Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་པ།  

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸དཔལ་ནཱ་ལེནྡཱའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་ཆབས་ཅིག་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་དེ་ཉིན་གསུམ་གྱི་བཀའ་ཆོས་རེ་ཞིག་མཇུག་སྒྲིལ་མཛད་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་ཐེ་ཝན་གྱི་དད་ལྡན་མི་མང་གིས་གཙོས་པའི་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་རྣམས་ལ་སེམས་བསྐྱེད་ཀྱི་སྡོམ་པ་འབོག་པར་མཛད་པ་དང་ཆབས་ཅིག་མགོན་པོ་༸གང་ཉིད་མཆོག་གིས་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་ཉམས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བ་མ་ཟད་མང་ཚོགས་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་མཐིལ་ཕྱིན་པའི་ཉམས་བཞེས་གནང་དགོས་པ་དང་། ལྷག་དོན་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གཞུང་ལ་སློབ་གཉེར་དང་སྤྱོད་འཇུག་གི་ཕྱག་དཔེར་ཉིན་ལྟར་ལྟ་ཀློག་གནང་དགོས་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་སྩལ་གྲུབ་མཚམས་སུ་ཆོས་ཞུ་རྣམས་ལ་བཀའ་འདྲི་དགོངས་སྐོར་ཞུ་རྒྱུའི་གོ་སྐབས་བཀའ་དྲིན་སྩལ་བ་ལྟར། ཆོས་ཞུ་བའི་ཁོངས་ནས་རིགས་ལམ་ཐོག་ནས་ནང་ཆོས་ལ་སློབ་གཉེར་གནང་སྟེ་ངེས་པ་རྙེད་ཚུལ་ཇི་ལྟར་གནང་དགོས་སྐོར་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་བོད་གངས་ཅན་ལྗོངས་ལ་ལམ་རིམ་ཞེས་པའི་ཕྱག་དཔེ་གནད་འགག་ཅན་ཞིག་ཡོད་པ་དེར་སློབ་གཉེར་གནང་དགོས་ཞེས་ལམ་སྟོན་སྩལ་སོང་།དེ་བཞིན་ཐེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ངོས་ནས་ཐེ་ཝན་ས་གནས་ཀྱི་གནས་སྟངས་དང་མཐུན་པའི་ལས་དོན་གཙོ་བ་གནང་གཉེར་ན་ལེགས་སམ་ཞེས་ལམ་སྟོན་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཆོས་གྲོགས་ཕལ་ཆེ་བ་དགེ་ལུགས་པའི་ཆོས་བརྒྱུད་རྗེས་འབྲང་པ་ཆགས་ཀྱི་ཡོད་སྟབས་༸རྗེ་རིན་པོ་ཆེའི་གསུང་དང་དབུ་མ་འཇུག་པ། ལྷག་པར་དུ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་གི་རིས་སུ་མ་ཆེད་པའི་ཆོས་བརྒྱུད་ཁག་ཚང་མས་གཟིགས་བཞིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བའི་ཕྱག་དཔེར་སློབ་གཉེར་གནང་དགོས་གལ་ཡིན་པར་བཀའ་སྩལ་ཡོད།སེམས་ཀྱི་ཞི་བདེ་བསྐྲུན་ཐབས་དང་དགེ་བའི་ལས་བསག་ཚུལ་གྱི་བཀའ་འདྲི་དགོངས་སྐོར་ཞུས་སྐབས་ ༸གོང་ས་མཆོག་གིས་ཉོན་མོངས་དང་རང་བཅེས་འཛིན་གྱི་བློས་སེམས་ཀྱི་ཞི་བདེ་དཀྲུག་གི་ཡོད་སྟབས། སྤྱོད་འཇུག་ལས། འཇིག་རྟེན་སྡུག་བསྔལ་ཇི་སྙིད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙིད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། ། ཞེས་གསུངས་པ་ལྟར་རང་གཅེས་འཛིན་ཤུགས་ཆུང་རུ་གཏོང་ཐུབ་པ་ཞིག་དང་དེའི་ཐོག་ལ་གཞན་གཅེས་འཛིན་གྱི་བསལ་བློ་ཇི་ཙམ་གྱིས་གཏོང་བ་དེས་ཚོད་ཀྱིས་རང་དོན་བསྒྲུབ་རྒྱུ་ཡག་ཤོས་དེ་ཆགས་ཡོད་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་མཛད་སོང་།གཞི་རྩའི་༸གོང་ས་མཆོག་གི་མཛད་འཆར་ལ་གཞིགས་ན། རིང་མིན་འདི་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་འཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང། སྒྲོལ་མ་གཉེར་གཅིག་གི་རྗེས་གནང་བཅས་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་ཁེལ་ཡོད་པ་དང་། དེ་ནི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཇེ་བཟང་དུ་སོང་བའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་དུ་ཆོས་འབྲེལ་མཛད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

