Tibetan Royal Year of 2151 | Year of the Wood Dragon

རྒྱལ་སྤྱི།

༸གོང་ས་མཆོག་ལ་བརྟེན་ནས་ལྷོ་ཨ་ཕི་རི་ཀ་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་བཤད་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Lin Songtian ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་ལ་བརྟེན་ནས་རྒྱ་ནག་དང་ལྷོ་ཨ་ཕི་རི་ཀ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ལ་དོ་ཕོག་འགྲོ་ཉེན་ཡོད་པ་ཁ་གསལ་བཤད་འདུག དེ་ཡང་ཁ་སང་IOL བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པར་གཞིགས་ན། བདུན་ཕྲག་སྔོན་མའི་ནང་ཨ་ཕི་རི་ཀའི་གསར་འགོད་པའི་སྐུ་ཚབ་ཚོ་ཁག་ཅིག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་པ་དང་བསྟུན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian དང་ཐུག་འཕྲད་ཀྱིས་ལས་རིམ་ཞིག་གི་ཁྲོད།  Ling  Songtian གིས་ཨ་ཕི་རི་ཀའི་གསར་འགོད་སྐུ་ཚབ་རྣམས་ལ་རྒྱ་ནག་དང་ལྷོ་ཨ་ཕི་རི་ཀ་དབར་ལ་ཚོང་འབྲེལ་དཔལ་འབྱོར་གྱི་འབྲེལ་ལམ་གྱི་གལ་གནད་སྐོར་དང་འབྲེལ། སྲིད་འཛིན་ཞི་ཅིང་ཕིང་གིས་ལྷོ་ཨ་ཕི་རི་ཀའི་ནང་དུ་ཡོང་རྒྱུ་འདས་པའི་ལོ་གསུམ་ནང་ཨ་སྒོར་ཐེར་འབུམ་༦༠ འི་ཚོང་འབྲེལ་མ་རྩ་འཛུགས་རྒྱུའི་ཁས་ལེན་གནང་ཡོད་པ་ལྟར། ཟླ་བ་སྔོན་མའི་ནང་ཕྱོགས་གཉིས་དབར་ཚོང་འབྲེལ་གྲོས་ཆོད་མང་དག་ཅིག་གཏན་འབེབས་བྱུང་ཡོད་སྐོར་བཤད་པ་དང་ཆབས་ཅིག ལྷག་དོན་  Ling  Songtian གིས་གསར་འགོད་པ་རྣམས་ལ་ད་བར་རྒྱ་གཞུང་ནས་ལྷོ་ཨ་ཕི་རི་ཀའི་ནང་དངུལ་འབོར་ཆེན་བཏང་ཡོད་པ་དེ་དག་ཏཱ་ལའི་བླ་མས་ཁུལ་དེར་ཕེབས་ནས། ཕྱོགས་གཉིས་ཀྱི་ཚོང་འབྲེལ་བཟང་པོ་དེར་ནམ་ཡང་དོ་ཕོག་བཏང་བཅུག་མེད་པ་བཤད་འདུག  ད་དུང་ Ling  Songtian གིས་སྐབས་དེར་གསར་འགོད་པ་རྣམས་ལ་༸གོང་ས་མཆོག་དང་འབྲེལ་བའི་གནད་དོན་ཐད་ལ་འགྲེལ་བརྗོད་བྱེད་པར།  ང་ཚོ་རྒྱ་ནག་གཞུང་ནས་ཏཱ་ལའི་བླ་མ་མཆོག་ལ་དགོན་ཁང་རྒྱག་ཡོད་རེད། འོན་ཀྱང་ཁོང་བཙན་བྱོལ་ལ་ཕེབས་ནས་ངོས་ལེན་མེད་པའི་གཞུང་འཛིན་ནས་བཞུགས་ཡོད་པ་སོགས་འགྲེལ་བརྗོད་བྱས་འདུག གཞི་རྩའི་ ༢༠༠༩ ནས་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀར་ཆིབས་སྒྱུར་བསྐྱང་མ་ཐུབ་པའི་གནད་དོན་ཐད་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་མེད་དངོས་ར་འཕྲོད་པ་བྱུང་མེད་ཀྱང་།  ད་ལན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་ཐད་ངོ་རྒོལ་བྱེད་ཀྱི་ཡོད་པ་ཁ་གསལ་ཆགས་ཡོད་པ་རེད། འདིའི་བར་ན། ལྷོ་ཨཕ་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Clayson Monyela ལགས་ནས་IOL བརྒྱུད་ལམ་དེའི་ཐོག་ནས་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་ལ་མཐོང་ཆེན་འབུལ་ཕྱོགས་ཐད་རྒྱ་གཞུང་ལ་བསྟུན་མཁས་གནང་གི་ཡོད་སྐོར་གསུངས་བའི་བཀའ་མོལ་ལ་ངོས་ལེན་རྩ་བ་ནས་མེད་སྐོར་གསུངས་པ་དང་སྦྲགས། ང་ཚོའི་ཕྱི་འབྲེལ་སྲིད་བྱུས་དེ་བཞིན་རང་དབང་ཅན་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གཙོས་པའི་རྒྱལ་ཁབ་སུ་གཅིག་གིས་གནོན་ཤུགས་འོག་འགྲོ་དགོས་ཀྱི་མེད་པ་གསུངས་འདུག ད་དུང་ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Clayson Monyela ལགས་ནས་འདས་པའི་ལོ་ཤས་ནང་༸གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་མ་ཐུབ་པའི་སྐོར་ལ་གསལ་བཤད་དང་འབྲེལ། ལྷོ་ཨ་ཕི་རི་ཀའི་གཞུང་ནས་ད་བར་༸གོང་ས་མཆོག་ལ་མཐོང་ཆེན་མ་ཕུལ་བ་རྩ་བ་ནས་བྱུང་མེད་ཅིང་། ༸གོང་ས་མཆོག་གིས་ ༢༠༡༡ དང་ ༢༠༡༤ སོ་སོར་ཐེངས་གཉིས་རིང་ལ་མཐོང་ཆེན་ཞུས་ཡོད་ཀྱང་། སྐབས་གཉིས་ཀར་༸གང་ཉིད་མཆོག་གི་༸སྐུ་སྒེར་ལས་བྱེད་ནས་མར་ཕྱིར་འཐེན་གནང་པ་རེད་མ་གཏོགས། ང་ཚོས་༸སྐུ་ཉིད་ལ་མཐོང་ཆེན་མ་ཕུལ་བ་མིན། ང་ཚོ་ལྷོ་ཨ་ཕི་རི་ཀའི་གཞུང་ནས་༸གོང་ས་མཆོག་གིས་མཐོང་ཆེན་ཞུ་གི་ཡོད་ན་དེ་ལ་ག་དུས་ཡིན་ཡང་འཚམས་འདྲི་ཡོད་ཅེས་གསུངས་འདུག ལྷོ་ཨ་ཕི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྣང་ས་ཆོས་སྒྲོན་ལགས་ལ་ད་ལན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཨ་ཕི་རི་ཀའི་ལས་དོན་ལྷན་ཁང་གི་གཙོ་འཛིན་ Ling  Songtian ནས་༸གོང་ས་མཆོག་ལ་ངོ་རྒོལ་ཡོད་པའི་སྐད་ཆ་བཤད་ཡོད་པའི་ཐད་ལ་ཁོང་ནས་དགོངས་ཚུལ་ཇི་ཡོད་བཅར་འདྲི་ཁག་ཅིག་ཞུས་པ་ཡིན།   རྩ་བའི་ད་བར་འདས་པའི་ལོ་ལྔ་ནང་མཐོང་ཆེན་ (VISA) གནད་དོན་རྐྱེན་པས་༸གོང་ས་མཆོག་ལྷོ་ཨ་ཕི་རི་ཀའི་ནང་དུ་ཆིབས་སྒྱུར་བསྐྱང་ཐུབ་མེད་པ་རེད།  

རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པར་རྒྱབ་སྐྱོར་བྱེད་བཞིན་པ་ར་སྤྲོད་གནང་འདུག

རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་རྣམས་ཆབ་སྲིད་ཀྱི་ལག་ཆ་ཞིག་དུ་བེད་སྤྱོད་བྱེད་ནས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་དབར་ལ་ནང་འཁྲུག་གཞི་བཟོ་བ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱི་༸སྐུའི་གསང་གསུམ་གྱི་མཛད་འཕྲིན་དང་མཚན་སྙན་ལ་མཚན་སྨད་ཞུ་བཞིན་ཡོད་པ་ར་སྤྲོད་གནང་འདུག དེ་ཡང་ཁ་སང་རྒྱལ་སྤྱིའི་ཐོག་དར་སྤེལ་ཆེ་བའི་དྲ་རྒྱ་ Reuters གསར་སྤེལ་ཁང་གི་གསར་འགོད་པ་སྐུ་ཞབས་ David League ལགས་དང་ Paul Mooney ལགས། དེ་བཞིན་ Benjamin Kang Lim བཅས་རྣམ་པ་གསུམ་ཟུང་འབྲེལ་གྱིས་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པའི་གནས་སྟངས་དང་། དེའི་རྒྱབ་ལྗོངས་ལ་དམིགས་ཡུལ་གང་ཡོད་མེད་སོགས་ཀྱི་ཐད་ཞིབ་འཇུག་གནང་པའི་དཔྱད་གཏམ་ཞིག་སྤེལ་གདུག་པ་མ་ཟད། དཔྱད་གཏམ་དེའི་ནང་ཁོང་རྣམ་པས་དེ་སྔ་རྒྱལ་དབང་༸སྐུ་འཕྲེང་ལྔ་པའི་༸སྐུ་དུས་སུ་དོལ་རྒྱལ་རྒྱལ་བསྟེན་གསོལ་དར་ཚུལ་དང་། རིམ་བཞིན་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་རྗེས། དོལ་རྒྱལ་རྗེས་འབྲང་པ་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱས་པ་མ་ཟད། ལྷག་དོན་༸གོང་ས་མཆོག་དབུས་པའི་བོད་མིའི་འཐབ་རྩོད་ཀྱི་རང་བཞིན་ལ་གནོད་འཚེ་ཤུགས་ཆེ་བྱེད་བཞིན་ཡོད་པ་བཀོད་འདུག ཁོང་རྣམས་ནས་དེ་སྔ་༸གོང་ས་མཆོག་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་གནང་ཡོད་ནའང་། སྤྱི་ལོ་ ༡༩༧༠ ལོ་ནས་མགོན་པོ་༸གང་ཉིད་མཆོག་གིས་གནད་དོན་དེའི་ཐད་ལ་དཔྱད་པ་མང་དག་ཞིག་གནང་ནས་མཐར་སྤྱི་ལོ་ ༡༩༩༦ ལོར་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་མིན་པའི་ མཚམས་འཇོག་གིས་ཡོངས་བསྒྲགས་གནང་པའི་གནད་ཚུལ་ཁག་ཅིག་ལུང་འདྲེན་དང་སྦྲགས། དུས་སྐབས་དེའི་རྗེས་ནས་བཟུང་སྟེ། རྒྱ་གར་དང་བལ་ནང་ལ་སྐྱབས་བཅོལ་དུ་གནས་བཞིན་པའི་དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་བྱ་རྒྱུ་ཉེ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་འཚོ་ཐབས་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་དང་། ཆབ་སྲིད་ཀྱི་དགོས་དམིགས་ལ་གཞིགས་པའི་གསང་བའི་སྲུང་སྐྱོབ་རིགས་སྤྲད་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་འདུག་པའང་བརྗོད་འདུག རྒྱ་ནག་གཞུང་གིས་དཔའ་འབྱོར་གྱི་རོགས་རམ་བྱེད་བཞིན་པ་དེ་ནི། རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་དོལ་རྒྱལ་རྗེས་འབྲད་ཙམ་མིན་པར་རྒྱ་གཞུང་གིས་དབྱེ་པའི་བོད་རང་སྐྱོང་ལྗོིངས་ཀྱི་ས་ཁུལ་ཁག་ཏུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་དགོན་པ་གསར་རྒྱག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དོལ་རྒྱལ་རྗེས་འབྲང་པ་འཕེལ་རྒྱས་འགྲོ་བཞིན་པའི་ Yunnan ཞིང་ཆེན་ཁོངས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བསམ་གླིང་དང་དུང་དཀར་དགོན་པ་གཉིས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུག་ཁག་ཅིག་ཀྱང་གནས་བཏོན་གནང་འདུག དེ་བཞིན་བོད་རིག་གནས་ལ་མཁས་པ་སྐུ་ཞབས་Thierry Dodin ལགས་ཀྱིས་རྒྱ་ནག་དབུས་སྲིད་གཞུང་ནས་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་འཚོ་སྣོན་ཤུགས་ཆེ་སྦྱོར་བཞིན་ཡོད་པ་དེ་ནི་གསལ་པོ་རེད་ལ། བོད་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་དོལ་རྒྱལ་ཚོགས་པའི་དགོན་པ་དང་རྗེས་འབྲང་པ་མི་སྐྱ་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། རྒྱ་ནག་གཞུང་ནས་ནང་པ་སུ་འདྲ་ཞིག་ནས་༸གོང་ས་མཆོག་གི་བཀའ་ཆོས་སོགས་ལ་བཅར་ཚེ་ཁྲིམས་འགལ་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད་ཀྱང་། དོལ་རྒྱལ་རྗེས་འབྲང་པ་ཞིག་ཡིན་ཚེ། རྒྱལ་སྤྱིའི་ས་གནས་ཁག་ཏུ་འགྲོ་སོང་གང་ཡང་མེད་པར་དོལ་རྒྱལ་གྱི་ལྟ་བ་ཁྱབ་སྤེལ་བཏང་བཞིན་ཡོད་སྐོར་བཤད་པ་ལུང་འདྲེན་དང་སྦྲགས། དེ་སྔ་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ནང་ལ་རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་བླ་མ་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་པོ་ཆེ་ཞེས་པ་ཞིག Swiss ནང་དུ་དོལ་རྒྱལ་ཁྱབ་སྤེལ་ཆེད་དུ་བཏང་འདུག་པ་དེ་ནི། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཐོག་བོད་རིགས་དོལ་རྒྱལ་རྗེས་འབྲང་པ་བེད་སྤྱོད་བྱས་ཏེ་ཆོས་ཁྱབ་སྤེལ་བྱེད་བཅུག་པའི་གནས་ཚུལ་ཞིག་ཐེར་བཏོན་གནང་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ནང་པ་སངས་རྒྱས་པའི་ཆོས་ཁ་ལ་འཁྱེར་ཏེ་རྒྱ་ནག་གྱི་ལྟ་བ་དང་དོལ་རྒྱལ་ཁྱབ་སྤེལ་གཏོང་བཞིན་ཡོད་པ་གསལ་པོ་རེད་ཅེས་བཀོད་འདུག གསར་འགོད་པ་རྣམ་པས་མུ་མཐུད་གསུངས་པར་ཆོས་ཕྱོགས་ཀྱི་ཆ་ནས་ཀྱང་རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱ་ནག་རང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེར་ངོས་འཛིན་གྱིས་ཁོང་ལ་སློབ་ཁྲིད་བྱས་མཁན་གྱི་དགེ་རྒན་ཚང་མ་དོལ་རྒྱལ་རྗེས་འབྲང་པ་ཤ་སྟག་ཡིན་སྐོར་བཀོད་འདུག་པ་དང། སྲིད་འཛིན་ཞི་ཅིང་ཕིང་དང་ Zhu Weiqun གཉིས་ནས་ཀྱང་རྒྱལ་མཚན་ནོར་ནུ་ལགས་ལ་རྒྱ་ནག་གཅིག་སྒྲིལ་གྱི་ལས་དོན་ལ་དོ་སྣང་མང་ཙམ་བྱེད་དགོས་པ་དང། མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་དབུས་གཞུང་ནས་ཐག་གཅོད་ཞུ་རྒྱུ་ཡིན་པ་སོགས་བརྗོད་འདུག་པ་མ་ཟད། དེ་མཚུངས་སུ་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཡོད་པའི་བོད་མི་ས་ཡ་དྲུག་གི་བསམ་བློ་ལ་འགྱུར་བཅོས་གཏང་རྒྱུའི་ཕུགས་ཀྱི་དམིགས་ཡུལ་ཞིག་ཡོད་པ་ཡང་གསུངས་འདུག དེ་བཞིན་དཔྱད་གཏམ་དེའི་ནང་ Italy ནང་གནས་སྡོད་བྱེད་བཞིན་པའི་དོལ་རྒྱལ་རྗེས་འབྲང་པ་གངས་ཅན་བླ་མ་གཙོས། དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་རྒྱ་ནག་གཞུང་གིས་རོགས་སྐྱོར་འོག བོད་དང་རྒྱ་ནག་གི་ས་ཁུལ་ཁག་ཏུ་བསྐྱོད་པའི་པར་རིས་ཁག་ཅིག་འདོན་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་ཙམ་མ་ཡིན་པར། རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པའི་ཚོགས་པ་རྣམས་ཀྱི་ལས་དོན་ཐད་ལ་ཡང་མ་དངུལ་སོགས་ཀྱི་རོགས་རམ་ཤུགས་ཆེ་བྱེད་བཞིན་པ་ཡང་བརྗོད་འདུག དེ་དང་ཕྱོགས་མཚུངས་སུ་དེ་སྔ་དོལ་རྒྱལ་རྗེས་འབྲང་ཡིན་པའི་བོད་པའི་བླ་མ་ཚེ་སྐྲར་གསར་འགོད་པ་རྣམས་ནས་དཔང་རྟགས་ཚུལ་དུ་བཅར་འདྲི་ཁག་ཅིག་ཞུས་འདུག་པ་དང་། བླ་མ་ཚེ་སྐྲས་དོལ་རྒྱལ་དེ་ནི་དོལ་རྒྱལ་གྱི་གནད་རྐྱང་པ་ཞིག་མ་ཡིན་པར། དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན་སྐོར་གསུངས་པ་མ་ཟད། ཁོང་རང་ཉིད་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི། ཕྱིས་སུ་རྒྱ་ནག་གཞུང་གིས་དོལ་རྒྱལ་བེད་སྤྱོད་བྱས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཐད་ལ་བསྙོན་འཛུགས་སྣ་མང་ཞིག་བྱེད་བཅུག་གིི་ཡོད་གསུངས་འདུག གསར་འགོད་པ་རྣམས་ནས་ལོ་འདིའི་ནང་༸གོང་ས་མཆོག་དབྱིན་ཡུལ་དང་། ཨ་རི། དེ་བཞིན་ཨི་ཊ་ལི་བཅས་སུ་ཕེབས་སྐབས། ལམ་གཞུང་དུ་ངོ་རྒོལ་བྱེད་མཁན་གྱི་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་རྒྱབ་ཏུ་རྒྱ་ནག་གཞུང་ནས་རྒྱབ་སྐྱོར་ཡོད་པ་ཚོད་དཔག་གནང་འདུག་པ་མ་ཟད། ཁོང་རྣམས་ནས་གནད་དོན་དེ་དང་འབྲེལ། དབྱིན་ཡུལ་དང་ཁེལ་ཕོ་ནི་ཡ། དེ་བཞིན་ཨི་ཊ་ལི་བཅས་སུ་རྟེན་གཞི་བྱས་པའི་དོལ་རྒྱལ་ཚོགས་པའི་ཆོས་ཚོགས་རྣམས་ཀྱི་འགན་འཛིན་རྣམས་ལ་དྲིས་བརྩད་བྱས་སྐབས་ལན་འདེབས་གསལ་བཤད་གང་ཡང་བྱེད་མི་འདུག་ ཀྱང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས། Reuters གསར་སྤེལ་ཁང་གིས་འདོན་སྤེལ་བྱས་པའི་ཞིབ་འཇུག་གི་དཔྱད་གཏམ་དེ་ལ་ངོས་ལེན་མེད་སྐོར་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གི་ནང་ལ་ཆོས་ལུགས་ཀྱི་རང་དབང་འདྲ་མཉམ་སྤྲོད་བཞིན་ཡོད་པ་དང་། ཆོས་ཕྱོགས་ཀྱི་ལས་དོན་ཐད་ལ་ཁྲིམས་འགལ་གྱི་ཐེས་བྱུས་གང་ཡང་བྱེད་ཀྱི་མེད་པ་མ་ཟད། དེ་བཞིན་ཆོས་ལུགས་ཕན་ཚུན་དབར་ལ་དད་པ་དང་གུས་བརྩི་སོགས་འདྲ་མཉམ་ཡོད་པ་བརྗོད་འདུག

