Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

རྒྱ་གཞུང་གི་སྐུ་ཚབ་ནས་རྒྱལ་ཚོགས་སུ་བོད་ནང་ཆབ་སྲིད་བཙོན་པ་དང་མནར་གཅོད་བཏང་པའི་གནས་ཚུལ་རིགས་གང་ཡང་མེད་ཅེས་བརྗོད་འདུག

རྒྱ་ནག་གི་སྐུ་ཚབ་ཚོས་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམ་པས་འདྲི་རྩད་བྱས་པའི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་ཐོག་རྒྱ་གཞུང་གི་སྐུ་ཚབ་ཚོས་བོད་ནང་ཆབ་སྲིད་བཙོན་པ་དང་མནར་གཅོད་བཏང་པའི་གནད་དོན་རིགས་གང་ཡང་མེད་ཅེས་བརྗོད་ཡོད་པ་རེད། དེ་ཡང་ཁ་ཉིན་ཚེས་ ༡༧ ཉིན་ནས་Swiss གྱི་གྲོང་ཁྱེར་Geneva འི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཆོགས་སུ་ རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་ཐུན་ཐེངས་ ༥༦ ཐོག་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་སོགས་དང་འབྲེལ། རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་ཚོགས་ཐུན་ཞིག་ཚོགས་ཡོད་པ་དང་། ཁ་སང་ཉིན་རྒྱབ་ཏུ་རྒྱ་ནག་གི་སྐུ་ཚབ་ཚོས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་མི་ཁག་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆབ་སྲིད་བཙོན་པའི་གནད་དོན། ལྷག་པར་དུ་ལོ་འདིའི་ཟླ་བ་བདུན་པའི་ནང་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་འདས་གྲོངས་སུ་འགྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་དང། རྒྱ་གཞུང་གི་བཙོན་ཁང་ནང་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་མཁན་པོ་ཀརྨ་ཚེ་དབང་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་དང་སྨན་བཅོས་བཅས་ཀྱི་ཐོབ་ཐང་ཐད་ལ་འདྲི་རྩད་བྱས་པར་ལན་འདེབས་ཞུས་པར་རྒྱ་ནག་གཞུང་གི་སྐུ་ཚབ་ཚོས་རྒྱ་ནག་དང་བོད་ཀྱི་ས་ཁུལ་ནང་ལ་ཆབ་སྲིད་བཙོན་པ་མེད་པ་མ་ཟད། མི་སེར་རྣམས་ལ་མནར་གཅོད་བཏང་པའི་གནས་ཚུལ་རིགས་གང་ཡང་མེད་ཅེས་བརྗོད་འདུག དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ལ་རྒྱ་གཞུང་ངོས་ནས་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བསྟེན་སླད་སྨན་བཅོས་ཀྱི་རོགས་རམ་གང་ཐུབ་བྱས་ཡོད་པ་མ་ཟད། བཙོན་ཁང་ནང་སྐུ་འདས་གྲོངས་སུ་འགྱུར་བའི་རྗེས་སུ་པུར་ཐལ་རྣམས་ནང་མི་སྤུན་མཆེད་རྣམས་ལ་རྩིས་སྤྲོད་བྱས་ཡོད་སྐོར་དང་། རྒྱ་གཞུང་གི་བཙོན་ཁང་ནང་འདྲི་རྩད་བྱེད་རྒྱུའི་དེང་དུས་འཕྲུལ་རིགས་གང་ཡང་མེད་ཅེས་གསལ་བཤད་བྱས་འདུག གཞན་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། རྒྱལ་སྤྱིའི་ཡུ་གུར་མང་གཙོ་ཚོགས་པ་། ནང་སོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་བོད་དྲང་བདེན་བསྟི་གནས་ཁང་བཅས་ཚོགས་པ་ལྔའི་སྐུ་ཚབ་དང་། བོད་མིའི་ཆབ་སྲིད་གཙོན་ཟུར་གོ་ལོག་འཇིགས་མེད་རྒྱ་མཚོ་ལགས་བཅས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་དྲང་པོ་ཞུས་མེད་པ་དང། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གི་གནད་དོན་ཐད་ལ་རྒྱ་གཞུང་གིས་གསལ་བཤད་བྱས་པ་དེ་ནི་བདེན་པ་རྩ་བ་མེད་པ་མ་ཟད། གནད་དོན་འོག་ཁོང་གི་ནང་མི་སྤུན་མཆེད་རྣམས་བཟང་བཙོན་འོག་བཞག་པའི་གནས་ཚུལ་ཁག་ཅིག་གསལ་བཤད་གནང་ཡོད་པ་རེད། དེ་བཞིན་བོད་མིའི་ཆབ་སྲིད་བཙོན་ཟུར་གོ་ལོག་འཇིགས་མེད་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་བཙོན་པ་མེད་པ་དང་། བཙོན་ཁང་ནང་ལྕགས་སོགས་དེང་དུས་འཕྲུལ་རིགས་སྤྱོད་ནས་མཉར་གཅོད་གང་ཡང་བཏང་གི་མེད་ཅེས་པ་དེ་ནི་བདེན་པ་རྩ་བ་ནས་མིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག་ལ། རྒྱ་གཞུང་སྐུ་ཚབ་ཚོས་ལན་འདེབས་བྱས་པ་དེ་དག་ལ་ངོས་ལེན་མེད་པ་མ་ཟད། རྒྱལ་ཚོགས་ནས་མུ་མཐུད་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་ཐད་ལ་ཞིབ་དཔྱོད་གནང་དགོས་པ་གསུངས་འདུག

༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་མཁན་ལས་འགོག་རྐྱེན་བཟོ་མཁན་མ་རེད་ཅེས་གསུངས་འདུག

