Tibetan Royal Year of 2151 | Year of the Wood Dragon

བོད།

རྒྱལ་བསྟན་དགེ་རྩ་སློབ་གྲྭའི་བསླབ་གཞི་ཁག་རྒྱ་སྒྱུར་གྱི་བཙན་བཀའ་བཏང་བ།

ཁམས་དཀར་མཛེས་ཏྲེ་ཧོར་རོང་པ་ཚ་ས་ཁུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭར་ཟླ་བ་སྔོན་མའི་ནང་རྒྱ་ནག་གིས་བཙན་བཀའ་བཏང་སྟེ། དགེ་རྒན་རྣམས་ཀྱིས་སློབ་གྲྭ་དེའི་བསླབ་གཞི་ཁག་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་དགོས་བ་དང་། དགེ་རྒན་རྣམས་ཀྱིས་རྒྱ་ནག་གི་བཀའ་ལྟར་མ་སྒྲུབ་ན་སློབ་གྲྭ་སྒོ་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་འདུག དེ་ཡང་ཁ་སང་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། འདི་ལོའི་ཟླ་བ་བདུན་པའི་ཟླ་འགོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཁུལ་དེའི་འབྲེལ་ཡོད་དཔོན་རིགས་ཀྱིས་རྒྱལ་བསྟན་དགེ་རྩ་སློབ་གྲྭར་བཙན་བཀའ་བཏང་སྟེ། སློབ་གྲྭ་དེའི་བསླབ་གཞིའི་གཙོ་རྒྱུགས་ཀྱི་སྐད་ཡིག་དེ་རྒྱ་ཡིག་འཇོག་དགོས་བ་མ་ཟད། ཡིག་རྒྱུགས་ཀྱང་རྒྱ་ཡིག་གི་ལམ་ནས་གཏོང་དགོས་བར་བཙན་སྐུལ་གྱིས། རྒྱ་ནག་གི་བཀས་བཀོད་ལྟར་མ་སྒྲུབ་ཚེ་སློབ་གྲྭ་དེ་འཕྲལ་དུ་སྒོ་རྒྱག་རྒྱུ་ཡིན་སྐོར་གྱིས་འཇིགས་སྐུལ་བྱས་ཡོད་པར་བཀོད་འདུག རྒྱལ་བསྟན་དགེ་རྩ་སློབ་གྲྭ་ནི་ཕྱི་ལོ ༡༩༩༤ ལོར་བླ་མ་རྒྱལ་མཚན་བྱམས་པ་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། སློབ་གྲྭ་དེར་བོད་ཀྱི་སློབ་ཕྲུག་རྣམས་ལ་རྒྱ་བོད་དབྱིན་གསུམ་གྱི་གཙོ་བྱས་པའི་འཚེམ་བཟོ་དང་རི་མོ་སོགས་ཀྱི་ལག་ཤེས་ཀྱི་སློབ་སྦྱོང་སྣ་མང་ཞིག་སྤྲོད་བཞིན་ཡོད་པ་དང་། ད་ལྟའི་བར་དུ་སློབ་གྲྭ་དེ་ནས་བོད་ཀྱི་སློབ་མ་ ༦༠༠ ལྷག་དངོས་སུ་སློབ་མཐར་ཕྱིན་ཡོད་པ་མ་ཟད། སློབ་ཁྲིད་ཀྱི་དགེ་རྒན་ཡང་༣༥ ལྷག་ཡོད་པ་ལྟར་ལོ་རེར་སློབ་འཇུག་གསར་དུ་བྱེད་མཁན་གྱི་སློབ་མའི་གྲངས་ཚད་ཀྱང་མང་དུ་འཕེལ་བཞིན་ཡོད་པ་ལྟར། ཟི་ཁྲོན་ཞིང་ཆེན་སྤྱི་ཚོགས་ནུས་པ་ལྡན་པའི་སློབ་འཛུགས་སྔོན་ཐོན་མི་སྣའི་བྱ་དགའ་ཞེས་པ་ཡང་སྤྲད་པ་རེད།འདི་གས་གསར་འགོད་པས་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་ཐེངས་འདིར་རྒྱ་ནག་གིས་བཙན་བཀའ་བཏང་་བའི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་དང་འབྲེལ་བའི་གནས་ཚུལ་སྐོར་ནས་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གིས་བོད་ཁུལ་དུ་སྲིད་བྱུས་སྣ་མང་ཞིག་ལག་བསྟར་གྱིས་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་སློབ་སྦྱོང་གི་ཁོར་ཡུག་ལ་ཚོད་འཛིན་གྱིས་སྐད་ཡིག་རྩ་མེད་བཟོ་བཞིན་པར་བརྟེན་ནས་བོད་ཁུལ་གྱི་བོད་སྐད་ཡིག་རྒྱ་བསྒྱུར་གྱི་ལས་གཞི་དེ་ནི་བོད་ས་ཡོངས་རྫོགས་རྒྱ་ནག་གི་ངོ་བོར་བསྒྱུར་རྒྱུའི་ལས་གཞི་ཆེན་པོ་ཞིག་ཡིན་ཚུལ་དང་འབྲེལ་ནས། དངོས་སུ་བོད་ཁུལ་ནས་ཤེས་ཡོན་སློབ་གསོའི་སྒང་ནས་སྤྱི་ཚོགས་ཀྱི་ནང་དུ་ནུས་བ་ཆེན་པོ་ཐོན་བཞིན་པའི་སྒེར་གཉེར་གྱི་སློབ་གྲྭ་ཁག་མང་པོ་ཞིག་སྒོ་རྒྱག་བཞིན་པར་ངོ་སྤྲོད་གནང་སོང་།གཞི་རྩའི་འདི་ལོར་གསར་དུ་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གི་ཤེས་རིག་ལྷན་ཁང་ཟེར་བས་ཡོངས་གྲགས་ཀྱིས་གནས་ཚུལ་སྤེལ་བའི་ནང་དུ། སྔ་ལོར་ལོ་ལྔ་ཚན་བཅུ་བཞི་བའི་ཚོགས་འདུ་སྐབས་གཏན་འཁེལ་བྱས་པ་ལྟར། འབྱུང་འགྱུར་གྱི་ཕྱི་ཟླ་ ༩ པ་ནས་བཟུང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ། གྲོང་སྡེ་ཁག་སོགས་ནས་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་སྐད་ཡིག་སློབ་གསོའི་ཐད་གནང་བའི་ལམ་སྟོན་དང་དགོངས་པར་སློབ་སྦྱོང་ཡང་དག་ཟེར་བ་ལག་བསྟར་ཡོང་སླད། གྲངས་ཉུང་མི་རིགས་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་སློབ་ཁྲིད་ཀྱིས། ཆུང་དུས་ནས་རྒྱའི་སྐད་ཡིག་གི་བག་ཆགས་ཟབ་མོ་བཞག་སྟེ། མི་སྒེར་འཕེལ་རྒྱས་དང་རིག་རྩལ་ལྡན་པ་ཞིག་ཏུ་བཟོས་པ་བརྒྱུད་གྲོང་གསེབ་གོང་འཕེལ་དང་། ཀྲུང་ཧཱ་མི་རིགས་ཆེན་མོའི་གཞིས་ཁྱིམ་སྲ་བརྟན་གྱི་འདུ་ཤེས་ཡོད་མཁན་ཟེར་བ་ཞིག་ཏུ་བསྒྱུར་དགོས་སྐོར་བསྒྲགས་ཡོད་པ་ལྟར་ད་ཆ་དངོས་སུ་སྲིད་བྱུས་དེ་ལག་བསྟར་གྱིས་ཉེ་ལམ་ཟླ་བ་སྔོན་མའི་ནང་དུ་དངོས་སུ་མདོ་སྨད་མགོ་ལོག་ཁུལ་གྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་ཞེས་པ་དེ་སྒོ་རྒྱབ་པ་མ་ཟད་དེར་འབྲེལ་གྱི་བོད་ཡིག་དགེ་རྒན་ཞིག་ཀྱང་རྒྱ་ནག་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ནས་པདྨ་རྒྱལ་ལགས་ཀྱིས་འདི་ལོའི་སློབ་སྐབས་གསར་བ་འགོ་བཙུགས་པ་ནས་བཟུང་རྒྱ་ནག་གིས་རྒྱ་ནག་རྒྱལ་ཡོངས་དང་སྒོས་སུ་བོད་ཁུལ་དུ་རྒྱ་ནག་གི་སྤྱི་སྐད་གཙོར་འཛིན་ཞེས་པའི་སྲིད་བྱུས་འོག་བསླབ་གཞིའི་མ་སྐད་དེ་རྒྱ་ཡིག་བཞག་ཡོད་པ་དང་འབྲེལ་ནས་བྱིས་པ་ཆུང་ཆུང་ནས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་གི་ཤན་ཤུགས་ཐེབས་ཐབས་སུ་སྲིད་བྱུས་དེ་འདྲ་ཞིག་ལག་བསྟར་བྱེད་བཞིན་ཡོད་པར་མངོན་གསལ་གནང་སོང་།གཞི་རྩའི་ཁམས་དཀར་མཛེས་ཏྲེ་ཧོར་རོང་པ་ཚ་ས་ཁུལ་གྱི་རྒྱལ་བསྟན་དགེ་རྩ་སློབ་གྲྭ་དེ་གསར་འཛུགས་གནང་མཁན་གྱི་བླ་མ་རྒྱལ་མཚན་བློ་བཟང་བྱམས་པ་ལགས་ནི་ཕྱི་ལོ་ ༡༩༤༩་ལོར་དགུང་ལོ་གསུམ་གྱི་སྟེང་རྒྱ་ནག་གིས་ས་བགོས་བྱས་པའི་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་པའི་བླ་མ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་བ་བརྒྱུད་ནས། ཁོང་གི་མཐུན་འགྱུར་རོགས་རམས་ཁྲོད་སློབ་གྲྭ་དེ་གསར་འཛུགས་ཀྱིས་བོད་རིགས་སློབ་མ་རྣམས་ལ་རིན་མེད་ཀྱིས་ཤེས་ཡོན་སློབ་སྦྱོང་སྤྲོད་བཞིན་པ་ཞིག་ཆགས་ཡོད་པ་དང་། ཁོང་ད་ཆ་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་མི་ལྷན་ཚོགས་ཀྱི་ཚོགས་མི་ཞིག་དང་ཟི་ཁྲོན་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཞོན་ཡང་ཆགས་ཡོད་འདུག རྩ་བའི་ཉེ་སྔོན་Financial Times ཞེས་པའི་གསར་ཁང་གིས་རྒྱ་ནག་ནང་གི་སྒེར་གཉེར་སློབ་གྲྭའི་གནས་ཚུལ་རྒྱུས་ལོན་བྱས་པའི་ནང་དུ། རྒྱ་ནག་གི་ནང་དུ་མ་མཐའ་ཡང་སྒེར་གཉེར་སློབ་གྲྭ་འབུམ་གཉིས་མ་ཟིན་ཙམ་ཡོད་པ་དང་། དེ་དག་གི་ཁོངས་སུ་སྒེར་གཉེར་གྱི་སློབ་གྲྭ་འགྲིམས་མཁན་གྱི་སློབ་མའི་གྲངས་ཚད་ས་ཡ་ ༥༦ ཙམ་ཟིན་ཡོད་པར་ཤེས་རྟོག་བྱུང་ཡོད་ནའང་། ད་ཆ་རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭ་ཁག་སྲིད་གཞུང་གི་བཀའ་རྒྱའི་འོག་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་པར་འཁོད་འདུག