རྒྱ་གར་གཞུང་གིས་མུ་མཐུད་ནས་༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ལ་ལུས་བཤེར་གནང་མི་དགོས་པའི་ཆོག་མཆན་ཕུལ་འདུག

རྒྱ་གར་གཞུང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ནས་ཕྱོགས་ཕེབས་གནང་སྐབས་ལུས་བཤེར་གནང་མི་དགོས་པའི་དམིགས་བསལ་ཐོབ་ཐང་དེ་བཞིན་མུ་མཐུད་ནས་ཕུལ་རྒྱུ་རེད་འདུག དེ་ཡང་ལོ་འདིའི་ཟླ་བ་དགུ་པའི་ནང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་གྱི་Civil Aviation Ministry འམ་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་ནས་རྒྱ་གར་དབུས་གཞུང་ནས་ད་བར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་ཁྱོན་ཆེ་མཐོའི་མི་སྣ་དང་འབྲེལ་བའི་སྡེ་ཚན་ཁག་ ༣༣ ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་བརྒྱུད། རྒྱ་གར་དང་རྒྱལ་སྤྱིའི་ས་གནས་ཁག་ལ་ཕྱོགས་ཕེབས་གནང་སྐབས་ལུས་བཤེར་རིགས་གང་ཡང་གནང་མི་དགོས་པའི་ཆེ་མཐོའི་དམིགས་བསལ་ཅན་གྱི་ཐོབ་ཐང་ཞིག་ཕུལ་བཞིན་པར་བསྐྱར་ཞིབ་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་ཀྱང་། དེ་རིང་རྒྱ་གར་གྱི་ Economic Times གསར་སྤེལ་ཁང་གི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་བཅུ་བཞི་ཉིན་རྒྱ་གར་དབུས་གཞུང་ནས་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་སུ་ཕྱག་བྲིས་ཤིག་གནང་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་ཕུལ་བཞིན་པའི་ཆེ་མཐོའི་ཐོབ་ཐང་དེ་བཞིན་མུ་མཐུན་ནས་ཕུལ་རྒྱུ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གྱི་གནད་དོན་ཐད་ལ་བསྐྱར་ཞིབ་གང་ཡང་གནང་མི་དགོས་པ་གསུངས་འདུག དེ་བཞིན་གསར་ཁང་དེའི་ཐོག་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་ཀྱི་བློན་ཆེན་ཞིག་ནས། རྒྱ་གར་དབུས་གཞུང་གིས་མགོན་པོ་མཆོག་ལ་ཐག་གཅོད་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གང་ཡིན་མིན་ཐད་ལ་གསལ་ཁ་གང་ཡང་གནང་མེད་ཀྱང་། དེ་ནི་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་ཡིན་སྐོར་གསུངས་པ་མ་ཟད། ཐེངས་འདིའི་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཁྲོད་རྒྱ་གར་ Congress ཚོགས་པའི་ཚོགས་གཙོ་ Sonia Gandhi ཡི་བུ་མོའི་མག་པ་ Robert Vadra ལགས་སུ་རྒྱ་གར་དབུས་གཞུང་ནས་གནང་བཞིན་པའི་ཆེ་མཐོའི་ཐོབ་ཐང་དེ་མཚམས་འཇོག་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་ཡང་བརྗོད་འདུག