ཨ་རིའི་གྲོས་འཐུས་མི་རྣམས་ནས་རྒྱ་གཞུང་གི་དཔོན་རིགས་ཚོ་དང་བོད་དོན་ཐད་གྲོས་བསྡུར་ལྷུག་པོ་གནང་པ་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་མཁན་ཞིག་ཡིན་པ་ལས་འགོག་རྐྱེན་བཟོ་མཁན་ཞིག་མ་རེད་ཅེས་གསུངས་ཡོད་པ་རེད།  དེ་ཡང་ལྕམ་ནེནྶི་པེ་ལོ་སི་མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་འདི་བཞིན་ཧོ་ཀོང་། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འབྲེལ་འཚམས་གཟིགས་གྲུབ་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོར་གསར་འགོད་ལྷན་ཚོགས་ཤིག་ཡོད་པ་རེད། ཐེངས་འདིའི་ཨ་རིའི་སྐུ་ཚབ་བོད་དུ་གཟིགས་སྐོར་ཕེབས་མཁན་ཁོངས་སུ་ཨ་རའི་གྲོས་ཚོགས་འཐུས་མི་ལྕམ་ནེནྶི་པེ་ལོ་སི་མཆོག་གཙོས་པའི་སྐུ་ཚབ་ཚོས་གསར་འགོད་གསལ་ལྷན་ཚོགས་གནང་སྐབས། ཨ་རིའི་ Tom Lantos འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་ཀྱིས་ད་ལན་གྱི་འཚམས་གཟིགས་དེའི་ཐོག་རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཚོ་དང་། པེ་ཅིང་། དེ་བཞིན་ལྷ་སར་ཡོད་པའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོའི་ལྷན་དུ་མཇལ་མོལ་ཡག་པོ་བྱུང་སོང་ཅེས་གསུངས་པ་དང་སྦྲགས་ཏེ་ལོ་མང་རྗེས་ཨ་རིའི་སྐུ་ཚབ་བོད་ནང་བསྐྱོད་རྒྱུ་བྱུང་བ་ནི་རྒྱ་གཞུང་གིས་རྣམ་འགྱུར་གལ་ཆེ་ཞིག་ཡིན་པར་འགྲེལ་བརྗོད་གནང་པ་དེ་ལྟར་དོན་དངོས་ཐོག་བོད་ནང་དུ་དོན་སྙིང་ལྡན་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་པ་གསུངས་འདུག   དེ་བཞིན་ཁོང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་གསར་བཙུགས་བྱ་བཅུག་དགོས་པ་དང། བོད་ནང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཙོས་པའི་ཕྱི་རྒྱལ་གྱི་གསར་འགོད་པ་དང། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི། དེ་བཞིན་ཨ་རི་གཙོས་པའི་ཕྱི་སྡོད་བོད་མི་ཚོ་བོད་ནང་རང་དབང་ཐོག་འགྲོ་བསྐྱོད་བྱ་བཅུག་དགོས་པ་གསུངས་ཡོད་པ་རེད། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཕྱིར་རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་༸གོང་ས་ཏཱ་ལའི་བླ་མཆོག་དང་ལྷན་དུ་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་བོད་མི་ཚོར་རང་སྲིད་རང་སྐྱོང་གི་གནས་བབ་ཐོག རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང། དེ་བཞིན་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་རང་དབང་ཆ་ལག་ཚང་བ་ལོངས་སུ་སྤྱོད་རྒྱུ་བཅས་དོན་གནད་གཙོ་བོ་གསུམ་གྱི་ཐོག་ནས་རྒྱ་གཞུང་ལ་འབོད་སྐུལ་ཞུས་པ་དང་། ལྷག་པར་དུ་སྐུ་ཞབས་ McGovern ལགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་མཁན་ཞིག་ཡིན་པ་ལས་འགོག་རྐྱེན་བཟོ་མཁན་ཞིག་མ་རེད་ཅེས་གསུངས་ཡོད་པ་རེད།   གསར་འགོད་ལྷན་ཚོགས་དེའི་ཐོག ད་དུང་ཁོང་གིས་རྒྱ་གཞུང་གིས་བོད་མིའི་ཆོས་དང་སྐད་ཡིག རིག་གཞུང། དེ་བཞིན་༸གོང་ས་མཆོག་བཅས་ཀྱིས་བོད་རྙིང་པ་བསྐྱར་ལོགས་བྱ་རྒྱུ་ཡིན་པ་འགྲེལ་བརྗོད་བྱས་པ་ཁག་ལུང་འདྲེན་དང་སྦྲགས་ཏེ། ཨ་རིའི་ངོས་ནས་འདས་པའི་གནས་ཚུལ་ལས། མ་འོངས་པའི་བོད་དང་བོད་མིའི་གནད་དོན་གལ་འགང་ཆེ་བར་ངོས་འཛིན་ཞུ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཕྱོགས་གཉིས་དབར་ཞི་མཐུན་དང་ཡིད་ཆེས་ལམ་ནས་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་རྒྱུར་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་པ་རེད།   དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་Nancy Pelosiམཆོག་གིས་རྒྱ་ནག་གི་སྲིད་བློན་Li Keqiangགཙོས་པའི་དམར་ཤོགས་ཚོགས་པའི་འགོ་ཁྲིད་ཁག་ལྷན་དུ། རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་འཇགས་དང། དྲ་རྒྱའི་བདེ་སྲུང། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་མདོག་དང། རྒྱ་ནག་སྤྱི་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་སོགས་གླེང་སློང་གནང་ཡོད་པ་མ་ཟད། ལྷག་པར་དུ་ལྕམ་སྐུ་མཆོག་གིས་ད་ལན་གྱི་འཚམས་གཟིགས་དེ་བརྒྱུད་ནས་རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་བའི་ཟམ་པ་དེ་མུ་མཐུད་གནས་པའི་ཐོག་ཕན་ཚུན་དབར་ལ་ཕྱི་གསལ་ནང་གསལ་ཡོང་བར་ངོས་འཛིན་ཡོད་ཅེས་གསུངས་འདུག  