བོད་རིགས་སློབ་མ་ཞིག་གིས་བོད་ཡིག་སློབ་ཁྲིད་གཙོར་འཛིན་གྱི་སྙན་ཞུ་ཕུལ་རྐྱེན་འཛིན་བཟུང་།

རྒྱ་ནག་གཞུང་གིས་རྔ་བ་ཁུལ་སྤྲོ་ཚིགས་ཡུལ་ཚོའི་གཞོན་ནུ་ཤེས་རབ་རྡོ་རྗེ་ཞུ་བ་ཞིག་དང་ཁོང་གི་སློབ་གྲོགས་སྐོར་ཞིག་ཟླ་འདིའི་ཚེས་ ༡༦ ཉིན་རང་གི་ཡུལ་ཚོ་ནས་འཛིན་བཟུང་བྱས་ཏེ་བཀག་སྐྱིལ་བྱས་པའི་ཁྲོད། སློབ་གཞན་རྣམས་གནས་སྐབས་སུ་གློད་གྲོལ་བཏང་ཡོད་ཀྱང་ཤེས་རབ་རྡོ་རྗེ་ལགས་མུ་མཐུད་དུ་བཀག་ཉར་བྱེད་བཞིན་པ་རེད་འདུགཁ་སང་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཤེས་རབ་རྡོ་རྗེ་ལགས་ཀྱིས་ས་གནས་ཀྱི་རྒྱ་ནག་གི་དཔོན་རིགས་ལ་ཡུལ་ཚོའི་སློབ་གྲྭའི་ནང་དུ་བསླབ་གཞིའི་མ་ཡིག་དེ་བོད་སྐད་བོད་ཡིག་འཇོག་དགོས་བའི་ཞུ་ཡིག་ཕུལ་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཚེས་ ༡༤ ཉིན་རྒྱ་ནག་གི་ཉེན་རྟོག་པས་སྤྲོ་ཚིགས་ཡུལ་ཚོའི་སློབ་མ་རྣམས་སྐོང་འགུག་གིས་རྒྱ་ནག་དམར་ཤོག་གཞུང་ལ་བསྟོད་པ་དང་བདེ་འཇགས་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་དྲིལ་བསྒྲགས་ཀྱི་ཚོགས་འདུ་ཞིག་བསྡུས་ཡོད་པའི་ཁྲོད། རང་ལོ་ ༡༩ ཡིན་པའི་ཤེས་རབ་རྡོ་རྗེ་ལགས་ཀྱིས་སྐབས་དེར་ཚོགས་བཅར་ཞུས་མེད་སྟབས། ཚེས་བཅུ་དྲུག་གི་ཉིན་རྒྱ་ནག་གིས་ཁོང་དང་ཁོང་གི་སློབ་གྲོགས་སྐོར་ཞིག་འཛིན་བཟུང་ཡོད་པར་འཁོད་འདུགལྟ་ཞིབ་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། འདི་ལོའི་དབྱར་གནང་རྫོགས་ནས་སློབ་སྐབས་གསར་བ་འགོ་འཛུགས་གནང་སྐབས། རྒྱ་ནག་གིས་སྤྲོ་ཚིགས་ཡུལ་ཚོའི་སློབ་གྲྭའི་བསླབ་གཞི་ཁག་ལ་འགྱུར་བ་བཏང་ནས། སློབ་ཁྲིད་ཀྱི་གཙོ་རྒྱུགས་མ་སྐད་དེ་རྒྱ་ཡིག་གི་ངོ་བོར་བསྒྱུར་ཡོད་སྟབས། ཤེས་རབ་རྡོ་རྗེ་ལགས་དང་ཁོང་གི་སློབ་གྲོགས་སྐོར་ཞིག་གིས་མཉམ་འབྲེལ་གྱིས་རྒྱ་ནག་གི་ཤེས་རིག་གི་གོང་རིམ་དཔོན་རིགས་ལ་གནད་དོན་དེར་འབྲེལ་གྱི་སྙན་ཞུ་ཞིག་ཕུལ་ཏེ། བསླབ་གཞིའི་གཙོ་རྒྱུགས་ཀྱི་མ་སྐད་བོད་ཡིག་གི་ནང་དུ་ཁྲིད་རྒྱུའི་རེ་ཞུ་བྱས་ཡོད་སྟབས། ད་ཐེངས་ཁོང་འཛིན་བཟུང་བྱས་པ་ཡང་གཙོ་བོ་གནད་དོན་དེ་དང་འབྲེལ་བ་ཆགས་ཡོད་སྐོར་གསལ་འདུགགཞི་རྩའི་འདི་ལོར་རྒྱ་ནག་གིས་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཡོད་པའི་བོད་རིགས་སློབ་གྲྭ་མང་པོ་ཞིག་གི་ནང་དུ་རྒྱ་ནག་གི་ཆབ་སྲིད་དང་འབྲེལ་དྲིལ་བསྒྲགས་རིགས་ཁྱབ་སྤེལ་ཆེས་ཆེར་བྱས་ཏེ་བོད་རིགས་སློབ་གྲྭ་མང་པོ་ཞིག་གི་བསླབ་གཞིའི་རྩ་འཛིན་ཡོངས་སུ་རྒྱ་ཡིག་གི་ནང་དུ་སློབ་ཁྲིད་བྱེད་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཟླ་སྔོན་མའི་ཚེས་༢༠ ཡས་མས་ཤིག་ལ་རང་ལོ་༤༥ ཙམ་ཡིན་པའི་རྔ་པ་རྫོང་སྤྲོ་ཚིགས་དགོན་པའི་དགེ་བསྐོས་དཀོན་མེ་ལགས་ཀྱང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་པ་ལས་ཁོང་ཅིའི་ཕྱིར་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཁ་གསལ་ཆགས་མེད་པར་ལྷག་ཡོད་པ་རེད། དེ་བཞིན་ཁ་ཉིན་ཟླ་བ་ ༨ པའི་ཚེས་༨ ཉིན་སྟེ། ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་གྱི་ཉིན་ལ་ཡང་། རྒྱ་ནག་གི་རྔ་བ་ཀིརྟི་དགོན་གྱི་གཙོ་བྱས་པའི་ཁུལ་དེའི་དགོན་ཁག་མང་པོ་ཞིག་གི་མཐའ་སྐོར་དུ་གོ་མཚོན་ཐོགས་པའི་རྒྱ་ནག་གི་དམག་མི་འགྲེམས་འཇོག་གིས་གྲྭ་མང་གི་འགྲོ་འདུག་ལ་སྟངས་འཛིན་ནན་མོ་བྱས་པ་མ་ཟད། མང་ཚོགས་ཀྱི་ཁ་པར་ལ་ཡང་འབྲེལ་ཡོད་ཀྱི་ཆེད་མཁས་འཕྲུལ་ལས་སྡེ་ཁག་གིས་ཞིབ་བཤེར་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།གཞི་རྩའི་ཕྱོགས་གཅིག་གིས་ད་ལྟའི་ཆར་རྒྱ་ནག་གི་བོད་ནང་དུ་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་མང་ཚོགས་རང་དབང་དང་བདེ་སྐྱིད་སྐྲུན་བཞིན་པར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་འབྲེལ་གྱི་ཞིན་ཧ་གསར་ཁང་གིས་སྐབས་འདིར་ཆེད་དུ་བོད་མི་ཁག་ཅིག་ལ་བོད་ས་མ་ཤོར་གོང་དུ་བོད་ཁུལ་དུ་ཞིང་བྲན་ལམ་ལུགས་དང་ས་བདག་གྲལ་རིམ་གྱི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱིས་དཀའ་སྡུག་མང་པོ་མྱངས་ཡོད་ཀྱང་། ད་ཆ་རྒྱ་ནག་གི་དབང་བསྒྱུར་གྱི་འོག་ཏུ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་སྐྲུན་ཡོད་ཚུལ་གྱི་དྲིལ་བསྒྲགས་ཀྱི་རིགས་སྤེལ་དུ་བཅུག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་བོད་ས་དབང་སྒྱུར་བྱས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་སྟོན་དང་འབྲེལ་ནས། སྔར་ལྷག་བོད་ནང་གི་ས་ཆ་གང་སར་རྒྱ་ནག་གི་ཉེན་རྟོག་རུ་ཁག་གིས་ཞིབ་བཤེར་ས་ཚུགས་མང་པོ་གསར་འཛུགས་ཀྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་ནན་མོ་བྱེད་བཞིན་པ་མ་ཟད། བོད་ཁུལ་དུ་སྒེར་བཙུགས་ཀྱི་སློབ་གྲྭ་མང་པོ་ཞིག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་ནས་བོད་སྐད་བོད་ཡིག་གཙོ་གཉེར་གྱི་ཤེས་ཡོན་སློབ་གསོར་སྡང་སྡུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་བོད་རིགས་དགེ་རྒན་རྣམས་ཀྱིས་སློབ་གྲྭ་སྒོ་རྒྱག་ཏུ་བཅུག་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཡིན་ན་མ་འོངས་བའི་མདུན་ལམ་དང་མི་སྒེར་གྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་འཇིགས་སྐུལ་རིམ་པ་བྱས་པའི་གནད་དོན་བྱུང་ཡོད་པར་འབྲེལ་ཡོད་ཀྱིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་ཡོད།