ཨ་རི་གཞུང་ནས་བོད་མི་ཚོར་ཨ་སྒོར་ས་ཡ་དྲུག་རོགས་སྐྱོར་གནང་རྒྱུའི་སྔོན་རྩིས་གཏན་འབེབས་གནང་འདུག

  ཨ་རི་གཞུང་ནས་རྒྱ་གར་དང་བལ་ཡུལ་ནང་དུ་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཚོ་ཐབས་ལ་རྒྱབ་བསྐྱོར་དང་། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཆེད་དུ་ཨ་སྒོར་ས་ཡ་དྲུག་རོགས་སྐྱོར་གནང་རྒྱུའི་ཐུགས་ཐག་བཅད་འདུག  དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ནས་ལོ་རྗེས་མ་ ༢༠༡༦ ལོའི་ཨ་རི་གཞུང་གི་རྒྱལ་ཡོངས་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ཁྲོད་དེར། ཨ་རི་རྒྱལ་ཡོངས་གྲོས་ཀྱི་ངོས་ནས་ལོ་རྗེས་མིའི་སྔོན་རྩིས་ཀྱི་དཔལ་འབྱོར་རྒྱབ་སྐྱོར་གྱི་ཟུར་བཅད་མ་དངུལ་ཞེས་པའི་ཚན་པའི་འོག རྒྱ་གར་དང་བལ་ཡུལ་ནང་སྐྱབས་བཅོལ་དུ་གནས་བཞིན་པའི་བོད་རིགས་རྣམས་ཀྱི་འཚོ་ཐབས་ལ་ཡར་རྒྱས་གཏོང་ཐབས་དང་། བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་གནང་རྒྱུ། དེ་བཞིན་གཞོན་སྐྱེས་ཀྱི་ཤེས་ཡོན་དང་མ་འོངས་བོད་མིའི་འགོ་ཁྲིད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་ཐབས་སོགས་ལ་དམིགས་ནས་ཨ་སྒོར་ས་ཡ་དྲུག་ལས་མི་ཉུང་བ་ཞིག་རོགས་སྐྱོར་གནང་རྒྱུའི་ཐག་བཅད་གནང་ཡོད་པ་རེད། རྩ་བའི་ཨ་རི་གཞུང་ནས་ལོ་སྔོན་མའི་སྔོན་རྩོས་ནང་བོད་མིི་རྣམས་ཀྱི་འཚོ་ཐབས་དང་འབྲེལ་ཨ་སྒོར་ས་ཡ་གསུམ་རོགས་སྐྱོར་གནང་ཡོད་པ་དང་། ད་ལན་ཨ་རིའི་གྲོས་ཚོགས་ནས་ཐག་གཅོད་གནང་པའི་སྔོན་རྩིས་ཀྱི་རྩ་འབོར་དེ་ནི། དེ་སྔ་ཨ་རི་གཞུང་ནས་གནང་བཞིན་པའི་རོག་སྐྱོར་མ་དངུལ་ཐོག་བརྒྱ་ཆ་བརྒྱ་ཐམ་པ་སྤར་གནང་སྟེ་ཨ་སྒོར་ས་ཡ་དྲུག་ཆགས་པ་ཞིག་ཡིན་པ་རེད།   ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ Barak Obama མཆོག་ནས་ཨ་རི་རྒྱལ་ཡོངས་གྲོས་ཚོགས་ནས་ཐག་གཅོད་གནང་པའི་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་དང་སྦྲགས་མཚོན་རྟགས་བསྐྱོན་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རི་གཞུང་ནས་ད་བར་བོད་མི་རིགས་དང་བོད་པའི་སྤྱི་ཚོགས་ཐོག་གཏོང་ཕོད་ཆེན་པོས་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག      

Wikipedia བཟོ་སྐྲུན་པས་རྒྱ་གཞུང་གིས་དྲ་རྒྱ་ཞིབ་བཤེར་བྱེད་བཞིན་པར་ངོས་ལེན་མེད་ཅེས་བརྗོད་འདུག