རྒྱ་གཞུང་ནས་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་ཐད་ལ་གསལ་བཤད་ནན་པོ་དགོས་པ་གསུངས་འདུག

རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ངོས་ནས་རྒྱ་ནག་གི་སྐུ་ཚབ་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་སྐོར་ལ་འདྲི་རྩད་ནན་པོ་བྱས་པ་མ་ཟད། རྒྱ་གཞུང་གིས་བཀག་འགོག་འོག་ཡོད་པའི་ཞི་རྒོལ་བ་དང་བཙོན་པ་རྣམས་ལ་ཁྲིམས་བཅད་བཏང་སྟངས་དང་ཁོང་རྣམ་པའི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཆགས་སོགས་ཀྱི་ཐད་གསལ་བཤད་ནན་པོ་དགོས་པ་གསུངས་འདུག དེ་ཡང་ཁ་སང་ཕྱི་ཚེས་ནས་ Swiss གྱི་གྲོང་ཁྱེར་ Geneva འི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཆོགས་སུ་ རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་ཐུན་ཐེངས་ ༥༦ ཐོག རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་སོགས་དང་འབྲེལ། རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་ཚོགས་ཐུན་ཐེངས་ ༦ དེ་ཚོགས་བཞིན་པའི་ཁྲོད། རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་ཚོགས་གཞོན་ལྕམ་ Felice Gaer ལགས་ཀྱིས་རྒྱ་ནག་གཞུང་གི་སྐུ་ཚབ་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནད་དོན་དང་འབྲེལ། ལོ་འདིའི་ཟླ་བ་བདུན་པའི་ནང་རྒྱ་གཞུང་གི་བཙོན་ཁང་ནང་སྐུ་འདས་གྲོངས་སུ་འགྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནད་དོན་ཐད་ལ་ད་བར་ཞིབ་འཇུག་གང་བྱས་ཡོད་མེད་ཐད་ལ་འདྲི་རྩད་ནན་པོ་གནང་འདུག མ་ཟད། རྒྱལ་ཚོགས་ནས་དམིགས་སུ་བཀར་ཏེ་རྒྱ་གཞུང་གི་མནར་གཅོད་འོག་བོད་རིགས་ ༢༤ སྡུག་སྦྱོང་མྱོང་བཞིན་ཡོད་པའི་དོགས་གཞིའི་དྲི་བ་ལ་རྒྱ་ནག་གི་སྐུ་ཚབ་ཀྱིས་ངོས་ནས་ལེན་འདེབས་གང་ཡང་མེད་པར་གཡོལ་ཐབས་བྱེད་པར་གསལ་བཤད་ནན་པོ་དགོས་པ་གསུངས་འདུག རྩ་བའི་ད་ལྟ་གྲོང་ཁྱེར་Geneva ནང་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གི་རྒྱ་ནག་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་ཞེས་པའི་བསྐྱར་ཞོབ་ཀྱི་ཚོགས་འདུ་ཞིག་ཚོགས་བཞིན་པ་འདི་ནི་སྤྱི་ལོ་ ༢༠༠༨ རྗེས་སུ་རྒྱལ་ཚོགས་ནས་རྒྱ་ནག་གི་གནར་གཅོད་ལས་དོན་ལ་ཞིབ་དཔྱོད་གནང་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་མཟད། དེ་རིང་ཉིན་རྒྱབ་ཚོུད་ ༣།༠༠ ཐོག་རྒྱ་ནག་གི་སྐུ་ཚབ་ཚོས་རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམ་པས་འདྲི་རྩད་བྱས་པའི་དོགས་དྲི་ཁག་ལ་ལན་འདེབས་གསལ་བཤད་བྱ་རྒྱུ་དང་རྒྱ་གཞུང་གི་མནར་གཅོད་ལས་དོན་ལ་བསྐྱར་ཞིབ་གནང་རྒྱུའི་ལས་རིམ་འདི་བཞིན་མཇུག་བསྒྲིལ་གནང་གི་ཡོད་པ་རེད།