རྡོ་རྗེ་བཀྲ་ཤིས་ལགས་སུ་ཁྲིམས་བཤེར་མ་བྱས་སྔོན་དུ་མི་སྤྱོད་ལས་འདས་བའི་མནར་གཅོད་བཏང་འདུག

བོད་ཀྱི་འབྱོར་ལྡན་གྱི་ཚོང་པ་དང་སྤྱི་ཚོགས་ཞབས་ཞུ་བ་རྡོ་རྗེ་བཀྲ་ཤིས་ལགས་ས་བྱི་ལོའི་ཞི་རྒོལ་དང་བསྙད་འདོགས་ཀྱིས་ཕྱི་ལོ་༢༠༠༨ ལོར་རྒྱ་ནག་གིས་འཛིན་བཟུང་བྱས་ཤིང་། ཕྱི་ལོ་༢༠༡༠ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་ཁོང་ལ་ཁྲིམས་བཤེར་མ་བྱས་པའི་སྔོན་དུ་མི་སྤྱོད་ལས་འདས་བའི་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ། ཁོང་བཙོན་ཁང་དུ་བསད་བཞག་པ་ཡིན་ན་ཡང་ཁྲིམས་ཐོག་ནས་བདག་པོ་རྒྱག་མཁན་མེད་པའི་འཇིགས་སྐུལ་བྱས་འདུག དེ་ཡང་ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཉན་ཞིབ་ཀྱི་གསང་ཡིག་ཅིག་ཕྱི་ལ་ཤོར་བའི་གནད་དོན་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་དུ། རྡོ་རྗེ་བཀྲ་ཤིས་ལགས་ལ་ཁྲིམས་བཤེར་མ་བྱས་སྔོན་གྱི་ཟླ་བ་བཞིའི་རིང་ལ་རྒྱ་ནག་གིས་ཁོང་ལ་བསྟུད་མར་འདྲི་གཅོད་བྱེད་སྐབས་ལྕགས་སྒྲོག་བརྒྱབས་ནས་གནམ་ལ་བཏགས་ཏེ་སྣ་ཁུང་ནང་དུ་སི་པན་ཁུ་བ་ཚ་བོ་བླུགས་པ་དང་གློག་རྒྱུགས་ཀྱིས་ཡང་ཡང་རྡུང་ནས་ཐེངས་མང་དྲན་པ་འཐོར་དུ་བཅུག་ཡོད་པ་ཡོངས་གྲགས་གནང་འདུག ལས་འགུལ་ཁང་ལ་རག་པའི་གསང་ཡིག་དེ་ནི་སྐུ་ཞབས་རྡོ་རྗེ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༣ དང་ ༡༤ ཡས་མས་ཤིག་ལ་རྒྱ་ནག་གི་ཁྲིམས་ཁང་གོང་མར་རང་ཉིད་ཀྱི་གྱོད་དོན་ལ་བསྐྱར་དུ་ཁྲིམས་བཤེར་ཡོང་བའི་ཞུ་གཏུགས་ཀྱི་ཡིག་ཆའི་ཆ་ཤས་ཞིག་ཡིན་པ་དང་། ཡིག་ཆ་དེའི་ནང་གསལ་བའི་ཁོང་གི་དཀའ་སྡུག་གི་བྱུང་བ་དེ་དག་ནི་ཁོང་ཕྱི་ལོ་ ༢༠༠༨ ལོར་ལྷ་སའི་ནང་ནས་འཛིན་བཟུང་གིས་རིམ་བཞིན་ཉིང་ཁྲི་སྨན་གླིང་རྫོང་གི་དོ་དམ་ཁང་དུ་བཙན་ཁྲིད་མ་བྱས་གོང་གི་ཟླ་བ་བཞིའི་དུས་ཡུན་ཁྲོད་བྱུང་བ་ཞིག་རེད་འདུག ཡིག་ཆ་དེའི་ནང་རྡོ་རྗེ་བཀྲིས་ལགས་ཀྱིས་རང་ཉིད་ལ་མནར་གཅོད་གཏོང་མཁན་ཁོངས་སུ་རྒྱ་ནག་དབུས་བདེ་འཇགས་ལས་ཁུངས་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་དང་སྨན་གླིང་རྫོང་གི་མི་མང་བདེ་འཇགས་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་གང་ཟག་སོ་སོ་མིང་འདོན་གནང་ཡོད་སྟབས། ཡིག་ཆ་དེ་དམིགས་བསལ་གྱི་གནད་འགག་ཅིག་ཆགས་ཀྱི་ཡོད་པ་མ་ཟད། རྡོ་རྗེ་བཀྲིས་ལགས་ཀྱི་གནད་དོན་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྒྱལ་སྤྱིའི་རང་དབང་ཅན་གྱི་སྐུ་ཚབ་རྣམས་ཀྱིས་བོད་ནང་སྡུག་སྦྱོང་མནར་གཅོད་ཀྱི་ཉམས་ཞིབ་འབྲུ་དོན་དང་ཡོངས་སུ་མཐུན་གྱི་ཡོད་པར་གསུངས་འདུག ཡིག་ཆ་དེའི་ནང་གསལ་ལྟར་ན། འདྲི་གཅོད་པ་མང་པོས་རྡོ་རྗེ་བཀྲ་ཤིས་ལགས་གཉིད་གཅོག་ཏུ་བཅུག་ནས་བསྟུད་མར་འདྲི་གཅོད་སྣ་ཚོགས་བྱས་ཏེ་ཁོང་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཅི་ཡོད་སོགས་ཀྱི་ཉེས་པ་བཙན་འགེལ་གྱི་བཟོད་གླགས་བྲལ་བའི་ཡ་ང་འཇིགས་རུང་གི་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་མ་ཟད། བདེ་འཇགས་ཚན་ཁག་གི་འབྲེལ་ཡོད་ཀྱི་མནར་གཅོད་གཏོང་མཁན་གྱིས། སྟབས་བདེ་བོའི་ཐོག་ནས་བརྗོད་ན། རྡོ་རྗེ་བཀྲ་ཤིས་ལགས་ཉེས་རྡུང་གིས་བསད་བཞག་པའམ། ཡང་ན་དབང་བོ་སྐྱོན་དུ་བསྒྱུར་བཞག་ནའང་ཁྲིམས་མཐུན་ཡིན་ལུགས་དང། ཁོང་གིས་རང་ཉིད་ཀྱི་ནག་ཉེས་ལ་ངོས་ལེན་མ་བྱས་ཚེ་རང་ལོ་ ༧༠ ཡིན་པའི་ཁོང་གི་ཨ་མ་འཛིན་བཟུང་དང་། བཟའ་ཟླ་དང་བུ་ཕྲུག་རྣམས་འདྲི་རྩད་ཆེད་སྐོང་རྒྱུ་སོགས་ཀྱི་འཇིགས་སྐུལ་སྣ་ཚོགས་བྱས་ཡོད་པ་སོགས་མངོན་གསལ་གནང་འདུགགཞི་རྩའི་རྒྱ་ནག་གིས་ཕྱི་ལོ་ ༢༠༠༨ ལོའི་གསུམ་གཅིག་བཞིའི་དོན་རྐྱེན་དང་འབྲེལ་ནས་ཐོག་མར་ཁ་བྲལ་གྱི་ནག་ཉེས་བཙུགས་ཀྱང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆ་ཁོང་ལ་སྙིང་གི་ན་ཚ་དང་། ལུས་པོ་སྐྲངས་པ། གཞང་འབྲུམ་སོགས་ཀྱི་ནད་གཞི་ལྕི་མོ་ཕོག་སྟེ་གཟུགས་གཞིའི་གནས་བབ་ཧ་ཅང་ཛ་དྲག་གི་ངང་གནས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གི་དཔོན་རིགས་ཀྱིས་ཁོང་གི་ཁྲིམས་རྩོད་པ་དང་། བཟའ་ཟླ་བཅས་རྩ་བ་ནས་ཐུགས་འཕྲད་བྱེད་དུ་བཅུག་མེད་པའི་གནས་ཚུལ་ཉེ་ལམ་ཕྱི་ལ་ཐོན་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གྱོད་དོན་དང་འབྲེལ་བའི་གསང་བའི་ཡིག་ཆ་དེར་གཞིགས་ན། ཁོང་གིས་མནར་གཅོད་ཇི་ཙམ་ཕོག་ཀྱང་རང་ཉིད་ལ་བཙན་འགེལ་བྱས་བའི་ཆབ་སྲིད་ཀྱི་ནག་ཉེས་དེར་ངོས་ལེན་རྩ་བ་ནས་བྱས་མེད་པ་མངོན་གསལ་བྱུང་ཡོད་སྐོར་གསུངས་བ་དང་འབྲེལ། ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་བའི་ཞུ་སྐུལ་གནང་བ་དང་། དེ་བཞིན་ཁོང་གི་ཉན་ཞིབ་ཀྱི་ནང་དུ་གསལ་བའི་མནར་གཅོད་ཀྱི་གོ་རིམ་དེ་དག་ལ་རྒྱ་ནག་གིས་ངེས་བར་དུ་རང་དབང་ལྡན་ཞིང་ཕྱོགས་ལྷུང་བྲལ་བའི་ཞིབ་འཇུག་བྱེད་དགོས་བ་མ་ཟད། ཁོང་ལ་ཚད་བརྒལ་གྱི་མནར་གཅོད་གཏོང་མཁན་རྣམས་གསལ་བོ་བཟོས་བ་བརྒྱུད་ནས་རྒྱ་ནག་གིས་བོད་ཁུལ་དུ་དམིགས་བསལ་གྱི་ཉེས་འགལ་རིགས་དེ་དག་གང་མགྱོགས་མཇུག་སྒྲིལ་དགོས་བར་ཞུ་སྐུལ་གནང་འདུག དེ་བཞིན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་བ་རྣམས་ཀྱིས་འཕྲལ་དུ་རྒྱ་ནག་དང་ལྷན་དུ་བོད་ཀྱི་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནད་དོན་དེ་གླེང་སློང་བྱེད་རྒྱུར་ཞུ་སྐུལ་དང་འབྲེལ་ནས། རྒྱ་ནག་གིས་ཁོང་ལ་མནར་གཅོད་ཚ་ནན་གྱིས་དྲང་བདེན་མིན་པའི་ཁྲིམས་བཤེར་བྱས་བ་བརྒྱུད་ནས་ད་ཆ་ཁོང་གི་མི་ཚེ་བཙོན་ཁང་གི་ནང་དུ་ཉེན་གནས་སུ་ལྷུང་ཡོད་པ་དང་། ཁོང་ནི་རྒྱ་ནག་གིས་ཁྲིམས་གཞི་དང་བྲལ་བའི་ཐོག་ནས་ཁྲིམས་ཐག་བཅད་པའི་ཁྲོད་ཀྱི་གཅིག་ཡིན་པ་དང་། གནས་བབ་དེ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པར་གསུངས་འདུགཡང་དེའི་བར་ན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་Freetibet ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤེལ་བའི་བོད་ནང་གི་འབྲེལ་ཡོད་གནས་ཚུལ་གཞན་ཞིག་ནང་གསལ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན། བོད་སྐྱེ་རྒུ་མདོ་ཁུལ་ནས་རྒྱ་ནག་གི་ཉེན་རྟོག་པས་བོད་མི་རླངས་འཁོར་རྣམས་ལ་ཞིབ་བཤེར་བྱེད་སྐབས་བོད་མི་རིག་གྲགས་ཞེས་པ་ཞིག་ལ་འབུད་རྒྱག་གིས་འབྲི་ཆུའི་ནང་གཡུགས་པ་དང་ཁོང་གི་གྲོགས་པོ་ཤེས་རབ་རྒྱ་མཚོ་ཟེར་བར་མེ་མདའ་བརྒྱབས་ནས་རྨས་སྐྱོན་ཆེན་པོ་བཟོས་འདུག དེའང་རིག་གྲགས་དང་ཤེས་རབ་རྒྱ་མཚོ་གཉིས་སྐྱེ་རྒུ་མདོ་ནས་རང་ཁྱིམ་དུ་ཕྱིར་ལོག་གནང་སྐབས། ཉེན་རྟོག་པར་རླངས་འཁོར་སྔོག་བཤེར་བྱེད་དོན་སོགས་དྲིས་སྟབས། སྐྱ་ཆས་གྱོན་པའི་ཉེན་རྟོག་པ་དེས་ཁོང་ཁྲོ་ལངས་ནས་རིག་གྲགས་འབུད་རྒྱག་བརྒྱབ་ནས་འབྲི་ཆུའི་ནང་གཡུགས་པ་དང་། སྐབས་དེར་མི་མང་འཛོམས་ཏེ་འབྲི་ཆུའི་ནང་ཁོང་གི་ཕུང་པོ་འཚོལ་ཐབས་བྱས་ཀྱང་རྙེད་སོན་ཐུབ་མེད་པ་རེད་འདུགFreetibet བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱིར་རྒྱ་ནག་གིས་དེང་སྐབས་བོད་ནང་དུ་ཞིབ་བཤེར་གྱི་ས་ཚིགས་མང་དུ་གཏོང་བཞིན་པ་མ་ཟད། ཏོག་དབྱིབས་ཉེན་འགོག་གི་མིང་བྱང་འོག བོད་མི་རྣམས་ཀྱི་རླངས་འཁོར་དང་་ཁ་པར་སོགས་སྔོག་བཤེར་དམ་པོ་བྱེད་བཞིན་ཡོད་པར་ཡོངས་གྲགས་ཀྱིས་རྒྱ་ནག་གིས་བོད་མི་རྣམས་ལ་རྩུབ་སྤྱོད་སྤེལ་བཞིན་པའི་གནད་དོན་རེ་རེ་ནི་རྒྱ་ནག་ལ་ཅིའི་ཕྱིར་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུའི་འོས་བབ་མེད་པའི་རྒྱུ་མཚན་རེ་རེ་ཡིན་པར་ལུང་འདྲེན་དང་འབྲེལ། དབྱིན་ཡུལ་ཨོ་རྩལ་འགྲན་ཚོགས་ནས་རྒྱ་ནག་གི་འགྲན་ཚོགས་དེར་ཆ་ཤས་ལེན་རྒྱུ་མེད་པའི་ཞུ་སྐུལ་གནང་འདུག