༸གོང་ས་མཆོག་གིས་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་རྣམས་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་མཆོག་གི་མཛའ་གྲོགས་སྐུ་ཞབས་ Anton Zeilinger ལགས་ཀྱིས་དབུས་པའི་ཁོང་གི་ཕྱག་རོགས་ཚན་རིག་པ་གཉིས་བཅས་ལ་འདི་ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འདྲི་མཛད་འདུགཁ་སང་སུད་ཌེན་ནང་རྟེན་གཞི་བྱས་པའི་ནོ་སྦེལ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ་ཨོས་ཏྲི་ཡ་ཡི་ཚན་རིག་པ་སྐུ་ཞབས་ Anton Zeilinger ལགས་དང་། ཕ་རན་སིའི་ཚན་རིག་པ་སྐུ་ཞབས་ Alain Aspect ལགས། དེ་བཞིན་ཨ་རིའི་ཚན་རིག་པ་སྐུ་ཞབས་ John F Clauser ལགས་རྣམ་པ་གསུམ་ལ་གནང་རྒྱུའི་གསལ་བསྒྲགས་གནང་དོན་ལྟར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་ནས་ཚན་རིག་པ་གསུམ་ལ་དགའ་བསུའི་འཚམས་འདྲི་སྩལ་བ་དང་འབྲེལ། ཚན་རིག་པ་དེ་དག་གིས་འཕྲུལ་རིག་གི་དུས་རབས་གསར་པའི་ནང་རྨང་གཞིའི་བརྟག་དཔྱད་མ་ལག་ཡར་རྒྱས་ཐད་ཁྱད་པར་ཅན་གྱི་ཞིབ་འཇུག་གསར་གཏོད་མཛད་པར་མངོན་བསྟོད་མཛད་འདུག༸གོང་ས་མཆོག་གི་གསུང་འཕྲིན་ནང་མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་ནང་ཚན་རིག་པ་མང་དག་ཅིག་དང་ལྷན་དུ་བཀའ་བསྡུར་གནང་བའི་ཁྲོད་ཚན་རིག་པ་ Anton Zeilinger ལགས་དང་ལྷན་དུ་ Quantum Physics འམ་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་བཀའ་བསྡུར་ལྷུག་པོ་བྱུང་སྐོར་བཀའ་སྩལ་བ་དང་འབྲེལ། ཁོང་དང་ལྷན་དུ་ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་དུ་ཐོག་མར་མཇལ་མོལ་མཛད་རྒྱུ་བྱུང་བ་མ་ཟད་ཕྱི་ལོ་ ༡༩༩༠ ལོར་ Innsbruck གཙུག་ལག་སློབ་གཉེར་ཁང་དུ་ཁོང་གི་ཕྱག་ལས་གནང་སའི་བརྟག་དཔྱད་ཁང་དུ་ཆིབས་བསྒྱུར་མཛད་པ་དང་། ལྷག་པར་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་ཐོག་ལན་མང་མཇལ་མོལ་མཛད་མྱོང་ཡོད་ཅེས་བཀའ་སྩལ་འདུག༸གོང་ས་མཆོག་གིས་ད་དུང་ངོས་རང་དེང་དུས་ཀྱི་ཚན་རིག་ལ་གུས་བརྩེ་ཆེན་པོ་དང་ཚན་རིག་གིས་དངོས་ཡོད་གནད་དོན་བཤད་པ་གཅིག་པོ་མིན་པར་དེས་འགྲོ་བ་མིའི་རིན་ཐང་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་མེད་ལ་ཡུན་རིང་ནས་དགོངས་པ་གཏིང་ཟབ་བཞེས་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག འདི་ལོའི་དངོས་ཁམས་རིག་པའི་ནོ་སྦེལ་གཟེངས་རྟགས་དེ་ཚན་རིག་པ་ Anton Zeilinger ལགས་དང་ཁོང་གི་ཕྱག་རོགས་གཉིས་ལ་གནང་རྒྱུའི་གསལ་གས་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བར་མ་ཟད། དེ་ནི་ཁོང་རྣམ་པས་འགྲོ་བ་མིའི་བདེ་ཐབས་ལ་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཡིན་པར་བཀའ་སྩལ་བ་དང་མ་འོངས་ལས་དོན་མཐའ་དག་ལེགས་གྲུབ་ཡོང་བའི་ཐུགས་སྨོན་མཛད་འདུག པར་བདག་དབང་ thehindu དང་སྤྱི་ཚོགས་དྲ་རྒྱ།

རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་༸སྐུའི་ཡང་སྲིད་ཀྱི་གནས་བབ་ཐོག་ཟུར་ཚོགས་གནང་བ།

ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ འཚོགས་བཞིན་པ་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནས་བབ་ཐོག་ཟུར་ཚོགས་ཤིག་ཚོགས་འདུགཁ་སང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་ལས་ཁུངས་ཀྱི་གོ་སྒྲིག་དང་དབྱིན་ཡུལ་དང་ཁེ་ན་ཌ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ནི་ཡ་བཅས་ཀྱིས་མཐུན་འགྱུར་གནང་བའི་འོག་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཟུར་ཚོགས་ཤིག་ཚོགས་ཡོད་པ་ལྟར་དེའི་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་ལྕམ་ Michelle Taylor ལགས་རྣམ་གཉིས་ཀྱིས་གཙོས་པའི་དབྱིན་ཇིའི་སྲིད་བློན་གྱི་ཆོས་དད་རང་དབང་ཐད་ཀྱི་དམིགས་བསལ་སྐུ་ཚབ་ Fiona Bruce ལགས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་ལའི་ཀུན་ཁྱབ་འགན་འཁུར་ཐེབས་རྩའི་ངེས་སྟོན་པ་སྐུ་ཞབས་ Rajiv Mehrotra ལགས། དེ་བཞིན་ Eat the Buddha ཞེས་བོད་སྤྱི་དང་ལྷག་པར་རྔ་བ་ཁུལ་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོའི་གནས་སྟངས་སྐོར་གྱི་དཔེ་དེབ་རྩོམ་པ་པོ་ Barbara Demick ལགས། བོད་དོན་ཉམས་ཞིབ་པ་ Kate Sauders ལགས། དེ་བཞིན་བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་དང་བོད་གནས་ལྟ་ཞིབ་ཁང་བཅས་ཀྱི་སྐུ་ཚབ་སོགས་ནས་མཉམ་ཞུགས་གནང་འདུགསྐབས་དེར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་འདས་མ་ད་གསུམ་གྱི་གནད་དོན་ཐད་ཨ་རིའི་གཞུང་གི་ངོས་ནས་རྒྱབ་སྐྱོར་མུ་མཐུད་ཡོད་པར་བསྐྱར་ནན་གནང་བ་དང་སྦྲགས། གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་ལྷག་བསམ་དང་སྙིང་སྟོབས། ལ་རྒྱ་བཅས་གཡོ་བ་མེད་པར་བོད་མིའི་ཆོས་རིག་དང་བཅས་པ་སྲུང་སྐྱོབ་གནང་བཞིན་པར་བསྔགས་བརྗོད་གནང་འདུགཟུར་ཚོགས་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་ Tibet, the Dalai Lama, and the Geopolitics of Reincarnation ཞེས་བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག ༸སྐུའི་ཡང་སྲིད་དང་འབྲེལ་བའི་ཡུལ་བབ་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཐོག་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད། སྙན་ཐོ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནས་བབ་འདི་བོད་དང་བོད་མི། བོད་མིའི་ཆོས་རིག་དང་འབྲེལ་བའི་གནད་ཀྱི་སྙིང་པོ་ཆགས་ཡོད་པར་མ་ཟད། བོད་ཙམ་མིན་པར་གཙོ་བོ་ཧི་མཱ་ལ་ཡའི་རི་རྒྱུད་དུ་གནས་པའི་ནང་པ་དང་སོག་ཡུལ་གཞུང་མང་གི་རིག་གཞུང་དང་ཡང་འབྲེལ་བ་ཤུགས་ཆེར་ཆགས་རྒྱུ་ཡིན་སྐོར་བཀོད་འདུག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་མོལ་ཡིག་ཆ་ལག་སོན་བྱུང་བ་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ད་ལྟ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་རྗེས་ཀྱི་དུས་རབས་ཞེས། ཏཱ་ལའི་རྗེས་ཀྱི་དུས་རབས་ཟེར་བའི་ཐབས་བྱུས་གྲ་སྒྲིག་འོག་རྒྱ་ནག་རང་ཉིད་ཀྱི་ངོས་ནས་༸རྒྱལ་བའི་༸སྐུའི་ཡང་སྲིད་བསྐོ་གཞག་བྱེད་ཕྱོགས་དང་འབྲེལ་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་བརྒྱུད་ལམ་ཁག་ལ་ཆེད་དམིགས་ཀྱིས་དེ་ལྟ་བུའི་དུས་སྐབས་ཁྲོད་བོད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་ཐུབ་ཐབས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སྲིད་བྱུས་སྒོ་ནས་ལག་བསྟར་གྱིས་བོད་ས་ཡོངས་ལ་དབང་བསྒྱུར་སྲ་བརྟན། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་གྱི་སྲིད་བྱུས་དེ་ཉིད་བོད་ནང་ཙམ་མ་ཡིན་པར་རྒྱ་གར་དང་འབྲུག་ཡུལ། བལ་ཡུལ། སོག་ཡུལ་གཙོས་པའི་དབུས་ཨེ་ཤ་ཡ་བཅས་ལ་རྒྱ་བསྐྱེད་ནས་ལག་བསྟར་བྱ་རྒྱུ་སོགས་བཀོད་པ་ཕྱིར་འགྱར་གནང་འདུགདེ་བཞིན་ཚོགས་པ་དེས་ཐེངས་འདིའི་སྙན་ཐོ་བརྒྱུད་ཨ་རི་གཞུང་ལྟར་རྒྱལ་སྤྱིའི་གཞུང་གཞན་རྣམས་ཀྱིས་ཀྱང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་ཐེ་བྱུས་རྩ་བ་ནས་མེད་པ་གསལ་བཟོའི་ཁྲིམས་གཞི་གཏན་འབེབས་གནང་སྐྱོང་ཡོང་བ་དང། ༸པཎ་ཆེན་རྒྱལ་མཚན་ནོར་བུར་རྒྱབ་སྐྱོར་མཚམས་འཇོག་གིས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཤེས་རྟོགས་ཐུབ་སླད་ཤུགས་གནོན་རྒྱག་དགོས་པ། དེ་བཞིན་གཞུང་སོ་སོའི་ཁྲོད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འམ་བོད་དོན་སྲིད་བྱུས་དང་འབྲེལ་བའི་སློབ་སྟོན་པ། ཡང་ན་བོད་ཀྱི་སྡེ་ཚན་སོགས་ལོགས་སུ་ཆེད་འཛུགས་གནང་ཐབས་དགོས་པར་མ་ཟད། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་མིའི་སྒྲིག་འཛུགས་ལ་སྲུང་སྐྱོབ་སོགས་ཀྱི་ཐད་རྒྱ་གར་གཞུང་ལ་མཐུན་འགྱུར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་སོགས་དགོས་འདུན་དོན་ཚན་ཁག་གཅིག་ཆེད་བཀོད་གནང་འདུག གཞི་རྩའི་ཨ་རི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༢ ནང་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་དང་བོད་མིའི་བླ་སྤྲུལ་ངོས་འཛིན་གྱི་འགན་དབང་མགོན་པོ་༸གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ་ལས་རྒྱ་ནག་གཞུང་ནས་ཐེ་བྱུས་བྱ་མི་ཆོག་པ། གལ་ཏེ་རྒྱ་ནག་གཞུང་གི་ལས་བྱེད་མི་སྣས་བོད་མིའི་བླ་སྤྲུལ་ངོས་འཛིན་ཐད་ཐེ་བྱུས་བྱས་ན་ཨ་རི་གཞུང་གིས་འབྲེལ་ཡོད་ལས་བྱེད་དེ་དག་ལ་དམ་བསྒྲགས་བཀའ་ཆད་ལྕི་མོ་གཅོད་རྒྱུ་ཡིན་པ་སོགས་བཀོད་ཡོད། ཇི་ནི་ཝ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན། ཟླ་ ༡༠ ཚེས་ ༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུའང་རྒྱ་ནག་རྒྱལ་ནང་དང་ཕྱི་རྒྱལ་ནས་མགྲོན་འབོད་བྱས་པའི་བོད་ཀྱི་མཁས་དབང་ཟེར་བ་ཁག་ཅིག་འདུ་སྐོང་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་ལུགས་སྐོར་ཟུར་ཚོགས་ཤིག་དྲ་ཐོག་བརྒྱུད་ཚོགས་འདུག་པ་དང་དེའི་ཐོག་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་རྒྱ་ནག་དབུས་གཞུང་ཁོ་ནར་ཐག་གཅོད་བྱ་རྒྱུའི་བདག་དབང་ཡོད་པ་སླར་གཏན་འབེབས་བྱུང་ལུགས་སོགས་བཀོད་འདུགཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་ནས་དོན་ཚན་དྲུག་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་གསལ་འདོན་གནང་ཡོད་པ་རེད།