ལྕམ་ནེནྶི་པེ་ལོ་སི་གཙོས་པའི་ཨ་རིའི་སྐུ་ཚབ་ཚོགས་པར་བོད་ཀྱི་དངོས་ཡོད་གནས་ཚུལ་མཐོང་མི་ཐུབ་པ་བཟོས་འདུག་ཟེར།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་Nancy Pelosi མཆོག་གཙོས་པའི་ཨ་རིའི་སྐུ་ཚབ་ཚོགས་པའི་ཚོགས་མི་ཁག་ཅིག་བོད་དང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་རྒྱ་གཞུང་གིས་སྐུ་ཚབ་ཚོགས་པར་བོད་ཀྱི་དངོས་ཡོད་གནས་ཚུལ་ཇི་ཡིན་མཐོང་མི་ཐུབ་པ་བཟོས་འདུག དེ་ཡང་ལྕམ་ནེནྶི་པེ་ལོ་སི་མཆོག་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ཟླ་བ་འདིའི་ཕྱི་ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་འདི་བཞིན་ཧོ་ཀོང་། ལྷག་པར་དུ་བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འབྲེལ་འཚམས་གཟིགས་གནང་ཡོད་པ་རེད། སྐབས་དེར་ཁོང་རྣམ་པས་བོད་རང་སྐྱོང་ལྗོངས་དམར་ཤོགས་ཚོགས་པའི་ཚོགས་གཙོ་ཁྲན་ཆོན་གོ་གཙོས་པའི་དཔོན་ཁག་དང་ཐུག་འཕྲད་གནང་པ་དང་ཆབས་ཅིག རྒྱལ་ས་ལྷ་སར་ཡོད་པའི་ཇོ་ཁང་དང་ཕོ་བྲང་པོ་ཏཱ་ལ། དེ་བཞིན་སེར་འབྲས་དགའ་གསུམ་སོགས་ལ་གཟིགས་ཞིབ་དང་དེ་དག་གི་གྲྭ་བཙུན་འཐུས་མི་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད། འོན་ཀྱང་ལྕམ་ནེནྶི་པེལོ་སི་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་པ་ལྷ་སར་མ་འབྱོར་མ་སྔ་ནུབ་དེར་ལྷ་སའི་ནང་གྲོང་སྡེ་ཨུ་ཡོན་ལྷན་ཁང་སོ་སོར་བཙན་བཀའ་བཏང་སྟེ་སྡེ་ཁུལ་རེ་རེ་ནས་མི་བཅུ་རེ་དང་སྒོ་ར་རེ་རེ་ནས་མི་དྲུག་རེ་ངེས་པར་དུ་བར་སྐོར་རྒྱག་པར་ཡོང་དགོས་པའི་བཙན་བཀའ་ཕབས་ཡོད་སྟབས། སྐུ་ཚབ་ཚོགས་པ་ལྷ་སར་དངོས་སུ་འབྱོར་སྐབས་བར་སྐོར་རྒྱག་མཁན་བོད་མི་སྔར་ལྷག་ཡོད་པ་དང། བོད་མི་དེ་དག་ཀྱང་རྒྱ་གཞུང་གིས་དངུལ་སྤྲད་པའི་ཁེ་ཕན་ལ་བལྟ་ནས་ཡོང་བ་འབའ་ཞིག་ཡིན་པ་མ་ཟད། དེ་དང་ཕྱོགས་མཚུངས་ཉིན་འཁྱོངས་དགོན་སྡེ་ཁག་ལ་ཡང་ཚོགས་འཚོགས་ཏུ་བཅུག་པ་སོགས་བོད་མི་རྣམས་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུའི་རང་དབང་ཡོད་ཚུལ་གྱི་རྣམ་པ་སྟོན་བཅུག་ཡོད་པ་རེད། བོད་ནང་གི་བོད་མི་ཞིག་གིས་འདི་ག་གསར་འགོད་པར་ཁུངས་ལྡན་གྱི་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། རྣམ་ཀུན་ལྷ་སའི་གཙུག་ལག་ཁང་སོགས་བར་སྐོར་གྱི་ས་ཚིགས་གང་སར་དྲག་ཆས་ཉེན་རྟོག་དམག་མིའི་ཞིབ་བཤེར་ས་ཚིགས་མང་དག་ཞིག་ཡོད་པ་དང་། དེ་མཚུངས་ཉེན་རྟོག་པ་དང་དམག་མིས་སྐོར་གཡེང་བྱེད་བཞིན་པ་མཐོང་རྒྱུ་ཡོད་ཀྱང། དེའི་ཉིན་འཁྱོངས་ཉེན་རྟོག་པ་ཚང་མ་ཕྱིར་བསྡུ་བྱས་པ་མ་ཟད་ཉེན་རྟོག་པ་དང་དམག་མི་དེ་དག་ཀྱང་དམག་ཆས་ཕུད་ནས་མི་དམངས་དཀྱུས་མའི་ཆས་གོས་གྱོན་ཏེ་སྐོར་གཡེང་བྱས་ཡོད་པ་རེད་འདུག རྩ་བའི་བོད་རང་སྐྱོང་ལྗོངས་ཀྱི་ཉིན་རེའི་གསར་ཤོག་ཐོག་ལྕམ་སྐུ་མཆོག་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆེན་གོས་གཉིས་ཐུག་འཕྲད་སྐབས་སུ་ཆེ་ཁྲེན་ཆེན་གོས་ཀྱིས་ཁོང་ལ་ཨ་རིའི་ངོས་ནས་བོད་མིའི་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་པ་དང། ལྷག་དོན་༸གོང་ས་མཆོག་ཨ་རིའི་ནང་ཆིབས་སྒྱུར་གནང་རྒྱུར་བཀག་སྡོམ་ཞུས་དགོས་པའི་སྐུལ་མ་བྱས་པའི་གནས་ཚུལ་དང། དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་། ཁོར་ཡུག ཆོས་དད་རང་དབང་སྲུང་སྐྱོབ་ཐད་འཛིན་བཞིན་པའི་སྲིད་བྱུས་ལ་བསྔགས་བརྗོད་གནང་སྐོར་ ལེགས་ཕྱོགས་འབའ་ཞིག་བཀོད་པ་ལས་དེ་མིན་གང་ཡང་གསལ་བཏོན་བྱེད་མེད་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་སྐུ་ཚབ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཨ་རིའི་སྐུ་ཚབ་ཁོང་རྣམ་པས་བོད་ཀྱི་རྒྱལ་ས་ལྷ་སར་ལྟ་སྐོར་དུ་བསྐྱོད་པ་དེའི་བརྒྱུད་ནས་བོད་མཐོ་སྒང་དུ་གནས་པའིི་བོད་མི་ཚོ་དང་མཇལ་འཕྲད་གནང་པ། དེ་བཞིན་བོད་མི་ཚོའི་འཚོ་བའི་གནས་སྟངས་ལ་རྒྱུས་མངའ་དང། སྤྱི་ཡོངས་ཀྱི་གནས་སྟངས་ཐད་ཤེས་རྟོགས་བྱུང་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་སོང་ཅེས་འགྲེལ་བརྗོད་གནང་བ་མ་ཟད། ལྷག་དོན་ལྕམ་སྐུ་Nancy Pelosi མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཇལ་ཕྲད་གནང་བའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་གཙོས་པའི་ཨ་རིའི་མང་ཚོགས་གཉིས་ནས་རྒྱབ་སྐྱོར་དང་དགའ་གུས་ཤུགས་ཆེ་ཞུས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁོང་རྣམས་ནས་སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོགས་པའི་ཚོགས་པའི་འགོ་ཁྲིད་ཁག་དང་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་འགོ་ཁྲིད་ཚོའི་ངོས་ནས་བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཞུ་དགོས་པ་དང། བོད་ཀྱི་ཆོས་དང་རིག་གཞུང། དེ་བཞིན་སྐད་ཡིག་བཅས་སྲུང་སྐྱོབ་བྱུ་རྒྱུ་དེ་དག་གི་ཐོག་ལ་ཨ་རིའི་གཞུང་ནས་ཀྱང་སེམས་འཚབ་དང་གལ་ཆེ་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་ཡོད་འདུག