རྒྱལ་སྤྱིའི་ཐོག་ཆེས་ཤིན་ཏུ་སྤྱོད་ཆེ་བའི་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཆེ་གྲས་ Wikipedia དྲ་རྒྱའི་བཟོ་སྐྲུན་གནང་མཁན་སྐུ་ཞབས་ Jimmy Wales ལགས་ཀྱིས་རྒྱ་ནག་གཞུང་གིས་དྲ་རྒྱའི་ཐད་སྟངས་འཛིན་དང་དམ་དྲག་བྱེད་བཞིན་པར་ངོས་ལེན་ནམ་ཡང་གནང་རྒྱུ་མིན་ཞེས་གསུངས་ཡོད་པ་རེད།      དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༦ ནས་ ༡༨ བཅས་ཉིན་གསུམ་རིང་རྒྱ་ནག་གི་རྒྱལ་སྤྱིའི་དྲ་རྒྱའི་ལྷན་ཚོགས་ཐེངས་ ༢  པ་དེ་བཞིན་རྒྱ་ནག་གྱི་གྲོང་ཁྱེར་ཛི་ཇང་དུ་ཚོགས་པ་དེ་ཁ་སང་མཇུག་སྒྲིལ་དང་བསྟུན།   ལྷན་ཚོགས་དེའི་ཐོག་བཅར་བའི་རྒྱལ་སྤྱིའི་གསར་འགོད་བ་རྣམས་ནས་ Wikipedia  བཟོ་སྐྲུན་གནང་མཁན་སྐུ་ཞབས་Jimmy Wales ལགས་སུ་རྒྱ་ནག་གཞུང་ནས་ལོ་མང་རིང་ཁོང་གི་ Wikipedia དྲ་རྒྱའི་ཐོག་རྒྱ་སྐད་ནང་བྲིས་ཀློག་བྱ་རྒྱུར་བཀག་སྡོམ་གྱིས་དམ་དྲག་བྱས་ཡོད་པ་མ་ཟད། ཉེ་ཆར་དབྱིན་སྐད་ཐོག་ཡོད་པའི་གནས་ཚུལ་རྣམས་ལ་ཡང་ཞིབ་བཤེར་བྱེད་བཞིན་པར་ཁོང་ནས་ལན་འདེབས་གང་ཞིག་ཡོད་ཅེས་བཅར་འདྲི་ཁག་ཅིག་ཞུས་འདུག     སྐབས་དེར་སྐུ་ཞབས་ Jimmy Wales ལགས་ནས་ཁོང་གིས་ཆེད་དུ་བཟོ་སྐྱུན་བྱས་པའི་ Wikipedia  ཞེས་པ་དེ་ནི་རྒྱལ་སྤྱིའི་མང་ཚོགས་ཀྱི་ངོས་ནས་རིན་མེད་ཐོག་བེད་སྤྱོད་གནང་རྒྱུ་ཡོད་པ་དང་། ལྷག་པར་དུ་དེའི་ནང་ཡོད་པའི་གནད་ཚུལ་རྣམས་མང་ཚོགས་ཀྱི་བྲིས་པའི་བསམ་ཚུལ་དང་རྒྱལ་རབས་ལོ་རྒྱུས་སོགས་ཡིན་སྟབས། ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་ཚོད་འཛིན་དང་དམ་དྲག་གང་བྱེད་མིན་ལ་མ་ལྟོས་པར།  མུ་མཐུད་རྒྱ་ནག་མི་མང་རྣམས་ནས་བེད་སྤྱོད་བྱེད་ཐུབ་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་རྒྱུ་དང་། ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་བཏོན་བཞིན་པའི་དགོས་ངེས་ཀྱི་རྐྱེན་ཁག་གི་འོག་མགོ་བོ་ནམ་ཡང་སྒུར་ཐམས་མེད་པ་མ་ཟད།  རྒྱ་ནག་གཞུང་གིས་དྲ་རྒྱའི་ཐད་སྟངས་འཛིན་དང་དམ་དྲག་བྱེད་བཞིན་པར་ངོས་ལེན་ནམ་ཡང་གནང་རྒྱུ་མིན་ཞེས་གསུངས་འདུག        གཞི་རྩའི་སྐུ་ཞབས་ Jimmy Wales ལགས་ནས Wikipedia དེ་བཞིན་རྒྱ་ནག་མི་དམངས་ཁྱོན་ཡོངས་ཀྱི་བེད་སྤྱོད་ཐུབ་ཐབས་སླད། ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༠ པའི་ནང་རྒྱ་ནག་གྱི་སྐད་ཡིག་ཐོག་ཆེས་ཐོག་མར་གསར་སྐྲུན་གནང་ཡོད་པ་དང་། རྒྱ་ནག་མི་དམངས་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཐེ་ཝན་དང་ཧོང་ཀོང་སོགས་ཀྱི་ནང་ལ་ཆེས་ཤིན་ཏུ་སྤྱོད་ཆེ་བ་དང། དར་ཁྱབ་ཀྱང་ཤུགས་ཆེ་བྱུང་ཡོད་པ་རེད།   འོན་ཀྱང་ཕྱི་ལོ་ ༢༠༠༤ ལོར་རྒྱ་ནག་གཞུང་གི་མཐུན་མོང་མ་ཡིན་པའི་འཕྲུལ་ཆས་གསར་བཟོ་བྱས་ཏེ།  རྒྱ་སྐད་ཐོག་ཡོད་པའི་ Wikipedia  དྲ་རྒྱ་ཆ་ཚང་བཀག་སྡོམ་བྱས་པ་མ་ཟད། དེ་བས་ཀྱང་ཉེ་ཆར་རྒྱ་ནག་གཞུང་ནས་དབྱིན་སྐད་ཐོག་ཡོད་པའི་ Wikipedia  དྲ་རྒྱའི་གནས་ཚུག་ཁག་ལ་ཡང་ཚོད་འཛིན་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།   རྩ་བའི་ ཕ་རན་སིའི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་འགན་འཛིན་ Benjamin Ismail ལགས་ཀྱིས་ལྷན་ཚོགས་དེར་ངོ་རྒོལ་དང་སྦྲགས། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཚོགས་འདུ་དེའི་ཐོག་མཉམ་ཞུགས་བྱ་རྒྱུ་མེད་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་གཞུང་ལ་བོད་རྒྱ་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་གནང་འདུག

ཁ་ཉིན་ཕྱི་ཚེས་ ༡༦ ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐད་མང་མོས་ཀྱིས་རྒྱབ་སྐྱོར་ཐོག་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང་།  སྙན་ཐོ་དེའི་ནང་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡོད་པར་བརྟེན་ད་བར་བོད་མི་ ༡༤༢ ནས་རང་ལུས་མེར་བསྲེགས་གནང་ཡོད་སྐོར་འཁོད་པ་མ་ཟད། རྒྱ་གཞུང་གིས་བོད་ཐོག་མུ་མཐུད་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་བཞིན་ཡོད་པར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་ལྷན་དུ་འབྲེལ་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུག དེ་ཡང་ཁ་ཉིན་ཚེས་ ༡༦ ཉིན་ Belgium གྱི་རྒྱལ་ས་ Brussels ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་སྙན་ཐོ་དེ་སླར་འདོན་སྤེལ་གནང་འདུག་པ་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཁར།  བོད་མིའི་ཁྲོད་ལས་རང་ལུས་མེར་བསྲེགས་བཏང་མཁན་གྱི་གྲངས་འབོར་དེ་ཡང་ཇེ་མང་དུ་འགྲི་བཞིན་ཡོད་པར་ཐུགས་འཚབ་ཡོད་པ་འགྲེལ་བརྗོད་གནང་འདུག དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་སྐད་ཡིག་གཙོ་བོ་དེ་རྒྱ་ཡིག་བཟོས་པ་དང། ༸གོང་ས་མཆོག་གི་༸སྐུ་པར་བདག་ཉར་བྱ་རྒྱུར་དམ་དྲག་བྱེད་པ་དང། བོད་མིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་རྒྱལ་ཁབ་ཁ་འབྲལ་གྱི་ཉེས་བཙུགས་བྱེད་པ། དེ་བཞིན་བོད་པའི་འབྲོག་པ་ས་ཡ་ ༢ ཙམ་ལ་ཤེས་ཡོན་དང་འཕྲོད་བསྟེན། མདུན་ལམ་མེད་པའི་ས་ཁུལ་དུ་བཙན་དབང་གིས་གཞིས་སྤོས་བྱེད་དུ་བཅུག་པ། བོད་ནང་ཧེན་རྒྱ་རིགས་ཀྱི་མི་འབོར་གཞིས་སྤེས་ཀྱི་སྲིད་བྱུང་སྤེལ་བཞིན་པ། དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེཊ་རིན་པོ་ཆེའི་གནད་དོན་ལུང་འདྲེན་གྱིས་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ལ་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་པ། སྨན་བཅོས་ཀྱི་ཐོབ་ཐང་མེད་པ། དེ་དང་ཕྱོགས་མཚུངས་སུ་རྒྱའི་བཙོན་ཁང་ནང་བོད་མི་དམར་བསད་བཏང་པ་མ་ཟད། རྒྱ་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གཅེས་སྤྲད་མི་བྱེད་པར་སྙིགས་རིགས་སོགས་གཡུག་པས་ཆེས་ཞན་པའི་གནས་སྟངས་སྐོར་འཁོད་ཡོད་པ་རེད། ལྷག་པར་དུ་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་ཀྱི་སྲིད་བྱུས་སྤེལ་བ་དང། བོད་ཀྱི་བདེན་དོན་སེལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལའང་ཁས་མ་བྱེད་པར་བོད་ཐོག་མཁྲེགས་འཛིན་གྱི་སྲེིད་བྱུས་མུ་མཐུད་འཛིན་བཞིན་པར་སྐྱོན་བརྗོད་དང་བོད་མི་ཚོར་སྨྲ་བརྗོད་ཀྱི་རང་དབང་དང་ཆོས་དད་ཀྱི་རང་དབང་སོགས་ལ་གུས་བརྩི་ཞུ་དགོས་པ་མ་ཟད།  བོད་རྒྱའི་དབར་ལོ་མང་རིང་མཚམས་ཆད་པའི་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་ནན་བརྗོད་གནང་འདུག འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ Brussels སྐུ་ཚབ་དོན་གཅོད་ཚེ་བརྟེན་བསམ་གྲུབ་ལགས་སུ་སྙན་ཐོ་དེའི་སྐོར་བཀའ་འདྲི་ཞུས་པར།  ཁོང་གིས་ཡུ་རོབ་གྲོས་ཚོགས་སུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཆབ་སྲིད་ཚོགས་པ་ཁག་ཅིག་གིས་འགན་རྐང་བཞེས་ཐོག  Brussels སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་དང་ཟུང་འབྲེལ་གྱིས་མཐུན་འགྱུར་འོག་འདི་ལོ་ཕྱི་ཟླ་ ༤ པ་ནས་བཟུང་སྙན་ཐོ་དེའི་ཐོག་ཕྱག་ལས་གནང་མུས་ཡིན་པ་དང་།  ད་ལན་གྱི་སྙན་ཐོ་དེ་དངོས་སུ་གྲོས་ཚོགས་ནང་སྤྱན་འབུལ་ཞུས་ཐུབ་པ་ནི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཐོག་གནང་པ་ཞིག་མ་ཟད། དེ་ཡང་བོད་དོན་ལ་ཕན་ཐོགས་ཆེན་པོ་བྱུང་སྐོར་གསུངས་ཡོད་པ་རེད།  ད་དུང་ཁོང་གོས་གྲོས་ཚོགས་ཀྱི་ལས་རིམ་ཡོངས་སུ་གྲུབ་རྗེས། རྒྱབ་སྐྱོར་གནང་མཁན་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་ཡིག་ཕུལ་འདུག  རྩ་བའི་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱི་སྐུ་ཚབ་འཐུས་མི་ ༧༥༡ ཡོད་པའི་ཡུ་རོབ་གྲོས་ཚོགས་ནང་དེ་ཉིན་འཐུས་མི་ ༩༩ ཚོགས་བཅར་ཞུ་མེད་པ་མ་གཏོགས་ཚོགས་མི་ ༦༥༢ ཆེད་ཕེབས་ཀྱིས་ཚོགས་བཅར་ཞུས་ཡོད་པའི་ཁོངས་ནས་གྲོས་ཚོགས་ཀྱི་འཐུས་མི་ ༥༠ མ་གཏོགས་དེ་མིན་ལྷག་མ་འཐུས་མི་ ༥༥༤ ནས་སྙན་ཐོ་དེར་མང་མོས་ཀྱིས་རྒྱབ་སྐྱོར་གནང་འདུག