གཞིས་ལུས་བོད་མིར་འཕྲལ་གྱི་རྐྱེན་ངན་ཁྲོད་སེམས་མ་ཞུམ་པ་བྱེད་དགོས་ཞེས་ལམ་སྟོན་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་༸དཔལ་ནཱ་ལེནྡཱའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ཉིན་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་མཚམས་སུ། དེང་སྐབས་རྒྱ་ནག་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ལ་འཕྲལ་གྱི་རྐྱེན་ངན་ཁྲོད་སེམས་ཞུམ་རྒྱུ་མེད་པ་དང་། རྒྱ་ནག་ནང་གི་གནས་སྟངས་ལ་འགྱུར་བ་རིམ་པས་འགྲོ་བཞིན་པའི་ཁྲོད་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཤིག་ཏན་ཏན་འོང་ངེས་པས་ཚང་མ་བློ་བདེ་པོའི་ངང་བཞུགས་ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་སོང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་རྒྱ་བོད་ཀྱི་འཐབ་རྩོད་དེ་གཙོ་བོ་སངས་རྒྱས་པའི་ཆོས་དང་ཡང་འབྲེལ་བ་ཡོད་པ་དང་སྤྱིར་རྒྱ་ནག་གི་ངོས་ནས་བོད་རྒྱ་ཆེའི་མི་མང་གི་ལྟ་བ་དང་སྤྱོད་པ་བསྒྱུར་ཐབས་གཏན་ནས་མེད་པ་དང་། བོད་ཀྱི་སངས་རྒྱས་པའི་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་རྣམས་རིམ་པས་རྒྱ་ནག་ནང་དུ་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པ་ལྟར་བོད་མི་རྣམས་ཀྱིས་ད་ལྟའི་འཕྲལ་སེལ་གྱི་རྐྱེན་ངན་འཕྲད་པར་སེམས་མ་ཞུམ་པ་གནང་དགོས་གལ་ཡིན་པའི་ལམ་སྟོན་སྩལ་ཡོད། དེ་བཞིན་༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཤིང་དུ་གྱུར་ཡོད་སྟབས་ཚང་མས་ཇོ་ཤཱཀ་རྣམ་གསུམ་ལ་སྨོན་ལམ་ལེགས་པོ་བཏབ་དགོས་པ་དང་། ལྷག་པར་༸གོང་ས་མཆོག་བཙན་བྱོལ་དུ་ས་ཁད་འགྱངས་ནས་བཞུགས་ཡོད་ཀྱང་མགོན་པོ་༸གང་ཉིད་མཆོག་དང་བོད་མི་དབར་ཐུན་མིན་གྱི་ལས་དང་འབྲེལ་ཡོད་པས་ཚང་མས་༸རྒྱལ་བ་རིན་པོ་ཆེ་ཏཱ་ལའི་བླ་མ་ཡང་དྲན་དགོས་ཞེས་བཀའ་སྩལ་བར་མ་ཟད། ༸གོང་ས་མཆོག་ལ་མཚོན་ན། ད་ལྟ་སྐུ་ཁམས་གསལ་ཐང་ཡིན་ཞིང་། ༸སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུས་འབྲས་སུ་སྨན་པས་ད་དུང་དགུང་གྲངས་བཅོ་ལྔ་ཉི་ཤུའི་རིང་༸སྐུ་འཚོ་བཞུགས་མཛད་ངེས་ཡིན་པར་ལམ་སྟོན་ཕུལ་དོན་ལྟར་ཚང་མ་བློ་བདེ་པོ་གྱིས་ཤིག་ཅེས་བཀའ་སྩལ་བ་དང་ཆབས་ཅིག རྒྱ་ནག་ནང་གི་གནས་སྟངས་ལ་འགྱུར་བ་རིམ་པ་འགྲོ་བཞིན་ཡོད་པས་རིམ་གྱིས་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་པ་ཞིག་ཏན་ཏན་འོང་ངེས་པས་ཚང་མ་བློ་བདེ་པོའི་ངང་བཞུགས་ཞེས་ལམ་སྟོན་མཛད་ཡོད།དེ་རིང་སྔ་དྲོ་ཚོུད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནཱ་ལེནྡཱའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ཉིན་པའི་བཀའ་ཆོས་འཕྲོ་སྐྱོང་མཛད་པ་དང་འབྲེལ་ཏེ། ཕྱི་ནང་གི་དད་ལྡན་མང་ཚོགས་རྣམས་ལ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་མཐིལ་ཕྱིན་པའི་ཉམས་བཞེས་གནང་དགོས་གལ་ཡིན་སྐོར་བཀའ་སྩལ་བར་མ་ཟད། ལྷག་དོན་ཆེད་དུ་བྱ་བའི་གདུལ་བྱ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་གཙོས་པའི་ཕྱི་ནང་གི་དད་ལྡན་སྟོང་ཕྲག་བརྒལ་བར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བཀའ་དྲིན་ཆེ་བར་སྩལ་སོང་།

བོད་དོན་ཞུ་གཏུག་སྔར་ལྷག་རྒྱ་སྐྱེད་གཏོང་ཐབས་ཀྱིས་མི་ལ་ནོ་བསྒྲགས་གཏམ་སྤེལ་བ།

བོད་ནང་གི་ཛ་དྲག་གནས་བབ་ལ་ཐུགས་འཚབ་ཀྱིས་བོད་དོན་ཞུ་གཏུག་སྔར་ལྷག་རྒྱ་སྐྱེད་གཏོང་ཐབས་ལ་དམིགས་ཏེ་མི་ལ་ནོ་བསྒྲགས་གཏམ་སྤེལ་ཐོག་ཡོ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་མཇུག་སྒྲིལ་གནང་ཡོད།ཨི་ཊ་ལི་གྲོང་ཁྱེར་མི་ལན་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དགེ་འཕེལ་གླིང་དུ་ཕྱི་ཟླ་ ༡༠ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་ཚོགས་པའི་ཚོགས་ཆེན་དེ་མཇུག་སྒྲིལ་གནང་བ་དང་བསྟུན་ཚོགས་བཅར་བ་རྣམས་ཀྱིས་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་དང་འབྲེལ་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་དང་བོད་དོན་ཞུ་གཏུག་སྔར་ལྷག་རྒྱ་སྐྱེད་གཏོང་ཐབས་ཀྱི་མཚན་རྟགས་བཀོད་དེ་མི་ལ་ནོའི་བསྒྲགས་གཏམ་ཞེས་པ་ཞིག་སྤེལ་འདུག བསྒྲགས་གཏམ་ནང་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་རྣམས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བར་དམིགས་ཏེ་བཙན་དབང་གིས་ལོ་ན་ ༤ ཡན་ཆད་ཀྱི་བོད་ཕྲུག་དུ་མ་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭར་བཏང་བ་མ་ཚད་པར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་པར་ཐུགས་འཚབ་དང་ཉེ་ཆར་བོད་ནས་ཐོན་པའི་གནས་ཚུལ་ནང་རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཁྲོད་བོད་མི་རྣམས་གང་བྱུང་དུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞག་ནས་ཞལ་ལག་དང་སྨན་བཅོས་གཙོས་གཞི་རྩའི་མཐུན་རྐྱེན་ཁག་དུད་ཐོག་ཏུ་སྦྱོར་སྤྲོད་བྱེད་ཀྱི་མེད་པའི་ཆེས་ཡ་ང་བའི་གནས་སྟངས་འོག་བཞག་པ་དང་བོད་མི་ཁག་ཅིག་གིས་དེ་ལྟར་མ་བཟོད་ནས་རང་སྲོག་བཅད་པའི་གནས་དོན་བྱུང་སྐོར་དང་། ལྷག་པར་བོད་མི་རྣམས་ལ་མུ་མཐུད་དྲག་གནོན་སླད་སྐྱེས་པ་དང་སྐྱེས་མ། དེ་བཞིན་ཕྲུ་གུ་རྣམས་ཀྱི་རིགས་རྫས་མཁོ་སྒྲུབ་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་བོད་མིའི་ཐོག་ཏུ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་བྱ་སྤྱོད་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། རྒྱ་གཞུང་ནས་མི་སེར་སྤེལ་བའི་གཏན་འཇགས་སློབ་གྲྭ་ཇི་ཡོད་རྣམས་འཕྲལ་མར་སྒོ་བརྒྱབ་དགོས་པར་མ་ཟད། གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ལ་ཁག་དཀྲི་བྱས་ཏེ་བོད་མི་རྣམས་ལ་དམ་དྲག་དང་བཙན་དབང་གིས་རིགས་རྫས་མཁོ་སྒྲུབ་བྱེད་མུས་འཕྲལ་མར་མཚམས་འཇོག་དགོས་ཞེས་གསུངས་འདུགརྒྱ་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ནང་བོད་མི་རྣམས་ལ་སྐད་ཡིག་དང་ཆོས་དད་རང་དབང་། རང་སྐྱོང་གི་གནས་བབ་ཚུད་པའི་སྤྱི་ཚོགས་དང་རིག་གཞུང་། དཔལ་འབྱོར་གྱི་ཐོབ་ཐང་འཁོད་པ་ལྟར་དེ་དག་ལ་བརྩི་སྲུང་དང་ལག་བསྟར་ཞུ་དགོས་ཞེས་གསུངས་པ་དང་། ལྷན་ཅིག་ཏུ་ཡོ་རོབ་ཀྱི་གཞུང་ཁག་དང་གྲོས་ཚོགས། ཡོ་རོབ་མཐུན་ཚོགས། དེ་བཞིན་རྒྱལ་ཚོགས་བཅས་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པ་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་འཇོག་ཞུ་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་ཡོད།  སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འདི་ལོའི་ལོ་འཁོར་ཚོགས་ཆེན་ཚོགས་པའི་དགོས་དམིགས་གཙོ་བོ་ནི་རིང་མིན་ཕྱི་ལོ་ ༢༠༢༣ ལོའི་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འཚོགས་རྒྱུའི་གསུམ་དུས་ལས་འགུལ་ཆེན་མོ་སྤེལ་ཕྱོགས་དང་འབྲེལ་བའི་བཀའ་བསྡུར་གནང་ཆེད་ཡིན་པར་གསུངས་ཡོད་ལ། ཆོགས་ཆེན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པའི་༸སྐུའི་གོ་སྟོན་སྐབས་ཡོ་རོབ་བོད་རིགས་ཚོགས་པ་ཐོུང་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་ཐབས་དང་། བོད་རིགས་ཚོགས་པ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་དབུ་འོག་དཔུང་འདེགས་ཞུ་ཕྱོགས། ཡོ་རོབ་ཁུལ་དུ་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་གྲོས་གཞི་ཁག་ལྔའི་ཐོག་གོ་བསྡུར་གནང་ཡོད།

ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་ཕྱག་ཚད་ ༨་༣༠ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་༸དཔལ་ནཱ་ལེནྡཱའི་སློབ་དཔོན་ཆེན་མོ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཀའ་ཆོས་དབུ་འཛུགས་མཛད་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་ཀྱི་ཐོག་མར་གཞུང་ཆེན་ཁག་གི་ཕྱག་དཔེ་རྣམས་གཟིགས་རྒྱུ་དང་དེ་ལྟར་གཟིགས་པ་ཙམ་མིན་པར་ཉིན་ལྟར་ཕྱག་དཔེ་གཟིགས་པའི་དགོས་དམིགས་གང་ཡིན་ཐོག་དགོངས་པ་བསྐྱར་ནན་བཞེས་དགོས་པའི་ལམ་སྟོན་སྩལ་བ་དང་སྦྲགས་ཏེ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་གཙོ་བོར་འཛིན་དགོས་པ་དང་ལྷག་དོན་གཞན་གཅེས་འཛིན་གྱི་བློ་གོང་འཕེལ་བཏང་སྟེ་བྱང་ཆུབ་སེམས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཀའ་སྩལ་སོང་།དེ་བཞིན་ང་ཚོས་འཛམ་གླིང་ཞི་བདེ་ཟེར་བཞིན་དུ་གོ་མཚོན་གསར་བཟོའི་བྱ་བ་གཉེར་བཞིན་པ་ནི་ཕན་ཚུན་ནང་འགལ་ཆགས་ཀྱི་ཡོད་པ་དང་དེའང་གཙོ་བོ་བྱམས་བརྩེའི་ཐོག་ནས་ཞི་བདེ་ཡོང་གི་ཡོད་ཅེས་ལམ་སྟོན་མཛད་ཡོད།མགོན་པོ་༸གང་ཉིད་མཆོག་གིས་སློབ་གྲྭ་ཁག་གི་བསླབ་གཞིའི་ནང་དུ་སེམས་ཀྱི་ཞེ་བདེ་བསྐྲུན་ཐབས་ཐད་སློབ་ཚན་ཆེད་འཇོག་གནང་གལ་ཡིན་པར་གཟིགས་པ་ལྟར་རིང་མིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཐོ་སློབ་ཁག་གི་དགེ་རྒན་རྣམས་དང་ལྷན་དུ་མཇལ་འཕྲད་མཛད་དེ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐད་བཀའ་བསྡུར་མཛད་རྒྱུའི་དགོངས་པ་ཡོད་སྐོར་བཀའ་སྩལ་སོང་།དེ་བཞིན་༸གོང་ས་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་བཀའ་ཆོས་ཀྱི་གལ་གནད་དང་འབྲེལ། སངས་རྒྱས་པའི་ཆོས་ལ་ཇི་ཙམ་སློབ་གཉེར་གཏིང་ཟབ་པ་གནང་བ་དེའི་ཚོད་ཀྱིས་དོན་རྣམས་གཏིང་ཟབ་པ་རྟོགས་རྒྱུ་ཡོད་པར་བཀའ་སྩལ་བ་དང་ཆབས་ཅིག་དབང་རྟུལ་དད་པའི་རྗེས་འབྲང་མིན་པར་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ནས་བརྟག་དཔྱད་གནང་རྒྱུ་ཡོད་སྟབས། དེ་ལྟ་བུའི་དཔྱད་པ་གནང་བར་ཚད་མ་རྣམ་འགྲེལ་གྱི་རིགས་པའི་འགྲོ་སྟངས་ཐོག་ནས་གནང་རྒྱུ་ཡོད་པ་སོགས་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་ཡོད།ཐེངས་འདིའི་བཀའ་ཆོས་ཐོག་ཐེ་ཝན་གྱི་དད་ལྡན་མང་ཚོགས་ ༥༠༠ ཙམ་ཕེབས་ཡོད་པ་གཙོས་ཕྱི་ནང་གི་དད་ལྡན་པ་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་གནང་འདུགརྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོའི་ཕྱི་ཟླ་ ༡༢ ཀྱི་ཟླ་འཇུག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་དང་ཐུགས་རྗེ་ཆེན་པོའི་བཀའ་དབང། སྒྲོལ་མ་གཉེར་གཅིག་གི་རྗེས་གནང་བཅས་ཉིན་གྲངས་གསུམ་རིང་གི་བཀའ་ཆོས་སྩལ་རྒྱུ་ཐུགས་གཏན་ཁེལ་དོན་ལྟར་བཀའ་ཆོས་དེ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཇེ་བཟང་དུ་སོང་བའི་རྗེས་སུ་མགོན་པོ་༸གང་ཉིད་མཆོག་གིས་རྡོ་རྗེ་གདན་དུ་ཆོས་འབྲེལ་མཛད་པ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