ལྕམ་སྐུ་ Nancy Pelosi མཆོག་གིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁག་དང་མཇལ་ཕྲད་གནང་པ།

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ Nancy Pelosiམ ཆོག་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་པ་དང་སྦྲགས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁག་མཇལ་ཕྲད་གནང་ཡོད་པ་རེད།  དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ NancyPelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་སྐོར་ཞིག་ཟླ་བ་འདིའི་ཚེས་ ༥ ནས་དབུ་འཛུགས་ཀྱིས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་ཡོད་པ་རེད།  ཁ་སང་བརྒྱུད་ལམ་ཁག་ལས་ཉེ་ཆར་ལྕམ་སྐུ་པེ་ལོ་སི་མཆོག་གཙོས་པའི་འཐུས་མི་ཁག་བོད་ནས་ཕྱིར་ཕེབས་པའི་གནས་ཚུལ་ཁོ་ན་ལས་དེ་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་ཐོན་མེད་པ་རེད། དེ་རིང་སླར་བོད་རང་སྐྱོང་ལྗོངས་ཀྱི་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་ ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ NancyPelosi མཆོག་གིས་དབུ་ཁྲིད་པའི་གྲོས་ཚོགས་འཐུས་མི་ཁག་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་ཏེ་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆེན་གོས་དང། རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་པདྨ་འཕྲིན་ལས་དང་བློ་བཟང་རྒྱལ་མཚན་གཙོས་པའི་ས་གནས་གཞུང་འབྲེལ་མི་སྣ་ཁག་ཅིག་དང་མཇལ་མོལ་གནང་པ་དང་ཆབས་ཅིག  བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང། ར་མོ་ཆེ་གཙུག་ལག་ཁང། སེར་འབྲས་དགའ་གསུམ་གཙོས་པའི་བཙུན་མའི་མཚམས་ཁང་། དེ་བཞིན་ཀུན་བདེ་གླིང་བཅས་ཀྱི་གྲྭ་བཙུན་འཐུས་མི་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཉིན་རེའི་གསར་ཤོག་ཐོག་ད་དུང་ཁོང་དང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆེན་གོས་གཉིས་ཐུག་འཕྲད་སྐབས་སུ་ཆེ་ཁྲེན་ཆེན་གོས་ཀྱིས་ཁོང་ལ་ཨ་རིའི་ངོས་ནས་བོད་མིའི་ཁ་བྲལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་པ་དང། ལྷག་དོན་༸གོང་ས་མཆོག་ཨ་རིའི་ནང་ཆིབས་སྒྱུར་གནང་རྒྱུར་བཀག་སྡོམ་ཞུས་དགོས་པའི་སྐུལ་མ་བྱས་པའི་གནས་ཚཱུལ་འཁོད་པ་དང་། ལྕམ་སྐུ་ Nancy Pelosi མཆོག་གིས་ཐེངས་འདིའི་རྒྱལ་དོན་འཚམས་གཟིགས་སྐབས་རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་དང་། ཁོར་ཡུག དེ་བཞིན་ཆོས་དད་རང་དབང་སྲུང་སྐྱོབ་ཐད་འཛིན་བཞིན་པའི་སྲིད་བྱུས་ལ་བསྔགས་བརྗོད་ཞུས་ཡོད་པའི་བཟང་ཕྱོགས་ཀྱི་གནས་ཚུལ་འབའ་ཞིག་བཀོད་པ་ལས་དེ་མིན་གང་ཡང་གསལ་བཏོན་བྱས་མི་འདུག  དེ་བཞིན་ཁ་སང་ལྕམ་སྐུ་ནེནྶིི་པེ་ལོ་ནི་མཆོག་བོད་ནང་གི་གཟིགས་བསྐོར་གྲུབ་རྗེས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་ Zhang Ping དང་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་ཐུག་འཕྲད་སྐབས་ Zhang  Ping ཡིས་ཁོང་ལ་བོད་ནང་གི་འཚམས་གཟིགས་ཇི་ལྟར་བྱུང་མིན་བཀའ་འདྲི་ཞུས་པར་ཁོང་གིས་དེ་འབྲེལ་གནད་དོན་དམིགས་བསལ་གང་ཡང་གསུངས་མེད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་ Matteo Mecacci ལགས་ཀྱིས་ལྕམ་སྐུ་ནེནྶི་པེ་ལོ་སི་མཆོག་བོད་ནང་ཕེབས་ཐུབ་པ་དེས་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐོག་ཐུགས་འཁུར་ཇི་ཙམ་བཞེས་ཀྱི་ཡོད་མེད་ཀྱི་བརྡ་ལན་ཞིག་རྒྱ་གཞུང་ལ་སྤྲོད་པ་གསུངས་འདུག  

ལོ་ངོ་ ༦༦ རྗེས་ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་འགོ་ཁྲིད་དབར་མཇལ་འཕྲད་ཆེས་ཐོག་མ་དེ་གནང་རྒྱུ་རེད་འདུག