དབྱིན་ཡུལ་གཞུང་ཚབ་ཁང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་སྐོར་ལ་སྐྱོན་བརྗོད་གནང་འདུག

ཉེ་ཆར་ཟླ་བ་འདིའི་ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་རྟེན་གཞི་བྱས་པའི་ཨ་རི་དང་ཁེ་ན་ཌ། དེ་བཞིན་འཇར་མ་ནི་གཞུང་ཚབ་ཁང་བཅས་ནས་རྒྱ་ནག་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོའི་ཐོག་ལ་རྒྱ་གཞུང་གིས་དྲག་གནོན་བྱས་དང་བྱེད་མུས་ཡིན་པར་སྐྱོན་བརྗོད་དང་ཐུགས་འཚབ་ཡོད་པར་འགྲེལ་བརྗོད་གནང་འདུག དབྱིན་ཡུལ་གཞུང་ཚབ་ཁང་གིས་དེ་ཉིན་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་བཞིན་ཡོད་ཚུལ་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ཚུལ་གྱི་འགྲེལ་བརྗོད་བྱེད་པར་རྒྱལ་སྤྱིའི་འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་དང། རྒྱ་ནག་དཔྱད་ཞིབ་པ། དེ་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ཕྱོགས་གང་ས་ནས་སྐྱོན་བརྗོད་ཤུགས་ཆེ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༡ ཉིན་ The Guardian བརྒྱུད་ལམ་གྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་ ༡༠ ཉིན་པེ་ཅིང་ནང་གི་དབྱིན་ཡུལ་གཞུང་ཚབ་ཁང་ནས། འདས་པའི་དུས་ཡུན་ནང་རྒྱ་གཞུང་གིས་མི་སེར་ས་ཡ་མང་པོའི་དབུལ་ཕོངས་གྱི་གནས་ལས་སྐྱོབ་ནས་དཔལ་འབྱོར་སོགས་ཐད་ཡར་རྒྱས་བཏང་ཡོད་སྐོར་བཤད་པར་སྐྱོན་བརྗོད་ནན་པོ་བྱས་འདུག་པ་མ་ཟད། དེ་བས་ཀྱང་ Twitter དང་ Global Times དང་དེ་བཞིན་ Human Rights Watch སོགས་སྤྱི་ཚོགས་ཀྱི་དྲ་རྒྱ་མང་དག་ཞིག་གི་ཐོག་ལ་དབྱིན་ཡུལ་གཞུང་ཚབ་ཁང་གིས་ཇི་ལྟར་སྤེལ་བ་བཞིན་རྒྱ་ནག་གི་ནང་ལ་འགྲོ་བ་མིའི་ཐོབ་ཐང་ཆེས་ཞན་པོ་ཡོད་པར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ཨ་རི་གཞུང་ནས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་བརྗོད་འདུག