བོད་མི་གཙོ་གྱུར་ཡུ་གུར་སོགས་ནས་རྒྱ་ནག་རྒྱལ་སྟོན་གྱི་ཉིན་མོར་ངོ་རྒོལ་ལས་འགུལ་སྣ་མང་སྤེལ་བ།

ཕྱི་ཟླ་ ༡༠ ཚེས་ ༡ འདི་བཞིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་ཡིན་པ་དང་བསྟུན། རྒྱལ་སྤྱིའི་ཁྲོད་བོད་མི་གཙོ་གྱུར་ཡུ་གུར་དང་ཧོང་ཀོང་སོགས་རྒྱ་ནག་གིས་བཙན་བཟུང་འོག་ཡོད་པའི་མི་རིགས་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་གཙོ་བོར་འགྱུར་བའི་ས་གནས་སོ་སོའི་ནང་རྒྱ་ནག་སྲིད་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས་རྒྱལ་སྤྱིའི་ལས་འགུལ་གྱི་ཉིན་མོ་ཞེས་ངོས་འཛིན་དང་སྦྲགས་ཏེ་ལས་འགུལ་སྣ་མང་སྤེལ་འདུགདེ་ཡང་ཨ་རི་དང་། དབྱིན་ཡུལ། ཡོ་རོབ། ཁེ་ན་ཌ། ཉི་ཧོང་། ཨོས་ཊོ་ལི་ཡ། ཐེ་ཝན་སོགས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་སྤྱི་རིགས་ནས་ཁ་སྔོན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ ༧༣ འཁོར་བའི་ཉིན་མོ་དང་བསྟུན། རྒྱ་ནག་གི་མི་གཅིག་དབང་སྒྱུར་རིང་ལུགས་རྒྱ་སྐྱེད་བྱེད་བཞིན་པར་གདོང་ལེན་གནང་དགོས་ཞེས་དང་།  རྒྱ་ནག་གི་རྒྱལ་སྟོན་གྱི་ཉིན་མོ་དེ་ནི་སྲུང་བརྩི་ཞུ་འོས་པའི་ཉིན་མོ་ཞིག་མིན་པར་ངོ་ཚ་ཅན་གྱི་ཉིན་མོ་ཞིག་རེད་ཅེས་ཀྱི་འབོད་སྒྲ་ཤུགས་ཆེ་བསྒྲགས་ཡོད།དེའི་ཁྲོད་ཨ་རིའི་རྒྱལ་ས་ནེའུ་ཡོག་དང་། ཀེལ་ཧྥོར་ནི་ཡ་གཙོས་པའི་ཁུལ་དེའི་ས་གནས་ཁག་གི་ནང་དུ་རྒྱ་གཞུང་གི་རྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཀེལ་ཧྥོར་ནི་ཡ་ནང་དེ་འབྲེལ་ལས་འགུལ་ཁྲོད་བོད་མི་ཞིག་གིས་མང་ཚོགས་འདུ་འཛོམས་སྐབས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་འོག་མྱངས་དང་མྱོང་བཞིན་ཡོད་པའི་བོད་མིའི་གནས་སྟངས་རྣམས་ངོ་སྤྲོད་དང་། ལྷག་པར་དུ་དེང་གི་ཆར་རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ་བོད་མི་རྣམས་ལ་དཀའ་སྡུག་ཇི་འདྲ་མྱོང་བཞིན་ཡོད་སྐོར་དང་། དེ་བཞིན་རྒྱ་ནག་གིས་བོད་རྒྱ་འགྱུར་གྱི་སྲིད་བྱུས་འོག་ནས་བོད་ཀྱི་བྱིས་པ་རྣམས་དབང་བསྒྱུར་ལམ་ལུགས་ཀྱི་བཅའ་སྡོད་སློབ་གྲྭའི་ནང་འཇོག་གི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་འདུགདེ་བཞིན་དབྱིན་ཡུལ་ནང་དུ་རྟན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། དབྱིན་ཡུལ་བོད་རིགས་ཚོགས་པ། འཛམ་གླིང་ཡུ་གུར་ལྷན་ཚོགས་པ། རྒྱ་རིགས་མང་གཙོ་དོན་གཉེར་བ་ཅེས་ཚོགས་པ་ཁག་ ༨ ཀྱི་གོ་སྒྲིག་འོག་ཁ་སྔོན་ཕྱི་ཚེས་ ༡ ཉིན་ཁུལ་དེའི་ས་གནས་ Piccadilly Circus དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས། རྒྱ་ཡི་བཙན་གནོན་འོག་ཡོད་པའི་མི་རིགས་དེ་དག་གི་རང་རང་གི་རྒྱལ་གླུ་གསུང་འདོན་དང་རྒྱལ་དར་འཕྱར་བ། དེ་བཞིན་སྐབས་དེར་ཞི་བདེ་ལ་དགའ་མོས་ཡོད་པའི་བོད་མི་དང་། ཡུ་གུར་བ། ཧོང་ཀོང་བ་སོགས་ཀྱི་མངོན་འདོད་ནི་རང་དབང་ཡིན་པ་གཅིག་མཚུངས་ཡིན་སྐོར་འབོད་སྒྲ་དང་སྦྲགས། རྒྱ་དམར་གཞུང་ནས་མི་ལོ་ ༧༣ རིང་སྡུག་རྩུབ་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་དེར་ངོ་ཚ་ཅན་གྱི་རྒྱ་དམར་ཞེས་འབོད་སྒྲ་བསྒྲགས་འདུགམ་ཟད་ཉིན་དེར་ཉི་ཧོང་ཁུལ་དུ་ངོ་རྒོལ་བ་བརྒྱ་ཕྲག་འགའ་ཤས་གཞུང་ལམ་དུ་ཕྱིར་འཐོན་ཀྱིས་རྒྱ་དམར་གྱི་དྲག་གནོན་འོག་ཡོད་པའི་མི་རིགས་རྣམས་ཀྱི་གནད་དོན་དེར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་མ་ཟད་ངོ་རྒོལ་བ་འགས་ཁུལ་དེའི་རྒྱལ་ས་ཊོག་ཀྱོ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཉིན་མོ་དེ་ནི་སྲུང་བརྩི་ཞུ་འོས་པ་ཞིག་མིན་པར་ངོ་ཚ་ཅན་གྱི་ཉིན་མོ་ཞིག་རེད་ཅེས་འབོད་སྒྲ་བསྒྲགས་ཏེ། རྒྱ་དམར་གཞུང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེ་དག་ལ་སྐྱོན་བརྗོད་དང་ཆབས་ཅིག འཛམ་གླིང་རྒྱལ་ཁབ་གཞན་ཚོས་རྒྱ་ནག་གི་དེ་ལྟ་བུའི་གནོད་ཚབས་བྱེད་ཀྱི་ཡོད་པ་ལས་གཉིད་གསལ་དགོས་པའི་ནན་སྐུལ་བྱས་འདུགམ་ཟད་ཡོ་རོབ་རྒྱལ་ཁབ་ཧྥ་རན་སི་དང་། ཨོས་ཊི་ཡ། ནི་དྷར་ལེནྜ་སོགས་ཀྱི་ནང་དུའང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གུ་མདུན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་། གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་ཁྲོད། ནི་དྷར་ལེནྜ་ཁུལ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ། དེ་བཞིན་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་མི་རིགས་གཞན་རྣམས་ཀྱི་ཚོགས་པ་ཁག་ཀྱི་བཟུང་སྦྲེལ་གྱི་ཐོག་ནས་དྲག་གནོན་དེ་དག་མཚམས་འཇོག་དགོས་པའི་ལས་འགུལ་སོགས་སྤེལ་ཡོད་པ་དང་འབྲེལ། ནི་དྷར་ལེནྜ་གི་རྒྱལ་སར་དེ་ལྟ་བུའི་ལས་འགུལ་སྤེལ་བ་དེ་ཐེངས་དང་པོ་ཡིན་པ་འགྲེལ་བརྗོད་བྱས་ཀྱི་འདུགད་དུང་ཁེ་ན་ཌའི་ཁུལ་དུ་བོད་མི་རྣམས་ནས་ངོ་རྒོལ་ཁྲོད་བོད་མི་ ༧ ནས་ཞི་བདེའི་རྒྱང་རྒྱུག་གི་ལས་འགུལ་སྤེལ་བའི་ཁྲོད་ནས་ཁེ་ན་ཌས་བོད་རྒྱ་གྲོས་མོལ་ཡོང་ཆེད་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་གནང་ཡོད་པ་དང་། དེ་བཞིན་ Turkey རྒྱལ་ས་ Istanbul ནང་དུའང་དེ་འབྲེལ་ལས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་འདུགགཞི་རྩའི་དེ་སྔ་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་འགོ་བཙུགས་པ་ནས་བཟུང་ཕྱི་ཟླ་ ༡༠ ཚེས་ ༡ ནམ་ཡིན་ལ་རྒྱ་ནག་རྒྱལ་སྟོན་གྱི་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་པ་དང་། ད་བར་རྒྱལ་སྟོན་ཐེངས་ ༧༣ པ་དེ་ཆགས་ཀྱི་ཡོད་པ་རེད།    