རིང་མིན་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་ཐེ་ཝན་དང་རྒྱ་ནག་གཉིས་ཀའི་ལྷན་དུ་འབྲེལ་ལམ་བཟང་པོ་ཡོད་པའི་ Singapore གྲོང་ཁྱེར་ནང་ ཐེ་ཝན་གྱི་སྲིད་འཛིན་མ་ཡིང་ཇོ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གཉིས་གཞུང་འབྲེལ་གྱི་མཇལ་འཕྲད་གནང་རྒྱུ་རེད་འདུག དེ་ཡང་དེ་རིང་ BBC དང་ CNN ལ་སོགས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་ཐོག་སྤེལ་བར་གཞིགས་ན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གོ་མིན་ཏང་དང་བཅིངས་གྲོལ་དམག་དབར་གྱི་འཐབ་རྩོད་གྲུབ་མཚམས་ Chiang Kai Shek འགོ་ཁྲིད་པའི་གོ་མིན་བཏང་རུ་ཁག་དེ་སྐབས་དེར་ཉི་ཧོང་གི་བཏང་འཛིན་འོག་ཡོད་པའི་ཐེ་ཝན་གྱི་གླིང་ཕྲན་ཐོག་བྲོས་བྱོལ་དུ་ཕྱིན་ཏེ་གཞིས་ཆགས་པ་ནས་བཟུང་། ད་བར་མི་ལོ་ ༦༦ ཕྱིན་ཟིན་པའི་རྗེས་སུ་ད་ལན་འགོ་ཁྲིད་གཉིས་ཀྱི་དབར་ཆེས་ཐོག་མའི་ཐུག་འཕྲད་བྱེད་ཀྱི་ཡོད་པ་དེ་ནི་ལོ་རྒྱུས་ཐོག་གནད་ཆེ་ཞིག་ཆགས་ཡོད་འདུག  འོན་ཀྱང་ཐེ་ཝན་དམངས་ཚོགས་རྣམས་ནས་ཐེངས་འདིའི་སྲིད་འཛིན་མ་ཡིང་ཇོ་དང་ཞི་ཅིང་ཕིང་གཉིས་ཐུག་འཕྲད་བྱ་རྒྱུ་ནི་ཐེ་ཝན་དེ་རྒྱ་ནག་ལྷན་དུ་ཟླ་སྒྲིལ་བཏང་རྩིས་བྱེད་སྲིད་པའི་དོགས་གཞིའི་འོག་དངངས་འཚབ་ངང་གནས་ཡོད་པ་སྟབས།   རེས་གཟའ་མིག་དམར་ཉིན་མ་ཡིང་ཇོའི་མགྲིན་ཚབ་པ་ Charles Chen ཟེར་བ་དེས་ཐེངས་འདིའི་མཇལ་འཕྲད་ཐོག་སྲིད་འཛིན་མ་ཡིང་ཇོ་ནས་གཙོ་བོ་ཐེ་ཝན་གྱི་གནས་སྟངས་གང་ཡིན་པ་རང་ཅག་བཞག་པའི་ཐོག་ནས་ས་ཁུལ་འདི་གཉིས་དབར་ཞི་བདེ་ཁོར་ཡུག་ཞིག་བསྐྲུན་ཐབས་དང་འབྲེལ་བའི་གྲོས་བསྡུར་གནང་རྒྱུ་ཡིན་པ་ལས། ཆིངས་ཡིག་རིགས་དང་ཕྱོགས་གཉིས་གཟུང་འབྲེལ་ཐོག་གཞུང་འབྲེལ་གསལ་བསྒྲགས་རིགས་གང་ཡང་གནང་འཆར་མེད་པའི་འགྲེལ་བརྗོད་གནང་འདུག  རྩ་བའི་འདས་པའི་ལོ་ཤས་ནང་ཐེ་ཝན་ནང་དུ་མང་ཚོགས་འཕོན་ཆེ་ཞིག་ནས་མ་ཡིང་ཇོའི་གཞུང་འཛིན་ལ་རྒྱ་ནག་ལྷན་དུ་འབྲེལ་བ་བྱེད་རྒྱུ་མང་དྲག་པའི་སྐྱོན་བརྗོད་དང། ཐེ་ཝན་གྱི་དཔལ་འབྱོར་གནས་སྟངས་འདི་རིམ་པས་རྒྱ་ནག་གི་ཤུགས་རྐྱེན་འོག་ཚུད་བཞིན་པའི་དངངས་འཚབ་ཁྲོད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་ལྟར། རིན་མིན་ལོ་རྗེས་མིའི་ལོ་འགོར་སླེབས་ལ་ཉེ་བའི་ཐེ་ཝན་འོས་བསྡུ་ཆེན་མོའི་ནང་གོ་མིན་བཏང་གི་ཚོགས་པ་དེ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཉུང་ཉུང་ལས་མེད་པ་རེད་འདུག དེའི་ཁྲོད་ད་ལན་གྱི་སྲིད་འཛིན་གཉིས་ཀྱི་མཇལ་འཕྲད་གནང་གཏན་འཁེལ་བ་དེ་ནི་རྒྱ་གཞུང་གི་ངོས་ནས་རིང་མིན་ཐེ་ཝན་གྱི་འོས་བསྡུ་ཆེན་མོའི་སྐབས་གོ་མིན་བཏང་གི་གཞུང་ལ་རྒྱལ་ཁ་ཐོབ་རྒྱུའི་ཐབས་བྱུས་ཤིག་ལ་ངོས་འཛིན་གནང་བཞིན་འདུག  

འཛམ་གླིང་དམངས་གཙོའི་ལས་འགུལ་གྱི་ལྷན་ཚོགས་ཐེངས་ ༨ ཐོག་བོད་དོན་སྐོར་ལ་ཟུར་ཚོགས་གནང་འདུག