རྡོ་སོལ་སྔོག་འདོན་གྱི་ལས་གཞི་ཁྲོད་འདམ་ཉིལ་གྱིས་མིར་གོད་ཆག་ཕོག་པ།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན་བོད་མཚོ་སྔོན་ཁུལ་དུ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༩ ལོར་རྡོ་སོལ་སྔོག་འདོན་བྱ་འགོ་བཙུགས་པའི་གཏེར་ཁ་སྔོན་འདོན་བྱ་ཡུལ་གྱི་ས་ཚིགས་སུ་འདམ་ཉིལ་བྱུང་ནས་མི་ཤི་གོད་ཆག་ཆེན་པོ་བྱུང་འདུགརེས་གཟའ་སྤེན་པའི་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་དབྱེ་བའི་མཚོ་བྱང་བོད་རིགས་རང་སྐྱོང་ཟེར་བའི་ཁུལ་གྱི་རྐང་ཚ་རྫོང་དུ་ཕྱི་ལོ་ ༢༠༠༩ ལོ་ནས་རྒྱ་ནག་གཞུང་གིས་རྡོ་སོལ་སྔོག་འདོན་བྱ་སར་གཏེར་ཁ་སྔོག་འདོན་བྱེད་མཁན་གྱི་མི་གྲངས་ ༢༡ གིས་རྡོ་སོལ་སྔོག་འདོན་བྱེད་བཞིན་པའི་སྐབས་འདམ་ཉིལ་བྱུང་སྟེ་མི་གཅིག་ཉེན་སྐྱོབ་ཐུབ་པ་དང་གཞན་གཅིག་འདས་གྲོངས་སུ་གྱུར་བ་མ་ཟད་དོན་རྐྱེན་དེའི་ཁྲོད་མི་ ༡༩ ཕྱིར་ཐོན་མ་ཐུབ་པར་གཏེར་ཁ་སྔོག་འདོན་གྱི་ས་ཚིགས་དེར་ལུས་ཡོད་པ་རེད་འདུག རྒྱ་ནག་གི་བརྒྱུད་ལམ་ཁག་གིས་གནས་ཚུལ་བཀོད་པར་གཏེར་ཁ་སྔོག་འདོན་བྱ་ཡུལ་གྱི་འདམ་ཉིལ་བྱུང་སྟེ་མི་ཤི་གོད་ཆག་བྱུང་བའི་དོན་རྐྱེན་དེའི་ཉེན་སྐྱོབ་ཆེད་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་ནས་ཛ་དྲག་ཉེན་སྐྱོབ་རིམ་པ་གཉིས་པའི་འོག་ནས་ཉེན་སྐྱོབ་ཀྱི་མཁོ་ཆས་སོགས་ཁྲི་གསུམ་ཙམ་ཆེད་གཏོང་བྱས་ཡོད་སྐོར་དང་ས་གནས་དེའི་མེ་གསོད་རུ་ཁག་གི་འཕྲུལ་འཁོར་ ༣༢ དང་ཉེན་སྐྱོབ་མི་སྣ་ ༡༢༠ དེ་བཞིན་ཆེད་ལས་རོགས་སྐྱོབ་རུ་ཁག་ཚན་པའི་ཉེན་སྐྱོབ་པ་མི་གྲངས་ ༢༠༠ ཆེད་གཏོང་བྱས་ཡོད་ཚུལ་སྤེལ་འདུག རྩ་བའི་རྡོ་སོལ་སྔོག་འདོན་བྱ་རྒྱུའི་ལས་གཞི་དེ་ཕྱི་ལོ་ ༢༠༠༩ ལོར་འགོ་བཙུགས་པ་ཞིག་དང་ལོ་རེར་ས་ཚིགས་དེ་ནས་རྡོ་སོལ་གཏེར་ཁ་ཁྱོན་ཀེ་ལོ་འབུམ་དགུ་ཙམ་སྔོག་འདོན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་སྔ་ལོར་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ཞིག་གི་ནང་དུའང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༥ ནས་བཟུང་ཁམས་ཉག་ཆུ་རྫོང་སྟོད་དུ་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་ལ་ཁ་གཡར་ནས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་མ་ཟད། ད་བར་ཁམས་ཡུལ་ཤུལ་དང་ཁམས་མི་ཉག  བསང་ཆུ་དང་རྨ་ཆུ་རྫོང་། ཁམས་འབྲི་རུའི་སེབ་ཁྲ་རྫ་རྒན་གྱི་གནས་རི་དང་ཨ་མྱེས་རྨ་ཆེན་རི་ཁྲོད་སོགས་སུ་གཏེར་ཁ་སྔོག་འདོན་རིམ་པ་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ཁུལ་གྱི་འབྲོག་པའི་རྩྭ་ས་དང་ལྷ་ཐོག་ལུང་པའི་ཡུལ་མིའི་ས་ཆ་བཙན་འཕྲོག་གིས་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་ཡང་རིམ་པ་ཐོན་ཡོད་པ་རེད།

མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལ་རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀས་ཐུགས་སྣང་གནང་དགོས།

ཉེ་བའི་ཆར་རྒྱ་ནག་གཞུང་ནས་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་བོད་མི་དང་རྒྱ་མི་རིགས་འདྲེས་མའི་བཟའ་ཚང་ཁག་ཅིག་གི་རྒྱབ་ལྗོངས་ལོ་རྒྱུས་པར་རིས་དང་བཅས་པ་མངོན་གསལ་གནང་ཐོག་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་བ་ཡིན་ཟེར་བ་ནས་ལོ་ངོ་ ༧༠ འགྲོ་བཞིན་པའི་ཁྲོད་འདིར་བོད་ནང་ལ་འདྲ་མཉམ་གྱི་ཐོབ་ཐང་དང་ལྷག་པར་དུ་བོད་མི་དང་རྒྱ་རིགས་དབར་གཉེན་སྒྲིག་གི་གོ་སྐབས་བཟང་པོ་བྱུང་བ་དེ་ནི་བོད་ནང་ལ་འཛུགས་སྐྲུན་དང་ཆིག་སྒྲིལ་གྱི་ནུས་པ་རྒྱ་སྐྱེད་ཐུབ་པའི་གཞི་རྟེན་ལྟ་བུ་ཆགས་ཡོད་པ་སོགས་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྔར་ལྷག་དྲིལ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད།རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དྲིལ་བསྒྲགས་བྱེད་བཞིན་པའི་གནད་དོན་དེ་དང་འབྲེལ་ཕྱི་ཚེས་ ༡༣ ཉིན་བོད་དོན་ཆེད་མཁས་པ་དང་རྩོམ་པ་པོ་སྐུ་ཞབས་ Claude Arpi ལགས་ཀྱིས་དཔྱད་རྩོམ་ཞིག་འདོན་སྤེལ་གནང་བར་རྒྱ་ནག་གཞུང་ནས་མི་རིགས་འཆམ་མཐུན་དང་ཆིག་སྒྲིལ་སོགས་ལ་ཁ་གཡར་ཏེ་འདས་པའི་ལོ་ངོ་བདུན་ཅུའི་རིང་བོད་མི་དང་རྒྱ་རིགས་དབར་ལ་གཉེན་སྒྲིག་བྱེད་དུ་འཇུག་བཞིན་ཡོད་ཀྱང་། སྔ་ལོ་ ༢༠༢༠ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་པའི་བོད་ཀྱི་ལས་དོན་ཚོགས་འདུ་སྐབས་ ༧ ཐོག་ལ་མི་རིགས་མཉམ་བསྲེས་ཀྱི་ལས་གཞི་དེ་བོད་ནང་ལ་སྲིད་བྱུས་ཀྱི་ངོ་བོར་ལག་བསྟར་བྱ་རྒྱུར་གཏན་འབེབས་བྱས་པ་མ་ཟད་ཉེ་ཆར་བོད་མི་དང་རྒྱ་རིགས་འདྲེས་མའི་བཟའ་ཚང་ཁག་ཅིག་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ཁྲོད་སྒེར་གྱི་འཚོ་བར་ཁེ་ཕན་བྱུང་ཡོད་པ་དང་རྒྱ་ནག་དང་བོད་མིའི་དབར་གྱི་འབྲེལ་ལམ་བཟང་དུ་ཕྱིན་ཡོད་སྐོར་སོགས་དྲིལ་བསྒྲགས་བྱེད་སྟངས་དེ་ནི་བོད་མི་རིགས་རྩ་མེད་གཏོང་ཐབས་ཤིག་མ་རེད་དམ་ཞེས་དྲི་བའི་ཚུལ་དུ་བཀོད་འདུགཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སྐྱོད་སྐབས་ས་གནས་བོད་མི་ཚོར་མཐའ་སྲུང་བརྟན་པོ་བྱེད་དགོས་པ་ནི་རྒྱལ་ཁབ་བདེ་འཇགས་ཡོང་རྒྱུའི་གཞི་རྩ་ཡིན་པ་དང་བོད་མིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་མཐའ་མཚམས་ཁག་ལ་འཚོ་སྡོད་ཐུབ་རྒྱུར་མུ་མཐུད་ནས་འཛུགས་སྐྲུན་རྒྱ་སྐྱེད་བྱེད་རྒྱུ་ཡིན་སྐོར་བཤད་པ་བཅས་ལ་གཞིགས་ན། རྒྱ་ནག་གཞུང་ནས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་བརྒྱུད་མཐའ་མཚམས་ཁག་ཏུ་བོད་མི་གཙོས་གྲངས་ཉུང་མི་རིགས་དང་རྒྱ་རིགས་དབར་གྱི་བཟའ་ཚང་འདྲེས་མའི་ཚད་གཞི་འཕེལ་རྒྱས་བཏང་ནས་རིམ་པས་རྒྱ་མི་རིགས་རང་གི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་སྐྲུན་རྒྱུའི་འཆར་གཞི་ཡོད་པ་གསལ་པོ་ཡིན་སྟབས། གནད་དོན་དེས་བོད་མི་ཙམ་མིན་པར་རྒྱ་གར་གཞུང་ལ་ཡང་གོ་བརྡ་ཞིག་འཕྲོད་ཡོད་ངེས་རེད་ཅེས་གསུངས་འདུགལྷག་པར་དུ་སྐུ་ཞབས་ Claude Arpi ལགས་ནས་སྤྱིར་མི་རིགས་ཕན་ཚུན་དབར་ལ་གཉེན་སྒྲིག་བྱས་པ་དེར་ནོར་འཁྲུལ་གང་ཡང་མེད་ཀྱང་། ད་རེས་རྒྱ་ནག་གཞུང་ནས་མི་རིགས་ཕན་ཚུན་དབར་གྱི་གཉེན་སྒྲིག་དེ་རྒྱལ་ཁབ་ཅིག་གི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་ལག་བསྟར་བྱས་ཏེ་རྒྱ་ནག་ཆིག་སྒྲིག་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་བྱེད་སྟངས་ལ་གཞིགས་ན་ང་ཚོས་དེར་ངེས་པར་དུ་དོགས་ཟོན་གནང་དགོས་པ་དང་། བོད་ནང་གི་མི་རིགས་འདྲེས་མིའི་གནས་ཚུལ་ཁག་ལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་དྲིལ་བསྒྲགས་བྱེད་སྟངས་དེ་ནི་བོད་མི་རིགས་དང་དེ་དག་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་རྩ་མེད་བཏང་ནས་ལོ་རྒྱུས་ཐོག་གི་བོད་ཅེས་པ་དེ་སུབ་ཐབས་ཀྱི་བྱ་སྤྱོད་ཅིག་སྤེལ་བ་ཡིན་སྟབས། བོད་མི་རིགས་དང་དེའི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཐད་ནས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་བྱུས་དེར་ཐུགས་སྣང་གནང་དགོས་པ་མ་ཟད། མི་རིགས་འདྲེས་མའི་སྲིད་བྱུས་འོག་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་རྒྱ་ནག་རང་ཉིད་ཀྱི་མི་སེར་འཕེལ་རྒྱས་གཏོང་བཞིན་པའི་བྱ་སྤྱོད་དེ་ནི་མ་འོངས་པར་རིམ་བཞིན་མཐའ་མཚམས་ཁག་ཏུ་རྒྱ་ནག་རང་ཉིད་ཀྱི་ངོ་བོ་ལྡན་པའི་སྤྱི་ཚོགས་བསྐྲུན་ཏེ་ད་ལྟའི་བོད་རྒྱ་གཉིས་ཀྱི་མཐའ་མཚམས་ཀྱི་གནས་བབ་ཡོངས་སུ་འགྱུར་བ་གཏང་རྒྱུའི་འཆར་གཞི་ཞིག་ཡིན་སྟབས། ས་མཚམས་ཀྱི་གནད་འགག་ཐོག་ནས་རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་གི་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་དེར་ཐུགས་སྣང་ངེས་པར་དུ་གནང་དགོས་ཞེས་གསུངས་འདུགགཞི་རྩའི་ཉེ་ཆར་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བོད་མི་དང་རྒྱ་མི་རིགས་འདྲེས་མའི་བཟའ་ཚང་ཁག་བཞིའི་ལོ་རྒྱུས་པར་རིས་དང་བཅས་པ་ཡོངས་གྲགས་བྱས་པའི་ནང་མི་རིགས་འདྲེས་མའི་གནས་བབ་དེས་རྒྱ་རིགས་དང་བོད་མིའི་དབར་ལ་སེམས་ཐག་ཉེ་རུ་བཏང་བ་དང་། ཁྱིམ་ཚང་གྱི་འཚོ་བར་ཕན་པ། དེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཕན་པ་སོགས་བྱུང་སྐོར་བཀོད་ཡོད། རྒྱ་ནག་གཞུང་འབྲེལ་གྱི་ཡོངས་ཁྱབ་བྱས་པའི་གྲངས་ཐོ་དེ་དག་ལ་གཞིགས་ན་ད་ཆ་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ཁོ་ནར་མི་རིགས་མི་འདྲ་བ་ ༤༠ ཙམ་མཉམ་གནས་བྱེད་བཞིན་ཡོད་པ་གསལ་འདུག

བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག

འདི་ལོའི་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་ཟླ་ ༨ ཚེས་ ༨ ཉིན་རྒྱ་ནག་གི་གོ་མཚོན་ཐོགས་པའི་དམག་མིས་བོད་ནང་གི་ཀིརྟི་རིན་དགོན་གྱིས་གཙོས་པའི་ཁོང་གི་ལྷ་སྡེ་ཡུལ་ཚོ་རུ་དམ་དྲག་བྱས་ཏེ་མང་ཚོགས་ཀྱི་འདུ་འཛོམས་བཀག་སྡོམ་དང་སྤྱི་ཚོགས་དྲྭ་ལམ་ཁག་ལ་ཞིབ་བཤེར་བྱས་འདུག ཁ་སང་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བར་ནམ་རྒྱུན་ཀིརྟི་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་དེ་བོད་ཕྱི་ནང་གཉིས་སུ་གཏོང་སྲོལ་ཡོད་པ་ལྟར། མང་ཚོགས་འདུ་འཛོམས་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་སྤེལ་བཞིན་ཡོད་ཀྱང་འདི་ལོར་རྒྱ་ནག་གིས་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་རྔ་བ་ཀིརྟི་དགོན་གྱིས་གཙོས་པའི་ཉེ་ཁུལ་གྱི་མཛོད་དགེ་ཁུལ་གྱི་དགོན་ཁག་སོགས་དང་ཁོང་གི་ཡུལ་ཚོའི་ནང་དུ་དམ་དྲག་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་ཉེན་རྟོག་པས་སྤྱི་ཚོགས་དྲྭ་རྒྱ་ཁག་ལའང་ཞིབ་བཤེར་གྱིས་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དྲག་གནོན་བྱས་ཡོད་པ་རེད་འདུགཀིརྟི་དགོན་པའི་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུ་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་ཉིན་རྒྱ་ནག་གིས་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་སྟེ་དར་ལྕོག་སྒྲེང་འཛུགས་དང་རླུང་རྟ་སྤུར་བ། དེ་བཞིན་བསང་གསོལ་གཏོང་བ་དང་མི་སྒེར་གྱི་སྤྲོ་སྐྱིད་གཏོང་བ་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པར་མངོན་གསལ་གནང་འདུགའབྲེལ་ཡོད་གཞན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པར་ཟླ་ ༨ ཚེས་ ༨ ཉིན་གྱི་ཞོགས་པ་སྔ་པོ་ནས་གོ་མཚོན་ཐོགས་པའི་རྒྱ་ནག་གི་དམག་མི་མང་པོ་རྔ་བ་ཀིརྟི་དགོན་དང་ཁོང་གི་འཁྲུངས་གཞིས་ཀྱི་ཡུལ་ཚོ་མཐའ་སྐོར་གང་སར་འགྲེམས་འཇོག་གིས་མང་ཚོགས་ཀྱི་འགྲོ་འདུག་ལ་ལྟ་ཞིབ་ནན་མོ་བྱས་ཡོད་པར་ངོ་སྤྲོད་གནང་འདུག ཉིན་དེར་རྒྱ་ནག་གི་དམག་མིས་རྟོག་ཞིབ་བྱས་པ་མ་ཟད་རྒྱ་ནག་གི་འབྲེལ་ཡོད་དྲྭ་རྒྱའི་གསང་མྱུལ་གྱི་འབྲེལ་ཡོད་དཔོན་རིགས་ཀྱིས་མང་ཚོགས་ཀྱི་ཁ་པར་ལས་སྐད་འཕྲིན་ལ་རྟོག་ཞིབ་བྱས་ཏེ་ཕྱི་ལོགས་སུ་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་དམ་དྲག་བྱས་པ་དང་། དེ་བཞིན་སྐད་འཕྲིན་གྱི་ཚོགས་པ་སོགས་ལ་སྟངས་འཛིན་ནན་མོ་བྱས་ཏེ་འཁྲུངས་སྐར་དང་འབྲེལ་བའི་བརྗོད་གཞིའི་ཐད་གླེང་མོལ་གང་ཡང་གནང་བཅུག་མེད་པ་རེད་འདུགགཞི་རྩའི་༸སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༤༢ ཆུ་རྟ་ལོར་ཤར་ཕྱོགས་ཐེ་བོ་རོང་གི་གཟའ་རུའི་སྟག་མོའི་སྒང་དུ་༸སྐུ་འཁྲུངས་ཤིང་། ཕྱིས་སུ་རྒྱ་ནག་གི་བཙན་འཛུལ་ལ་མ་བཟོད་པར་བཙན་བྱོལ་དུ་ཕེབས་ནས་ཝཱརཱཎསཱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་དགུའི་རིང་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་གསན་བསམ་སློབ་གཉེར་མཐར་ཕྱིན་པར་མཛད་དེ་ཤཱསྟྲཱི་དང་ཨཱཙཱརྱའི་མཚན་གནས་རིམ་པར་བཞེས། དེའི་རྗེས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་སེ་འབྲས་དགེ་གསུམ་དུ་གཞུང་ཆེན་བཀའ་པོད་ལྔར་གྲྭ་སྐོར་དམ་འཇོག་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་པ་མ་ཟད། ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་གི་བཀའ་བློན་དུ་འདེམས་ཐོན་བྱུང་བ་ལྟར་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་ཡོད་པ་རེད།