གྷཱཾ་དྷཱི་མཆོག་གིས་བཏོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྙིང་པོ་དག་ལག་བསྟར་ཞུ་དགོས།

བོད་མིའི་སྒྲིག་འཛུགས་ཀྱིས་བདག་ཉིད་ཆེན་པོ་གྷཱཾ་དྷཱི་མཆོག་གི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་ཞུས་པ་དང་སྦྲགས་ཏེ། བོད་མི་ཚོའི་ངོས་ནས་ཁོང་གིས་བཏོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྙིང་པོ་དེ་དག་ལག་བསྟར་ཞུ་དགོས་གལ་ཡིན་པར་གསུངས་སོང་། དེ་རིང་ཕྱི་ཟླ་ ༡༠ ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཚོུད་ ༩༌༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམ་པ་སོགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་གངས་སྐྱིད་སྲི་བཟློག་མཆོད་རྟེན་མདུན་ཐང་དུ་ལྷན་འཛོམས་གནང་སྟེ་ཆེས་ཐོག་མར་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷཱཾ་དྷཱི་མཆོག་གི་སྐུ་པར་མཇལ་དར་དང་མེ་ཏོག་གི་མཆོད་པ་ཕུལ་ནས་དམ་པ་ཁོང་ལ་རྗེས་དྲན་ཞུས་སོང་། མཛད་སྒོ་ཐོག་སྲིད་སྐྱོང་མཆོག་གིས་གྷཱཾདྷཱི་མཆོག་ལ་བདག་ཉིད་ཆེན་པོ་ཞེས་ཆེ་མཐོང་ཞུ་དོན་ནི་ཁོང་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ཁྲོད་རྒྱ་གར་མི་མང་སྣེ་ཁྲིད་གནང་སྟེ་དབྱིན་ཇིའི་གཞུང་ནས་རང་བཙན་རག་ཐུབ་པའི་གནས་བབ་དེ་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་ཏེ་འཛམ་གླིང་ནང་དཀའ་རྙོག་གང་འདྲ་ཡོད་ཀྱང་དེ་དག་འཚེ་བ་མེད་པའི་ཐོག་ནས་སེལ་ཐུབ་ཀྱི་ཡོད་པའི་རྣམ་པ་དང་མིག་དཔེ་བཟང་པོ་ཞིག་གནང་ཡོད་པར་མ་ཟད་ལྷག་པར་ད་ཆ་འཛམ་གླིང་གི་དཀའ་རྙོག་གང་འདྲ་ཞིག་འཕྲད་ཀྱང་དེ་དག་འཚེ་མེད་ཞི་བའི་ཐོག་ནས་སེལ་ཐུབ་ཀྱི་ཡོད་པའི་གནས་བབ་དེ་མེས་པོ་དམ་པ་ཁོང་གིས་མིག་ལྟོས་བཟང་པོ་ཞིག་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག ང་ཚོ་བོད་མི་རྣམས་ཀྱིས་ཀྱང་བདག་ཉིད་ཆེན་པོ་ཁོང་གིས་བཏོན་གནང་བའི་འཚེ་བ་མེད་པའི་ཐབས་ལམ་ལ་བརྟེན་ནས་ཤར་བསྐྱོད་དང་བདེན་པ་རྩོད་ཀྱི་ཡོད་ལ། ལྷག་དོན་ང་ཚོས་བདག་ཉིད་ཆེན་པོ་ཁོང་གིས་བཏོན་གནང་བའི་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྙིང་པོ་དེ་དག་ལག་བསྟར་ཞུ་དགོས་གལ་ཡིན་པར་གསུངས་ཡོད།བདག་ཉིད་ཆེན་པོ་གྷཱཾདྷཱི་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་དེ་རིང་ཉིན་རྒྱབ་ཚོུད་ ༢ ཐོག་མེག་གྷན་བོད་ཁྱིམ་ཉིན་སློབ་གྲྭ་དང་ཡོངས་གླིང་སྔོན་སློབ་གཉིས་ཀྱིས་ཕྲུ་གུའི་ཕ་མ་དང་མང་ཚོགས་ལ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུ་གི་ཡོད་པ་རེད། གཞི་རྩའི་བདག་ཉིད་ཆེན་པོ་གྷཱཾདྷཱི་མཆོག་ནི་ཕྱི་ལོ་ ༡༨༦༩ ལོར་སྐུ་འཁྲུངས་ཡོད་པ་དང་ཁོང་གིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་ཁྲོད་འཚེ་མེད་ཞི་བའི་ཐབས་ལམ་བཏོན་གནང་མཛད་ཡོད་པ་རེད།