ཨ་རི་གཞུང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་གྲོས་མོལ་ལ་རྒྱབ་སྐྱོར་ཡོད་ཅེས་པའི་སྲིད་བྱུས་དེ་ལ་འགྱུར་བ་ཞིག་གཏང་སྟེ། མང་གཙོ་དང་ཐབས་བྱུས་ལྡན་པའི་སྲིད་བྱུས་གསར་པ་ཞིག་འཛིན་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག དེ་ཡང་ཨ་རིའི་ཕྱི་སྲིད་ཐབས་བྱུས་ལ་དཔྱད་ཞིབ་གནང་མཁན་ལྕམ་ Ellen Bork ལགས་ཀྱིས་ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་Nancy Pelosi ལགས་དང་Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Jim McGovern ལགས་གཉིས་གཙོས་པའི་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དཔལ་འབྱོར་དང་ཆབ་སྲིད། དེ་བཞིན་དྲ་རྒྱའི་འཐབ་རྩོད་སོགས་ཀྱི་གནད་དོན་དང་འབྲེལ། རྒྱ་ནག་ནང་གཞུང་འབྲེལ་ཕྱོགས་བསྐྱོད་དུཕེབས་ཡོད་པ་མ་ཟད། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཉེ་འཁོར་ས་ཁུལ་ཁག་ཅིག་གི་ནང་ལ་འཚམས་གཟིགས་ཕེབས་པའི་གནད་དོན་ཐད་ལ་དཔྱད་ཞིབ་གནང་པའི་དཔྱད་རྩོམ་ཞིག་སྤེལ་འདུག དཔྱད་རྩོམ་དེའི་ནང་ལ་ Ellen Bork ལགས་ནས། རྒྱ་ནག་གཞུང་གཞུང་གིས་བོད་ཀྱི་གནད་དོན་ཐད་ལ་འཛིན་བཞིན་པའི་དྲག་པོའི་སྲིད་བྱུས་དེ། བོད་ནང་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཐོག་གསལ་པོ་ཡིན་པ་དང་། རྒྱ་གཞུང་ནས་རྒྱུན་ལྡན་དུ་རྒྱལ་སྤྱིའི་གཞུང་འབྲེལ་མི་སྣ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་རྒྱུར་མཐོང་ཆེན་ལམ་ཡིག་སྤྲད་ཀྱི་མེད་པ་དེ་ལྟར་ཡང་། ད་ལན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་འཚམས་གཟིགས་ཀྱི་ཉིན་མཐའ་མ་དེ་བཞིན་འཕར་རྒྱང་བྱས་ཏེ། བོད་ཀྱི་ས་ཁུལ་ཁག་གི་ནང་ལ་བསྐྱོད་ཐུབ་པ་དེ་ནི། རྒྱ་ནག་གཞུང་གིས་འབད་བརྩོན་ལྷོད་མེད་བྱས་པ་ཞིག་ཡིན་པ་མངོན་གསལ་ཡིན་པ་མ་ཟད། དེའི་རྒྱབ་ལྗོངས་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གསལ་པོ་རེད་ཅེས་བཀོད་འདུག ད་དུང་ཁོང་གིས་ལྕམ་Nancy Pelosi ལགས་ཉེ་ཆར་རྒྱ་ནག་ནས་ཕྱིར་ཕེབས་གནང་རྗེས་བོད་ནང་ཕེབས་པའི་གནད་དོན་ཐད་ལ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཁོང་རྣམས་ནས་རྒྱ་གཞུང་གིས་འཛུགས་སྐྲུན་བྱས་པའི་ཁང་པ་སོགས་ལས། ས་གནས་མི་དམངས་རྣམས་དང་གླེང་སློང་གནང་རྒྱུའི་གོ་སྐབས་དེ་ཙམ་བྱུང་མེད་སྐོར་གསུངས་པ་དེ་ནི། རྒྱ་ནག་གཞུང་གི་བོད་མི་རིགས་ལ་དམ་དྲགས་བྱས་ཏེ་རྒྱལ་སྤྱིའི་ཐོག་བོད་ནང་ཡར་རྒྱས་བཏང་ཡོད་པའི་རྣམ་པ་ཕྱི་གསལ་བྱེད་བཞིན་པ་དེ་རྒྱལ་སྤྱིའི་མི་དམངས་ཀྱི་བློ་འགུག་ཐབས་བྱ་རྒྱུའི་སྲིད་བྱུས་ཤིག་ཡིན་པ་གསལ་པོ་རེད་ཅེས་ཀྱང་བརྗོད་འདུག ལྕམ་ Ellen Bork ལགས་ཀྱིས་ད་དུང་། བོད་རྒྱ་གཉིས་དབར་སྤྱི་ལོ་ ༢༠༡༠ ལོའི་རྗེས་ནས་ད་བར་གྲོས་མོལ་ཐེངས་གཅིག་ཀྱང་བྱུང་མེད་ཀྱང་། ཨ་རི་གཞུང་གི་ངོས་ནས་མུ་མཐུད་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་དགོས་པ་དང་ཆབས་ཅིག བོད་རྒྱའི་བར་གྲོས་མོལ་གནང་དགོས་པ་སོགས་སྲིད་བྱུས་ཞིག་འཛིན་བཞིན་པའི་སྐོར་ལ་འགྲེལ་བརྗོད་དང་འབྲེལ། ཨ་རི་གཞུང་གི་ངོས་ནས་ད་ཆ་སྲིད་བྱུས་དེར་འགྱུར་བཅོས་གནང་ནས་༸གོང་ས་མཆོག་༸གང་ཉིད་ཀྱིས་ཆབ་སྲོིད་ཀྱི་འགན་དབང་ཡོངས་རྫོགས་དོར་ཡོད་པའི་གནད་དོན་གཞི་རྩར་བཟུང་པའི་ཐོག བོད་ཀྱི་ཆབ་སྲིད་དང་མང་གཙོའི་ལམ་ལུགས་དང་མཐུན་པའི་ཐབས་བྱུས་ཡང་དག་པའི་སྲིད་བྱུས་འཛིན་པ་ཡིན་ན། བོད་ཙམ་མ་ཡིན་པར་ཨ་རིའི་ཕྱི་སྲིད་ལས་དོན་བསྒྲུབ་ཕྱོགས་ཐད་ལ་ཡང་དགེ་མཚན་ཆེན་པོ་ཡོད་པ་གསུངས་འདུག དེ་སྔ་ཨ་རི་གཞུང་ནས་རྒྱ་ནག་ལྷན་དུ་འབྲེལ་ལམ་གང་ཡོད་ལ་མ་ལྟོས་པར་ཐེ་ཝན་དང་ཧོང་ཀོང་གཉིས་ལ་འཛིན་པའི་སྲིད་བྱུས་རྣམས། རྒྱལ་ཁབ་དེ་གཉིས་ནང་ལ་མང་གཙོའི་ལམ་ལུགས་འཕེལ་རྒྱས་བྱུང་རིམ་བཞིན་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་པ་ལྟར། བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཡང་འགྱུར་བ་ཞིག་ངེས་པར་བཏང་དགོས་པ་དང་། རྒྱ་གཞུང་གིས་བཙོན་འཇུག་འོག་ཡོད་པའི་སྐུ་ཞབས་ Liu Xiaobo ལགས་གཙོས་པའི་ཞི་རྒོལ་བ་དང་ཆབ་སྲིད་བཙོན་པ་རྣམས་ཀྱི་གནད་དོན་ལ་ཡང་དགེ་མཚན་ཆེན་པོ་ཡོང་ངེས་ཡིན་པ་གསུངས་འདུག དེ་བཞིན་ལྕམ་ Ellen Bork ལགས་ནས་ཨ་རི་གཞུང་གི་ངོས་ནས་ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་ས་ཁུལ་ཁག་ཅིག་བོད་ཀྱི་རྒྱལ་རབས་དང་འབྲེལ་ཡོད་བསྙད་ནས། རྒྱ་ནག་གི་མངའ་ཁོངས་རེད་ཅེས་བརྗོད་བཞིན་པ་ལ་ཡང་དོ་སྣང་འཕར་མ་གནང་དགོས་སྐོར་བརྗོད་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགྷོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་རིམ་པ་བྱེད་བཞིན་པ་དེ་དག་ལ་མཐའ་ཅིག་ཏུ་ངོ་རྒོལ་དང་། ༸གོང་ས་མཆོག་གི་ལམ་སྟོན་མཛད་པའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཡོད་པའི་ཡོངས་བསྒྲགས་གནང་དགོས་པ་དང་། དེའི་རྒྱུད་བོད་ནང་ལྷིང་འཇགས་མེད་པའི་གནས་ཚུལ་རྣམས་ཞི་འཇམ་དུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་ཡང་གསུངས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་རྒྱ་གཞུང་གི་རྒྱལ་སྤྱིའི་དྲ་རྒྱའི་ལྷན་ཚོགས་ལ་ངོ་རྒོལ་བྱས་འདུག