ནག་ཆུ་རྫོང་ཁོངས་སུ་བོད་མི་ཁག་ཅིག་འཛིན་བཟུང་དང་ཁག་ཅིག་ལ་ཉེས་ཆད།

བོད་ནག་ཆུ་སྙན་རོང་རྫོང་ཁོངས་ཀྱི་བྱང་ལམ་གྲོང་ཚོའི་དབྱར་དུས་ཀྱི་རྟ་རྒྱུག་འགྲན་ཚོགས་ཤིག་གི་རྗེས་སུ།  རྒྱ་ནག་གིས་མང་ཚོགས་ ༡༡༠ ལྷག་སྐོང་འགུག་གིས་ཞིབ་བཤེར་བྱས་ཏེ་བོད་མི་ཁག་ཅིག་ལ་ཉེས་ཆད་དང་ཁག་ཅིག་བཀག་སྐྱིལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུགདེ་ཡང་དེ་རིང་བཞུགས་སྒར་ཁུལ་གྱི་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྟ་རྒྱུག་འགྲན་ཚོགས་ཀྱི་ཉིན་འགའི་རྗེས་སུ། རྒྱ་ནག་གིས་ཚོགས་འདུ་ཡོད་རབས་ཀྱིས་བོད་མི་༡༡༠ སྐོང་འགུག་བྱས་རྗེས་བོད་མི་༨༠ ཙམ་ལ་རྒྱ་སྒོར་ ༥༠༠༠ རེ་ཡི་ཉེས་ཆད་དང་བོད་མི་ ༣༠ ལྷག་འཕྲལ་དུ་བཀག་སྐྱིལ་བྱས་ཡོད་པར་འཁོད་ཡོད་པ་དང་། ཁོང་ཅག་བཀག་སྐྱིལ་བྱེད་དོན་ནི་རྟ་རྒྱུག་འགྲན་བསྡུར་སྐབས་སུ་གོང་རིམ་གྱིས་བཀའ་མངགས་ལྟར་གཞུང་ལམ་དང་ཉེན་རྟོག་པ་སོགས་ཀྱི་པར་རིས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་སྤེལ་བྱས་མི་ཆོག་པར་སྐུལ་མ་གནང་ཡོད་ནའང་། ཐེངས་འདིར་བཀག་སྐྱིལ་བྱས་པ་རྣམས་ཀྱིས་གོང་རིམ་གྱི་བཀའ་རྒྱ་ལ་རྩིས་མེད་ཀྱིས་སྤྱི་ཚོགས་དྲ་ལམ་དུ་པར་རིས་བཀྲམས་ཡོད་པར་བསྙད་འདོགས་བྱས་ཡོད་འདུགགཞི་རྩའི་རྒྱ་ནག་གཞུང་ཕྱོགས་ཀྱི་སྐད་འཕྲིན་འཕྲིན་སྟེགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་དབྱར་དུས་ཀྱི་རྟ་རྒྱུག་འགྲན་བསྡུར་དེ་ཟླ་བ་སྔོན་མའི་ཚེས་ ༢༥་ ཉིན་དངོས་སུ་འགོ་འཛུགས་བྱས་ཡོད་པ་དང་། རྟ་རྒྱུག་དུས་སྟོན་གྱི་རྣམ་པ་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་ནས་ལོ་ ༡༠༠ འཁོར་བ་དང་། བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་བདུན་བཅུ་འཁོར་བ་བརྗོད་སྙིང་དུ་བཟུང་ཡོད་པར་དྲིལ་བསྒྲགས་བྱས་འདུགའདི་གའི་གསར་འགོད་པས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེར་འབྲེལ་གྱི་གནས་ཚུལ་བཀའ་འདྲི་ཞུས་པར་ཁོང་གིས་བོད་ནག་ཆུ་སྙན་རོང་རྫོང་ཁོངས་ཀྱི་བྱང་ལམ་གྲོང་ཚོའི་དབྱར་དུས་ཀྱི་རྟ་རྒྱུག་འགྲན་ཚོགས་དང་འབྲེལ་ནས་བོད་མི་ ༡༡༠ ལྷག་བཀག་སྐྱིལ་དང་འདྲི་གཅོད་བྱས་པའི་གནད་དོན་དེ་དངོས་བདེན་ཡིན་ནའང་། ད་ལྟའི་ཆར་བོད་ཕྱི་ནང་གི་འབྲེལ་ལམ་ལ་རྒྱ་ནག་གིས་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་སྟབས་གནས་ཚུལ་ཞིབ་ཕྲར་རྒྱུས་ལོན་བྱེད་ཐབས་མེད་པར་འགྲེལ་བརྗོད་དང་འབྲེལ་རྒྱ་ནག་གིས་བོད་ནང་དུ་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ལ་ཁ་གཡར་ནས་བོད་མི་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་སུ་གྱུར་བའི་དབྱར་དུས་ཀྱི་གླུ་ལེན་གར་རྩེད་དང་རྟ་རྒྱུག་འགྲན་ཚོགས། དེ་བཞིན་མ་ཎི་ཆོས་ཚོགས་སོགས་མང་ཚོགས་འདུ་འཛོམས་རང་བཞིན་ལ་ཕྱོགས་ཡོངས་ནས་དམ་དྲག་སྔར་ལྷག་བྱེད་བཞིན་ཡོད་ནའང་། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་ཁུལ་གང་སར་འཆམ་ཉུལ་བྱེད་བཞིན་པ་ཡོད་པ་དང་འབྲེལ་ནས། རྒྱ་ནག་གི་ཁ་ནས་བཤད་བཞིན་པ་དང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་སོགས་འགལ་བ་ལྟག་སྤྲོད་དུ་གྱུར་ཡོད་པར་གསུངས་སོང་།  

རྒྱ་ནག་གིས་རྒྱལ་ནང་གི་སྒེར་གཉེར་སློབ་གྲྭ་ཁག་སྲིད་གཞུང་ལ་རྩིས་སྤྲོད་ཀྱི་བཙན་བཀའ་བཏང་བ།

ཟླ་བ་སྔོན་མའི་ནང་དུ་རྒྱ་ནག་གི་སྲིད་ཞི་ཅིན་ཕིང་བོད་ཁུལ་དུ་ལྟ་སྐོར་ལ་ཕྱིན་སྐབས་བོད་ཁུལ་གྱི་མཁན་བླ་སྤྲུལ་རྣམས་ཀྱིས་བཙུགས་པའི་སྒེར་གཉེར་གྱི་སློབ་གྲྭ་ཁག་སྒོ་རྒྱག་དགོས་བའི་བཙན་བཀའ་བཏང་སྟེ།  སྐུ་མཁར་སེང་འབྲུག་སྟག་རྩེ་སློབ་གླིང་། ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་ཁུལ་གྱི་སློབ་གྲྭ་ཁག་ཅིག་འཕྲལ་དུ་སྒོ་རྒྱག་ཏུ་བཅུག་པ་དང་འབྲེལ། ད་ཆ་རྒྱ་ནག་གི་ནང་དུ་ཡང་སྒེར་གཉེར་གྱི་སློབ་གྲྭ་ཡོངས་རྫོགས་སྒོ་རྒྱག་བཞིན་པའི་གནས་ཚུལ་ཐོན་འདུགདེ་ཡང་དེ་རིང་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ཆ་རྒྱ་ནག་དམར་ཤོག་དབུས་གཞུང་གི་བཀའ་རྒྱ་བཏང་བ་བརྒྱུད་ནས། རྒྱ་ནག་ནང་གི་སྒེར་བཙུགས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་སྒོ་བརྒྱབ་ནས་སློབ་ཕྲུག་ཡོད་ཚད་སྲིད་གཞུང་གི་སྟངས་འཛིན་ཡོད་པའི་དམངས་སློབ་ཀྱི་ཁོངས་སུ་འཇུག་བཞིན་པའི་གནས་ཚུལ་ཐོན་བཞིན་པའི་ནང་། འདས་བའི་ཟླ་བ་གསུམ་གྱི་ནང་ཚུད་དུ་རྒྱ་ནག་དམར་གཞུང་གི་བཀས་བཀོད་བརྒྱུད་ནས། རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ ༡༣ ཙམ་སྲིད་གཞུང་གི་ཀུན་གསུབ་གང་ཡང་མེད་པར་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད་འདུགFinancial Times ཞེས་པའི་གསར་ཁང་གིས་རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭའི་སྐོར་ལ་རྒྱུས་ལོན་བྱས་པའི་ནང་དུ། རྒྱ་ནག་གི་ནང་དུ་མ་མཐའ་ཡང་སྒེར་གཉེར་སློབ་གྲྭ་འབུམ་གཉིས་མ་ཟིན་ཙམ་ཡོད་པ་དང་། དེ་དག་གི་ཁོངས་སུ་སྒེར་གཉེར་གྱི་སློབ་གྲྭ་འགྲིམས་མཁན་གྱི་སློབ་མའི་གྲངས་ཚད་ས་ཡ་ ༥༦ ཙམ་ཟིན་ཡོད་པར་ཤེས་རྟོག་བྱུང་ཡོད་ནའང་། ད་ཆ་རྒྱ་ནག་ནང་གི་སྒེར་གཉེར་གྱི་སློབ་གྲྭ་ཁག་སྲིད་གཞུང་གི་བཀའ་རྒྱའི་འོག་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་པར་འཁོད་འདུག གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གི་དཔོན་རིགས་ཁག་གིས་སྒེར་གཉེར་གྱི་སློབ་གྲྭ་ཁག་གིས་རྒྱལ་ཁབ་རྩ་འཛུགས་ཀྱི་བྱ་བར་ཕན་ཐོགས་སྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་མེད་ནའང་། ཕྱོགས་གཞན་གཞན་ཞིག་ནས་སྲིད་གཞུང་གི་རྩ་འཛུགས་བྱས་པའི་སློབ་གྲྭ་ཁག་གིས་རླབས་ཆེན་གྱི་སྲི་ཞུ་སྒྲུབ་བཞིན་པར་ངོས་འཛིན་བྱེད་བཞིན་ཡོད་པར་མངོན་གསལ་གནང་འདུག རྒྱ་ནག་སྲིད་གཞུང་གིས་ཞིང་ཆེན་རིམ་པར་བཀྲམས་པའི་བསྒྲགས་ཡིག་གི་ནང་དུ། སྲིད་གཞུང་གིས་བཙུགས་པའི་དམངས་སློབ་ཁག་ནི་ངེས་བར་དུ་སྤྲོད་དགོས་བའི་སློབ་གསོ་ཁྱབ་སྤེལ་བྱེད་མཁན་ཡིན་པ་གསལ་བོར་ཤེས་དགོས་བར་བཀའ་བཏང་ནས། ད་ཆ་སྒེར་གཉེར་སློབ་གྲྭ་ཁག་གཞུང་འཛིན་གྱི་སློབ་གྲྭ་ཁག་ཏུ་ཁ་བསྒྱུར་བྱེད་རྒྱུར་གཞུང་འབྲེལ་གྱིས་སྐུལ་སློང་བྱེད་ཀྱི་ཡོད་པར་བསྒྲགས་འདུག རྒྱ་ནག་གི་ཤར་ཕྱོགས་ཁུལ་གྱི་ཧྲན་ཏུང་གྲོང་ཁྱེར་ནང་གི་སྒེར་གཉེར་སློབ་གྲྭ་ཞིག་གི་སློབ་གཙོ་ Alex Li ཟེར་བས། སྒེར་གཉེར་གྱི་སློབ་གྲྭ་ཁག་ལ་གཅིག་བྱས་ན་དཀའ་ངལ་ཡོད་སྲིད་པ་ཞིག་ཡིན་ནའང་། སྲིད་གཞུང་གིས་བཙན་འཕྲོག་བྱེད་བཞིན་པ་དེ་ནི་ཐབས་ལམ་ཞིག་མ་རེད་ཅེས་བརྗོད་ཡོད་པ་དང་། སྤྱི་ཡོངས་ཀྱིས་ད་ཆ་རྒྱ་ནག་གིས་བཙན་དབང་གིས་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་ཏུ་འཇུག་བཞིན་པའི་གནད་དོན་དང་འབྲེལ་ནས། རྒྱ་ནག་ནང་གི་སྤྱི་ཡོངས་ཀྱི་ཤེས་ཡོན་བརྒྱུད་སྤྲོད་ཀྱི་སྤུས་ཚད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་དང་། དེ་བཞིན་མི་སྒེར་གྱི་རྒྱུ་ནོར་གྱི་ཁེ་དབང་རྡོག་རོལ་ཐེབས་རྒྱུར་སེམས་འཚབ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པར་མངོན་གསལ་གནང་འདུག Liu Qian ཟེར་བ་ཞིག་གིས་བརྗོད་པ་ལྟར་ན། སྒེར་གཉེར་གྱི་སློབ་གྲྭ་ཁག་གིས་སློབ་མ་མང་པོ་སྐོང་འགུག་བྱེད་དགོས་སྟབས་ཤེས་ཡོན་བརྒྱུད་སྤྲོད་ཀྱི་སྤུས་ཚད་གཞུང་འཛིན་གྱི་དམངས་སློབ་ཁག་ལས་ཡག་པོ་ཡོད་ནའང་།  རྒྱ་ནག་སྲིད་གཞུང་གིས་སྒེར་གཉེར་གྱི་སློབ་གྲྭའི་བསླབ་གཞི་ཁག་ལ་སྟངས་འཛིན་བྱེད་དཀའ་བར་གྱུར་ཏེ་ད་ཆ་སྒེར་གཉེར་གྱི་སློབ་གྲྭ་ཁག་དངོས་སུ་བཙན་དབང་གིས་སྒོ་རྒྱག་བཞིན་པ་རེད་འདུགགཞི་རྩའི་རྒྱ་ནག་གིས་ཟླ་བ་སྔོན་མའི་ནང་མཚོ་སྔོན་ཞིང་ཆེན་ས་ཁོངས་སུ་ཆ་བགོས་བྱས་པའི་མགོ་ལོག་ཁུལ་དུ་སློབ་གྲྭ་ཁག་ཅིག་དངོས་སུ་སྒོ་རྒྱབ་པའི་གནས་ཚུལ་ཕྱི་ལ་ཐོན་ཡོད་པ་མ་ཟད། ད་འདི་གའི་གསར་འགོད་པར་འབྲེལ་ཡོད་ཀྱི་ཉམས་ཞིབ་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ཁོངས་སུ། རྒྱ་ནག་གིས་བཙན་དབང་གིས་སྒོ་རྒྱག་དགོས་བར་སྐུལ་བའི་བོད་ཁུལ་གྱི་སྒེར་གཉེར་གྱི་སློབ་གྲྭའི་ཐོ་གཞུང་དུ།  ཡུལ་ཤུལ་དམངས་ཕན་སློབ་གྲྭ། ར་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་།  རྡོ་རྗེ་ལྡན་ལག་རྩལ་་སློབ་གྲྭ།  མགོ་ལོག་རྟ་བྲག་སློབ་གྲྭ།  གཅིག་སྒྲིལ་སྨིན་ཐང་སློབ་གྲྭ། རྨ་ཆེན་གངས་ལྗོངས་རིག་མཛོད་སློབ་གྲྭ།  རྩྭ་ཐང་བུ་མོའི་སློབ་གྲྭ།  སྨིན་ཐང་བཅུ་ཕྲག་རིག་མཛོད་སློབ་གྲྭ།  པད་མ་རྫོང་བྱམས་སྐྱོང་སློབ་གྲྭ་སོགས་ཀྱི་སློབ་གྲྭ་བཅུ་གཉིས་ཙམ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་རེད་འདུག