དེ་རིང་ཟླ་ ༡༡ ཕྱི་ཚེས་ ༣ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་ Seoul ནང་ཚོགས་བཞིན་པའི་འཛམ་གླིང་མང་གཙོའི་ལྷན་ཚོགས་ཐེངས་བརྒྱད་པ་  8th Assembly of World Movement for Democracy དེའི་ཉིན་གསུམ་པའི་མཚམས་འདིར་བོད་དོན་ཆེད་ཟུར་དུ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག  དེ་ཡང་འཛམ་གླིང་མང་གཙོའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་བཞིན་ཟླ་བ་འདིའི་ཚེས་ ༡ ནས་དབུ་འཛུགས་ཀྱི་སང་ཉིན་ཚེས་ ༤ བར་ཚོགས་ཀྱི་ཡོད་པ་དང། ད་ལན་གྱི་ཚོགས་འདིའི་ཐོག་ལྷོ་ཀོ་རི་ཡའི་སྲིད་བློན་ Hwang KyoAhn མཆོག་དབུ་བཞུགས་ཐོག་འཛམ་གླིང་ཡུལ་གྲུ་གང་ས་ནས་མང་གཙོ་དོན་གཉེར་བ་དང། མཁས་དབང། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཁག་ཅིག་དང་།  དེ་བཞིན་ལས་འགུལ་བ་སོགས་ཁྱོན་མི་གྲངས་ ༤༥༠ ཡས་མས་ཞིག་མཉམ་ཞུགས་ཚོགས་ཆེན་མཛད་སྒོ་ཚོགས་གནང་ཡོད་པ་རེད།  གཞི་རྩའི་ཐེངས་འདིའི་ཚོགས་འདུའི་ནང་བཞུགས་སྒར་དྷ་ས་ནས་བོད་མིའི་སྐུ་ཚབ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་གི་འགན་འཛིན་ཚེ་རིང་ཚོ་མོ་ལགས་དང། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་རྒྱལ་སྤྱིའི་འབྲེལ་མཐུད་པ་བསྟན་འཛིན་འཇིགས་འབྲལ་ལགས། དེ་བཞིན་བེུད་སྤྱི་འཐུས་ཟླ་སྒྲོན་ཤར་གླིང་ལགས་བཅས་ལ་མགྲོན་འབོད་གནང་ཡོད་ཀྱང།  དེའི་ཁོངས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་ལམ་དང་འཛུགས་སྐྲུན་ངེས་སྟོན་པ་ཚེ་དཔག་འབའ་ཡུལ་ལགས་དང་ Geneva གཙུག་ལག་སློབ་གཉེར་ཁང་ནང་ཕྱག་ལས་གནང་མུས་ཡིན་པ་མིག་དམར་སྒྲོལ་མ་ལགས་གཉིས་མ་གཏོགས་གཞན་རྣམས་ལ་ཐོང་ཆེན་མ་རག་པས་ཕེབས་ཐུབ་མེད་པ་རེད།   རྩ་བའི་ཚོགས་འདུ་དེ་དང་དུས་མཚུངས་སུ་ལྷོ་ཀོ་རི་ཡའི་རྒྱལ་ས་ Seoul ནང་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་གསུམ་གྱི་འབྲེལ་ལམ་བསྐྱར་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་ཀྱང་ཚོགས་ཀྱི་ཡོད་པ་དང། དེའི་ཐོག་རྒྱ་ནག་གི་སྲིད་བློན་ LiKeqiang སླེབས་ཀྱི་ཡོད་སྟབས།  བཞུགས་སྒར་གྱི་བོད་མི་སྐུ་ཚབ་རྣམས་ལ་ཐོང་ཆེན་སྤྲད་མེད་པར་ཚོད་དཔག་གནང་གི་འདུག ཚེ་དཔག་དང་མིག་དམར་སྒྲོལ་མ་ལགས་གཉིས་ཀྱིས་གསུངས་པར་གཞིགས་ན། གནད་དོན་དེའི་རྐྱེན་གྱིས་རྒྱལ་ཁབ་གཞན་གྱི་ལས་འགུལ་བ་ཁག་ཅིག་ལ་ཡང་དཀའ་ངལ་གཅིག་མཚུངས་འཕྲད་ཡོད་པ་དང། ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གནད་དོན་དེའི་ཐོག་བློ་ཕམ་ཡོད་པའི་འགྲེལ་བརྗོད་གནང་ཡོད་པ་རེད་འདུག

འཇར་མ་ན་སྲིད་འཛིན་མཆོག་གིས་རྒྱ་གཞུང་དང་ལྟ་ཕྱོགས་མི་མཐུན་པའི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་འདུག