རྒྱ་ནག་གི་རྒྱལ་སྤྱིའི་དྲ་རྒྱའི་ལྷན་ཚོགས་ཐེངས་ ༢ པ་ཁ་སང་ཟླ་ ༡༢ ཚེས་ ༡༦ ནས་ ༡༨ བར་འཚོགས་གཏན་འཁེལ་བ་བསྟུན། རྒྱལ་མཚསམས་མེད་པའི་གསར་འགོད་པའི་ཚོགས་པ་ནས་ལྷན་ཚོགས་ཐེངས་དེར་ངོ་རྒོལ་དང་སྦྲགས། རྒྱལ་སྤྱིའི་ཚོགས་པ་ཁག་ནས་ཚོགས་འདུ་དེའི་ཐོག་མཉམ་ཞུགས་བྱ་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག རྒྱ་ནག་གི་དྲ་རྒྱ་དང་འབྲེལ་བའི་དྲིལ་བསྒྲགས་ཚན་པའི་འགོ་གཙོ་ Lu Wei ནས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གཞུང་གིས་དྲ་རྒྱ་ཁག་ལ་དམ་དྲག་གིས་ཞིབ་བཤེར་བྱེད་བཞིན་པ་དེ་ནི། སྤྱི་ཚོགས་ཀྱི་བདེ་འཇགས་དང་རང་དབང་སྲུང་སྐྱོབ་ཁོ་ནར་དམིགས་པའི་སྒྲུབ་དོན་ཞིག་ཡིན་པ་བཤད་འདུག ཁོང་གིས་ད་དུང་རང་དབང་ནི་ང་ཚོའི་དམིགས་ཡུལ་དང་བདེ་འཇགས་ནི་ང་ཚོའི་སྒྲུབ་དོན་སྙིང་པོ་དེ་ཡིན་ཞེས་བཤད་པ་མ་ཟད། རྒྱ་ནག་གི་དྲ་རྒྱའི་སྤྱོད་པ་པོ་རྣམས་ཀྱི་དགེ་མཚན་ལ་དམིགས་པ་ཞིག་ཡིན་པ་བཤད་འདུག Lu Wei ཡིས་ད་དུང་རྒྱ་ནག་གིས་དྲ་རྒྱའི་གནས་ཚུལ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཞིབ་བཤེར་མ་བྱེད་པ་ནི། རྒྱལ་ཁབ་གཞན་དང་ཁྱེད་གང་ཡང་མེད་པ་ཞིག་ཡིན་པ་དང། འཛམ་གླིང་འདིའི་ཐོག་ལ་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དྲ་རྒྱའི་ནང་དོན་འམ་བཀོད་བྱུས་ལ་ཐེ་བྱུས་མི་བྱེད་མཁན་མེད་པ་རེད་ཅེས་བཤད་འདུག ཕ་རན་སིའི་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་འགན་འཛིན་ Benjamin Ismail ལགས་ཀྱིས Lu Wei ཡིས་ལྷ་སྒྲུང་བཤད་པ་དེར་བཅོས་དགོས་པ་གསུངས་པ་དང་སྦྲགས། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཚན་པས་དྲ་རྒྱའི་ནང་དོན་ཙམ་མ་ཟད། དྲ་རྒྱའི་སྤྱོད་པ་པོ་རྣམས་ནས་གང་བྱེད་དང་། ལྷག་པར་རྒྱ་ནག་དམང་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་པའི་གནད་དོན་རིགས་ལ་འཆར་གཞི་ལྡན་པའི་ཐོག་ནས་བཀག་སྡོམ་བྱེད་ཡོད་རེད་ཅེས་གསུངས་འདུག ད་དུང་ཁོང་གིས་ Lu Wei ནས་གཏམ་བཤད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་འཚོགས་ལ་ཉེ་བའི་རྒྱ་ནག་གི་རྒྱལ་སྤྱིའི་དྲ་རྒྱའི་ལྷན་ཚོགས་ཐོག་གསར་འགོད་པའི་རང་དབང་ཐད་བགྲོ་གླེང་མི་ཡོང་བའི་ཆེད་རེད་ཅེས་གསུངས་འདུག རྩ་བའི་ད་ལན་གྱི་རྒྱ་ནག་གི་རྒྱལ་སྤྱིའི་དྲ་རྒྱའི་ལྷན་ཚོགས་ཐོག་རྒྱ་ནག་དང་ཕྱི་རྒྱལ་གྱི་དྲ་རྒྱའི་ལས་དོན་གཉེར་མཁན། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༥༠ གྱི་སྐུ་ཚབ་ཚོགས་མི་སོགས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག དེ་དག་གི་ཁོངས་སུ་ ཨུ་རུ་སུ་དང་། པ་ཀིས་ཐན། Kazakhstan Tajikistan བཅས་གཙོས་པའོ་ Wikipedia བཟོ་སྐྲུན་པ་སྐུ་ཞབས་ Jimmy Wales དང་ Thomson Reuters སྤྱི་ཁྱབ་འགན་འཛིན་ James Clifton Smith རྣམས་ནས་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག རྒྱ་ནག་གི་དྲ་རྒྱའི་བཀག་སྡོམ་ལ་ལྟ་ཞིབ་བྱེད་མཁན་གྱི་བརྒྱུད་ལམ་ GreatFire བཟོ་སྐྲུན་པ་སྐུ་ཞབས་ Charlie Smith ལགས་ཀྱིས་ད་ལན་རྒྱ་ནག་གིས་གོ་སྒྲིག་བྱས་པའི་དྲ་རྒྱའི་ཚོགས་འདུ་དེའི་ཐོག་ལ་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་གྱི་སྐུ་ཚབ་ཚོ་རང་ཉིད་ངོ་གནོང་དགོས་པ་དང། ཚོགས་བཅར་བ་ཚོས་ Lu Wei ནས་བཤད་པའི་གཏམ་དེ་ལ་ཡིད་ཆེས་ནས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་བྱས་པ་བརྒྱུད་རྒྱ་ནག་གི་དྲ་རྒྱའི་རང་དབང་ལ་གུས་ཡངས་གཏོང་རྒྱུའི་རེ་བ་བཅངས་པ་ནི་ནོར་འཁྲུལ་ཞིག་རེད་ཅེས་གསུངས་པ་དང། ཚོགས་འདུ་དེའི་ཐོག་ལྷན་ཞུགས་གནང་པ་ནི་རྒྱ་ནག་གཞུང་གིས་དྲ་རྒྱར་བཀག་སྡོམ་བྱེད་བཞིན་པའི་ལས་དོན་ལ་རྒྱབ་སྐྱོར་མཚོོན་གྱི་ཡོད་པ་མ་ཟད། རྒྱ་ནག་ནང་ལ་ཁྲིམས་ཀྱི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་དགོས་པའི་རྩོད་ལེན་པ་ཚོའི་ལྡོག་ཟླ་འགྱུར་གྱི་ཡོད་པ་གསུངས་འདུག རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་འགན་འཛིན་ Benjamin Ismail ལགས་ཀྱིས་རྒྱ་ནག་ནང་རྒྱུན་དུ་དྲ་རྒྱའི་བརྒྱུད་ལམ་ཆེ་གྲས་ Reuters དང་ Wikipedia གཉིས་ལ་བཀག་སྡོམ་བྱེད་ཀྱི་ཡོད་སྟབས། ད་ལན་གྱི་ཚོགས་འདུ་དེའི་ཐོག་དྲ་རྒྱ་དེ་དག་གཉིས་ཀྱི་སྐུ་ཚབ་ནས་ཚོགས་བཅར་ཞུ་གྱི་ཡོད་པ་དེ་བརྒྱུད་ནས་ཚོང་ལས་ཁང་དེ་གཉིས་ཀྱིས་རང་ཉིད་ཀྱི་ཚོང་གི་ཁེ་ཕན་ཆེད་རྒྱ་ནག་དང་ནང་འགྲིགས་བྱ་འཆར་ལ་བློ་འཚབ་ཡོད་སྐོར་གསུངས་འདུག ཁོང་གིས་མུ་མཐུད་གསུངས་པར་ཚོགས་འདུ་དེའི་རིགས་ལ་གང་ཟག་སུ་འདྲ་ཞིག་ཡིན་ཀྱང་ཆ་འཇོག་བྱེད་ཀྱི་མེད་པ་དང། སྲིད་འཛིན་ཞི་ཅིང་ཕིང་གི་གཞུང་ནས་གསར་འགོད་པའི་རང་དབང་ཡར་རྒྱས་ཤིག་མ་བཏང་བར་དུ་ཚོགས་བཅར་བ་ཚོས་ངོ་རྒོལ་བྱེད་དགོས་པ་གསུངས་འདུག

Latest news