སེང་འབྲུག་སྟག་རྩེ་སློབ་གྲྭའི་དགེ་རྒན་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་སུ་ས་བགོས་བྱས་པའི་མགོ་ལོག་དར་ལག་རྫོང་གི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་དགེ་རྒན་མཚན་ལ་རིན་ཆེན་སྐྱིད་ཞུ་བ་ཞིག་རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་འདུག དེའང་མིང་གསལ་བོ་གནང་འདོད་མེད་པའི་བོད་མི་ཞིག་གིས་གསར་འགོད་པར་གསུངས་བར་གཞིགས་ན། རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་བཙན་དབང་གི་སྒོ་བརྒྱབ་ཏུ་བཅུག་པའི་སེང་འབྲུག་སྟག་རྩེའི་སློབ་གྲྭའི་རྒན་རིན་ཆེན་སྐྱིད་ལགས་ཟླ་བ་འདིའི་ཚེས་ ༡ ཉིན་བཙན་ཁྲིད་བྱས་པ་དང་། ད་ལྟའི་ཆར་ཁོ་མོ་བཙོན་ཁང་གང་དུ་བཙན་ཁྲིད་བྱས་པ་དང་ཉེས་ཆད་གང་ཞིག་བཅད་པ། དེ་བཞིན་གཟུགས་གཞིའི་གནས་སྟངས་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག རྒན་རིན་ཆེན་སྐྱིད་ལགས་ནི་ལོ་མང་པོའི་རིང་སྟག་རྩེ་སློབ་གྲྭར་ཕྱག་ལས་གནང་ནས་དགེ་རྒན་གྱི་ཆེད་ལས་ཐོག་ཉམས་མྱོང་དང་སློབ་གྲྭ་དེར་རྒྱུས་མངའ་ཟབ་མོ་ཡོད་མཁན་ཞིག་རེད་འདུག རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་༧ཚེས་༨ ཉིན་སློབ་གྲྭ་དེ་བཙན་དབང་གིས་སྒོ་བརྒྱབ་རྗེས། རྒན་རིན་ཚེན་སྐྱིད་ལགས་ཀྱིས་སེམས་ནས་མ་བཟོད་ནས་སྔ་དགོང་གི་ཟས་མ་མཆོད་ནས་ཉིན་གྲངས་བཅུ་གྲངས་ཤིག་ཕྱིན་པའི་ཁྲོད་ཁོ་མོའི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་སྟབས། ཁོང་གི་ཕ་མ་དང་སྤུན་མཆེད་རྣམས་ཀྱིས་སེམས་ཁུར་གནང་བའི་ཐོག་སྨན་ཁང་ལ་ཁྲིད་ཐབས་བྱས་ཀྱང་རྒན་ལགས་ནས་ཕེབས་འདོད་གནང་མེད་པ་རེད་འདུག ཕྱིས་སུ་ས་གནས་ཀྱི་ཉེན་རྟོག་པས་གནས་ཚུལ་དེ་ཤེས་རྗེས་ཁོ་མོ་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་ཉེས་མིང་འོག་ནས་བཙན་ཁྲིད་ཀྱིས་ཟི་ལིང་ལ་ཁྲིད་ནས་ད་ཆ་ཉིན་བརྒྱད་ཙམ་འགྲོ་བཞིན་ཡོད་པ་རེད། རྒན་རིན་ཆེན་ལགས་ནི་ད་ལྟ་རང་ལོ་ ༤༠ ཡས་མས་ཡིན་པ་དང་ཁོང་སེང་འབྲུག་སྟག་རྩེ་སློབ་གྲྭའི་ལོ་རིམ་གསུམ་པའི་བོད་ཕྲུག་ཚོ་ལ་བོད་ཡིག་སློབ་མཁན་ཡིན་པ་མ་ཟད་ལོ་ན་ ༡༣ ལ་སོན་པའི་བུ་ཕྲུག་ཅིག་གི་ཨ་མ་ཞིག་ཀྱང་རེད་འདུག རྩ་བའི་མདོ་སྨད་མགོ་ལོག་དར་ལག་རྫོང་གི་ས་གནས་གཞུང་ནས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གོང་རིམ་གྱི་བཀའ་མངགས་འོག རྫོང་དེའི་ནང་རྟེན་གཞི་བྱས་པའི་སེང་འབྲུག་སྟག་རྩེ་སློབ་གླིང་དང་། གཞན་ཡང་ཀུན་ཕན་བརྩེ་སྐྱོང་སློབ་གྲྭ་གཙོ་བྱས་པའི་བོད་གཉེར་གྱི་སློབ་གྲྭ་ཁག་ཅིག་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་ཡོད་པ་རེད། སེང་འབྲུག་སྟག་རྩེ་སློབ་གྲྭ་དེ་ནི་ཕྱི་ལོ་ ༡༩༩༨ ལོར་མཁན་སྤྲུལ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་ཞིང་། ཐོག་མར་སློབ་གྲྭ་དེར་དར་ལག་རྫོང་ཁོངས་ཀྱི་ཡུལ་ཚོ་དགུའི་ནང་གི་ད་ཕྲུག་སློབ་མ་གསར་བསྡུ་གནང་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ཕྱིས་སུ་ཐེ་ཝན་དུ་ཡོད་པའི་དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས་ཀྱིས་སྦྱིན་བདག་གི་འོག་ནས་སློབ་གྲྭ་རྒྱ་བསྐྱེད་གནང་སྟེ། དར་ལག་རྫོང་ཁོངས་སུ་བོད་སྐད་བོད་ཡིག་གཙོ་བོར་བཟུང་བའི་ཤེས་ཡོན་ལྟེ་གནས་ཆེ་ཤོས་ཤིག་ཏུ་གྱུར་ཏེ། མི་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་སློབ་མ་མང་པོ་སྐྱེད་སྲིང་གིས་མགོ་ལོག་ཁུལ་དུ་སྐད་གྲགས་ཆེས་ཆེར་ཡོད་པའི་སློབ་གླིང་ཞིག་ཆགས་ཡོད་པ་རེད་འདུག

Latest news