ཡོ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་ཚོགས་པ།

ཡོ་རོབ་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པ་ཁག་གི་སྒྲིག་འཛུགས་སྲ་བརྟན་ཐོག་ནས་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་ཀྱི་དགོས་དམིགས་འོག་ཡོ་རོབ་བོད་རིགས་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་གསུམ་པ་དེ་ཟླ་བ་ ༡༠ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་ཨི་ཊ་ལི་གྲོང་ཁྱེར་མི་ལན་ནང་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དགེ་འཕེལ་གླིང་དུ་ཚོགས་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཐེངས་འདིའི་ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་ཆེན་ཐོག་དབུ་བཞུགས་གཙོས་ཡོ་རོབ་ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། དེ་བཞིན་ཡོ་རོབ་ཁུལ་གྱི་སྐུ་ཚབ་དོན་གཅོད་རྣམ་པས་དབུས་པའི་སུད་སི་དང་འཇར་མི་ནི། ཕ་རན་སི། ཨི་ཊ་ལི། སྦེལ་ཇམ། སི་པེན། ཨོ་སི་ཊི་ཡ། ནི་ཐར་ལན་ཌི། དེ་བཞིན་དབྱིན་ཡུལ་བཅས་ཀྱི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་སྐུ་ཚབ་འཐུས་མི་སོགས་ཁྱོན་ཚོགས་བཅར་བ་ཉེར་དྲུག་འདུ་འཛོམས་བྱུང་འདུག རྩ་བའི་ཡོ་རོབ་ཁུལ་གྱི་བོད་རིགས་ཚོགས་པ་ཁག་གི་སྒྲིག་འཛུགས་སྔར་ལྷག་ཚགས་ཚུད་ཐོག་ནས་བོད་དོན་འཐབ་རྩོད་གོང་བུ་གཅིག་སྒྲིལ་རྒྱུན་གནས་དང་སྲ་བརྟན། བོད་རིགས་ཚོགས་ཁག་གི་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ཇི་སྤེལ་ཐུན་མོང་ཐོག་ནས་སྤེལ་ཕྱོགས་སོགས་དང་འབྲེལ་བའི་དམིགས་ཡུལ་འོག་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༩ སི་པེན་དང་དེ་རྗེས་ ༢༠༢༡ ལོར་ཕ་རན་སི། འདི་ལོའི་ཚོགས་ཆེན་ཐེངས་གསུམ་པ་དེ་ཨི་ཊ་ལིར་ཚོགས་ཡོད་པ་རེད། ཚོགས་ཆེན་གོ་སྒྲིག་གནང་མཁན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་འདི་ལོའི་ལོ་འཁོར་ཚོགས་ཆེན་ཚོགས་པའི་དགོས་དམིགས་གཙོ་བོ་ནི་རིང་མིན་ཕྱི་ལོ་ ༢༠༢༣ ལོའི་ཡོ་རོབ་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་འཚོགས་རྒྱུའི་གསུམ་དུས་ལས་འགུལ་ཆེན་མོ་སྤེལ་ཕྱོགས་དང་འབྲེལ་བའི་བཀའ་བསྡུར་གནང་ཆེད་ཡིན་པར་གསུངས་སོང་། ཡོ་རོབ་བོད་རིགས་ཚོགས་པའི་ཚོགས་འདུ་ཐོག་ཡོ་རོབ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་དང་སྐུ་ཚབ་དོན་གཅོད་ཁག་གཙོས། ཡོ་རོབ་རྒྱལ་ཁབ་བརྒྱད་ཀྱི་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན་དང་སྐུ་ཚབ་འཐུས་མི་སོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་བདག་གིར་བཞེས་པའི་༸སྐུའི་གོ་སྟོན་སྐབས་ཡོ་རོབ་བོད་རིགས་ཚོགས་པ་ཐོུང་ནས་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་ཐབས་དང། བོད་རིགས་ཚོགས་པ་ཕན་ཚུན་དབར་འབྲེལ་ལམ་དམ་ཟབ། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་དབུ་འོག་དཔུང་འདེགས་ཞུ་ཕྱོགས། ཡོ་རོབ་ཁུལ་དུ་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་སོགས་གྲོས་གཞི་ཁག་ལྔའི་ཐོག་གོ་བསྡུར་གནང་ཡོད། སྤྱིར་ད་ལྟའི་ཆར་ཡོ་རོབ་ཁུལ་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཁག་གི་ཁྱབ་ཁོངས་སུ་ཡོ་རོབ་རྒྱལ་ཁབ་ ༡༦ ནང་བོད་རིགས་ཚོགས་པ་ཡོད་པ་དང་། ཡོ་རོབ་རྒྱལ་ཁབ་གཞན་ཁག་ཏུ་སྐྱབས་བཅོལ་ལ་ཕེབས་མཁན་བོད་མི་ཇེ་མང་དུ་སོང་བར་བརྟེན་ད་ཆར་སྐྱབས་བཅོལ་བ་བོད་མི་ཁྲི་གཉིས་ལྷག་ཙམ་ཡོད་པར་ཚོད་དཔག་གནང་གི་འདུག

Latest news