའི་གཞུང་འབྲེལ་སྐོར་བསྐྱོད་དེའི་ཁྲོད་ས་གནས་ཉེན་རྟོག་པས་ཉིན་ཤས་སྔོན་ཧོང་ཀོང་གི་སློབ་ཕྲུག་ལས་འགུལ་བའི་འགོ་ཁྲིད་ Joshua Wong འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། དེ་བཞིན་ཡོངས་གྲགས་ཡིན་པའི་ལས་འགུལ་བ་ཁག་ཅིག་སྲིད་འཛིན་ཞི་ཅིང་ཕིང་མ་འབྱོར་བའི་ཉིན་གཅིག་གི་སྔོན་ཚོད་ནས་འཛིན་བཟུང་བྱས་འདུག ཧོང་ཀོང་རང་དབང་ལས་འགུལ་བ་རྣམས་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ད་རེས་ཞི་ཅིང་ཕིང་གི་ཧོང་ཀོང་ནང་གི་སྐོར་བསྐྱོད་བྱེད་ཡུལ་ས་ཚིགས་ཚང་མར་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་རྒྱུ་ཡིན་པ་དང། ལྷག་པར་དུ་ཟླ་ ༧ ཚེས་ ༡ ཉིན་ ཧོང་ཀོང་གི་རྒྱལ་ཁབ་དེ་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའིདུས་དྲན་མཛད་སྒོ་དང་བསྟུན་མཛད་སྒོ་ཚོགས་ཡུལ་ས་ཚིགས་སུ་རྒྱ་ནག་བཙན་གནོན་རིང་ལུགས་ལ་ངོ་རྒོལ་གྱི་གོམ་བགྲོད་གནང་རྒྱུ་རེད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཧོང་ཀོང་ནང་འབྱོར་ཡོད་པ་དང་བསྟུན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་འདས་པའི་ལོ་ ༢༠ ནང་ཧོང་ཀོང་ནང་གི་གསར་འགོད་རང་དབང་གནས་སྟངས་ཕྱོགས་བསྡོམས་ཞུས་པའི་དཔྱད་རྩོམ་ཞིག་སྤེལའདུག དེའི་ནང་རྒྱ་གཞུང་གིས་ཧོང་ཀོང་དེ་དབྱིན་ཇི་མངའ་འོག་ནས་རྩིས་ལེན་པ་ནས་བཟུང་ཁུལ་དེའི་ནང་གི་གསར་འགོད་རང་དབང་གནས་སྟངས་ཆེས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་ཅེས་བརྗོད་འདུག དེ་བཞིན་འདས་པའི་ལོ་ ༢༠ འདིའི་རིང་ལ་ཧོང་ཀོང་ནང་གི་གསར་བསྒྱུར་བརྒྱུད་ལམ་གཙོ་ཁག་རྒྱ་གཞུང་གིས་སྟངས་འཛིན་འོག་བཞག་ཡོད་པ་མ་ཟད། རྒྱ་གཞུང་དང་ལྟ་ཕྱོགས་མི་མཐུན་པའི་གནས་ཚུལ་ཁྱབ་སྤེལ་དང་སྐྱོན་བརྗོད་རིགས་སྤེལ་མཁན་གྱི་གསར་ཁང་གི་ཆོག་མཆན་ལག་འཁྱེར་མེད་པ་བཟོས་པ་དང། གཞུང་འབྲེལ་ཁག་གི་མཛད་སྒོར་ཡོང་མི་ཆོག་པ། གསར་འགོད་དང་རྩོམ་སྒྲིག་པའི་ཐོག་དྲག་གནོན་དང་སུན་གཙེར་དང་ལས་གནས་ནས་ཕྱིར་ཕུད་བཏང་བ། དེ་བཞིན་དྲ་རྒྱའི་ཐོག་གནས་ཚུལ་འགོད་སྤེལ་བྱེད་མཁན་ཐོག་དམ་དྲག་གིས་རྒྱ་ནག་གཞུང་ལ་ཟུར་ཟ་དང་འབྲེལ་བའི་དཔེ་དེབ་འགྲེམ་སྤེལ་བྱེད་མཁན་ཚོང་གཉེར་བ་ཁག་བཙན་ཁྲིད་དང་བཙན་དབང་གིས་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་མངོན་གསལ་གནང་འདུག གཞན་ཡང་དེ་སྔ་ཧོང་ཀོང་དེ་དབྱིན་ཡུལ་གྱི་མངའ་འོག་ཏུ་ཡོད་སྐབས་དུས་དེའི་སྲིད་སྐྱོང་མཐའ་མ་སྐུ་ཞབས་ Chris Patten ལགས་ཀྱིས་དུས་ཚིགས་འདི་དང་བསྟུན་གསར་འགོད་པའི་བཅར་འདྲི་དང་ལེན་གནང་པར་ས་གནས་དེའི་རང་སྐྱོང་གི་གནས་བབ་ཉམས་རྒུད་འགྲོ་བཞིན་པར་བློ་ཚབས་ཡོད་པའི་རྣམ་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གི་ངོས་ནས་ལོ་ ༢༠ གོང་ཧོང་ཀོང་དེ་དབྱིན་ཡུལ་ནས་རྒྱ་ནག་ལ་རྩིས་སྤྲོད་སྐབས་ས་གནས་ཀྱི་ཡུལ་མི་རང་དབང་ལ་རྒྱབ་སྐྱོར་ཞུ་རྒྱུར་ཁས་ལེན་བྱས་ཡོད་ཀྱང་། ད་ཆ་དེ་ལྟར་མེད་པར་རྩིས་མེད་གཏོང་བཞིན་འདུག་ཅེས་སྐྱོན་བརྗོད་གནང་འདུག ད་དུང་ཁོང་གིས་རྒྱ་གཞུང་གིས་དེ་སྔོན་ཧོང་ཀོང་ནང་གི་དཔེ་དེབ་ཚོང་གཉེར་བ་ཁག་ཅིག་འཛིན་བཟུང་བྱས་པའི་གནད་དོན་ལུང་འདྲེན་དང་འབྲེལ། ཧོང་ཀོང་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་འབྲེལ་ལས་ཁུངས་ཁག་ནས་ཧོང་ཀོང་ས་གནས་གཞུང་གི་ལས་དོན་ཁག་ལ་ཐོག་མཐའ་བར་གསུམ་དུ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཀྱང་ཤུགས་ཆེ་གནང་འདུག

Latest news