འཇར་མ་ནི་སྲིད་འཛིན་ལྕམ་ Angela Merkel མཆོག་གིས་རྒྱ་ནག་ནང་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་སྐབས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་རྒྱ་གཞུང་དང་ལྟ་ཕྱོགས་མི་མཐུན་མཁན་གྱི་མི་སྣ་དགུའི་ལྷན་མཇལ་འཕྲད་གནང་ཡོད་པ་རེད། དེ་ཡང་ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ Bloomberg ལ་སོགས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནི་དང་རྒྱ་ནག་དབར་ཚོང་གི་འབྲེལ་ལམ་གོང་མཐོར་བཏང་བར་དམིགས་ཏེ་ཟླ་བ་སྔོན་མའི་ཟླ་མཇུག་ཏུ་འཇར་མ་ནི་(Germany)སྲིད་འཛིན་ལྕམ་ Angela Merkel མཆོག་རྒྱ་ནག་ནང་ཉིན་གཉིས་རིངགཞུང་འབྲེལ་འཚམས་གཟིགས་ལ་ཕེབས་པའི་ཁྲོད། ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་རྟེན་གཞི་བྱས་པའི་འཇར་མ་ནི་གཞུང་ཚབ་ཁང་ནང་དུ། ལྕམ་ Merkel མཆོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་རྒྱ་རིགས་ཁྲིམས་རྩོད་པ་དང། རྩོམ་པ་པོ། དྲ་ཚིགས་འཇོག་མཁན་སོགས་མི་སྣ་དགུའི་ལྷན་དུ་མཇལ་འཕྲད་གནང་ཡོད་པ་རེད།  སྐབས་དེར་རྒྱ་རིགས་ལས་འགུལ་བ་རྣམས་ནས་སྲིད་འཛིན་ Merkel མཆོག་ལ་ ༢༠༡༢ ལོར་ XiJinping རྒྱ་ནག་གི་འགོ་ཁྲིད་ཆགས་པ་ནས་བཟུང་ད་བར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་སོགས་སྙན་གསེང་ཞུས་ཡོད་པ་རེད་འདུག དེའི་ཐད་རྒྱ་ནག་གི་ Hubei མངའ་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་དང་འཚོ་བའི་ལྟ་ཞིབ་ཚོགས་པ་གསར་བཙུགས་ གནང་མཁན་སྐུ་ཞབས་ LiuFeiyui ལགས་ཀྱིས་མཇལ་འཕྲད་དེར་དགའ་བསུ་ཞུས་པ་དང་། ཁོང་གིས་ཉེ་ཆར་དབྱིན་ཡུལ་གཞུང་གིས་རྒྱ་ སྲིད་འཛིན་ Xi Jinping ལ་སྣེ་ལེན་ཞུས་སྟངས་སོགས་ལུང་འདྲེན་གནང་པ་མ་ཟད། ལྷག་དོན་རྒྱལ་སྤྱིའི་སྤྱི་ཚོགས་པ་དང། ཡར་ཐོན་ཅན་གྱི་ནུབ་ཕྱོགས་མང་གཙོ་རྒྱལ་ཁབ་མང་དག་ཞིག་ནས་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་འོག་མགོ་སྒུར་བའི་ལམ་སྲོལ་ཆགས་ཡོད་པ་དེས་རྒྱལ་ཁབ་དེ་དག་ནས་རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་རིན་ཐང་འབྲལ་བའི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བརྗེད་ཀྱི་ཡོད་པའི་རྣམ་པ་མངོན་པ་དང། དེའི་ཐད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྩོད་ལེན་པ་དང་ལས་འགུལ་བ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་པ་འདི་བཞིན་ད་ལན་ལྕམ་ Merkel མཆོག་གི་གནང་སྟངས་དེས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་རྣམས་ལ་སེམས་འགུལ་ཐེབས་གཞི་ཞིག་འགྱུར་ཡོད་པ་རེད་འདུག ལྕམ་ Merkel མཆོག་གིས་ད་བར་གནད་ཡོད་མི་སྣ་གཞན་ཚོའི་གནང་མ་ཐུབ་པའི་ཕྱག་ལས་གནད་ཆེ་ཞིག་གནང་ཡོད་པ་དེ་ལྟར་ཡང། ལྕམ་སྐུ་མཆོག་ནས་ཡོངས་བསྒྲགས་ཐོག་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་གློང་དང། རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་བཏང་དགོས་པའི་དགོས་འདུན་ཞིག་ངེས་པར་དུ་བཏོན་དགོས་ངེས་ཡིན་སྐོར་གསུངས་འདུག  

རྒྱལ་སྤྱིའི་ནང་པའི་དབུ་ཁྲིད་ཚོས་རྒྱལ་ཚོགས་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཐུགས་འཚབ་ཡོད་པ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་འཛམ་གླིང་ནང་གི་ནང་པའི་དབུ་ཁྲིད་དང་བླ་ཆེན་༣༠༠ ལྷག་གིས་ A Buddhist Declaration on Climate Change ཞེས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཐུགས་འཚབ་ཡོད་པ་གསུངས་འདུག  ཡོངས་ཁྱབ་གསལ་བསྒྲགས་འདི་ནི་རིང་མིན་ཕྱི་ཟླ་ ༡༢ ནང་ཕ་རན་སིའི་རྒྱལ་ས་ Paris དུ་འཚོགས་གཏན་འཁེལ་བའི་ COP21 ཞེས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ ༢༡ དང་བསྟུན་སྤེལ་བ་ཞིག་ཆགས་ཡོད་པ་རེད་འདུག ཡོངས་ཁྱབ་གསལ་བསྒྲགས་འདིའི་ཐོག་༸གོང་ས་མཆོག་གཙོས་པའི་སིངྒ་ལིའི་ནང་པའི་བླ་ཆེན་ Mahanayaka Thero མཆོག་སོགས་ནང་པའི་རྒྱལ་ཁབ་ ༣༦ གི་དབུ་ཁྲིད་བླ་ཆེན་རྣམ་པས་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེའི་ཐོག་ཕེབས་མཁན་རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་དཔོན་རིགས་རྣམས་ལ་འཛམ་གླིང་ནང་གི fossil fuels འམ་རྡོ་སྣུམ་དང་རྡོ་སོལ་སོགས་འགྱུར་རྡོའི་རིགས་ཀྱི་འབུད་རྫས་མེད་པ་བཟོ་བཞིན་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། གོ་ལའི་གནམ་གཤིས་འགྱུར་ལྡོག་གཏང་རིགས་ལ་གདོང་ལེན་བྱ་རྒྱུ་ནི་ང་ཚོ་ཚང་མར་བབ་པའི་འོས་འགན་ཆགས་ཀྱི་ཡོད་པ་ཡང་གསུངས་འདུག  རྒྱལ་སྤྱིའི་ནང་པའི་དབུ་ཁྲིད་བླ་ཆེན་ ༣༠༠ ལྷག་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་པ་དེའི་ཐོག་ད་བར་འཛམ་གླིང་གང་སར་གནས་པའི་ནང་པའི་རྗེས་འབྲངས་པ་ ༥༠༠༠ ལྷག་གི་མཚན་རྟགས་བཀོད་པ་ཁག་རིམ་པས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་དགོས་འབུལ་གནང་གི་ཡོད་པ་རེད་འདུག  རྩ་བའི་ COP21་ཞེས་ཕྱི་ཟླ་༡༡གི་ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ France གྱི་རྒྱལ་ས་ Paris ནང་འཚོགས་རྒྱུའི་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་༢༡པ་དེའི་ཐོག་རྒྱལ་ཁབ་ ༡༩༤ ཀྱི་དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་གནད་ཡོད་མི་སྣ་ ༤༠༠༠༠ ལྷག་ལྷན་འཛོམས་གནང་གི་ཡོད་པ་རེད།  

Latest news