Tibetan Royal Year of 2151 | Year of the Wood Dragon

གསར་འགྱུར།

༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོགས་སྒེར་ཁག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོགས་སྒེར་ཁག་གསུམ་ལ་དགའ་བསུའི་འཚམས་འདྲི་མཛད་འདུགདེ་ཡང་ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་སྦེ་ལ་རུས་ Belarus ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ Ales Bialiatski དང་། Memorial ཞེས་པའི་ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ Centre for Civil Liberties ཞེས་ཡུ་ཀ་རན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཚོགས་སྒེར་ཁག་གསུམ་ལ་གནང་གཏན་ཁེལ་བ་ལྟར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་ནས་ཚོགས་སྒེར་དེ་དག་གསུམ་ལ་དགའ་བསུའི་འཚམས་འདྲིའི་སྩལ་བ་དང་འབྲེལ། ནོ་སྦེལ་ལྷན་ཚོགས་ནས་འདི་ལོའི་ཞི་བདེའི་གཟེངས་རྟགས་ཁོང་རྣམ་པར་ཕུལ་བ་དེའི་བརྒྱུད་སྤྱི་དམངས་ཚོགས་སྡེ་ཁག་གིས་ཞི་བདེ་དང་རང་དབང་། མང་གཙོའི་གཞི་རྩའི་རིན་ཐང་སྲུང་སྐྱོབ་སླད་ཐུགས་ཁུར་བཞེས་ཕྱོགས་ཀྱི་གལ་གནད་གསལ་འདོན་གནང་གི་ཡོད་པར་བཀའ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་དེའི་ནང་ད་དུང་མགོན་པོ་༸གང་ཉིད་མཆོག་གིས་གཟེངས་རྟགས་དེའི་བརྒྱུད་ནས་གཞན་ཚོར་སེམས་འགུལ་ཐེབས་པའི་ཐུགས་རེ་མཛད་བཞིན་པ་མ་ཟད། དཀའ་ངལ་རྣམས་གྲོས་མོལ་དང་གཉིས་ཕན་གྱི་ཐབས་ལམ་བརྒྱུད་སེལ་ཐུབ་པ་བྱ་དགོས་པའི་དྲན་སྐུལ་ཞིག་ཡིན་པ་བཀའ་སྩལ་མཛད་འདུག དེ་བཞིན་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རིགས་ཡོངས་སུ་རྗོགས་པ་ལ་དགོས་མཁོ་དང་འཇིག་སྣང་ལ་ལྟོས་མེད་གཞི་རྩའི་རང་དབང་གི་ཐོབ་ཐང་ཞིག་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཞེས་པ་འདི་ཉིད་ཡོངས་སུ་སྒྲིལ་བ་ཞིག་དང་། ཕན་ཚུན་ལྷོས་གྲུབ། དེ་བཞིན་ཡོངས་ཁྱབ་ཅིག་ཡིན་པ་བཀའ་སྩལ་དང་འབྲེལ། དེང་གི་ཆར་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་འགའ་ཤས་རང་བྱུང་ཁམས་ཀྱི་ལྡོག་ཏུ་མེད་པའི་དཀའ་ངལ་ཞིག་ཡིན་པ་དེར་དང་ལེན་བྱ་དགོས་པ་མ་ཟད། དེ་དག་ལ་སེམས་ཞི་བའི་ཐོག་ནས་གདོང་ལེན་བྱ་དགོས། དེ་བཞིན་དཀའ་ངལ་གཞན་རྣམས་ནི་ང་ཚོས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཡལ་བར་དོར་ནས་ཕན་ཚུན་བར་གྱི་ལྟ་བ་དང་། ཆབ་སྲིད། ཆོས་ལུགས་སོགས་ཀྱི་མི་མཐུན་པའི་རྐྱེན་ཆུང་ཙག་རིགས་ལས་འབྱུང་གི་ཡོད་པ་དང་། དེ་དག་ཐམས་ཅད་ང་ཚོས་བཟོས་པའི་དཀའ་ངལ་ཞིག་ཡིན་པ་ཆབས་ཅིག དཀའ་ངལ་དེ་དག་སེལ་ཐུབ་རྒྱུ་ཡོད་པ་བཀའ་སྩལ་མཛད་འདུགཕྱོགས་མཚུངས་༸གང་ཉིད་མཆོག་གིས། དེང་གི་ཆར་མང་གཙོའི་རིན་ཐང་དང་། གུ་ཡངས་ཀྱི་སྤྱི་ཚོགས། འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར། དེ་བཞིན་འདྲ་མཉམ་སོགས་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འབྲེལ། འགྲོ་བ་མིའི་བཟང་ཕྱོགས་ཀྱི་གཞི་རྩའི་རིན་ཐང་དང་། མང་གཙོའི་རིན་ཐང་གཉིས་ཀྱི་བར་ལྡོག་ཏུ་མེད་པའི་འབྲེལ་བ་ཞིག་ཡོད་སྐོར་བཀའ་སྩལ་དང་སྦྲགས། གང་དུ་མང་གཙོ་ཡོད་པ་དེར་རྒྱལ་ཁབ་སོ་སོའི་མི་སེར་རྣམས་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཁྱད་ཆོས་རྣམས་ཕྱིར་མངོན་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་དང་། གང་དུ་འགྲོ་བ་མིའི་ཁྱད་ཆོས་དེ་དག་ཕྱིར་མངོན་ཐུབ་པ་དེར་མང་གཙོའི་ནུས་ཤུགས་ཆེ་རུ་འགྲོ་བའི་གོ་སྐབས་ཅིག་ཡོད། ལྷག་པར་དུ་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་མང་གཙོ་དེ་ཉིད་ཆ་རྐྱེན་གལ་ཆེ་ཤོས་ཅིག་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་འདུགམ་ཟད་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ནང་རིག་གཞུང་དང་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གོང་འཕེལ་ཆེད་ངེས་པར་དུ་ཕན་ཐོགས་དགོས་པ་མ་ཟད། རིག་གཞུང་དང་ཆོས་ལུགས་སོགས་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་མིའི་རིགས་གཅིག་གྱུར་ཡོང་ཐབས་སུ་འགྲོ་བ་མིའི་གཞི་རྩའི་ལམ་ལུགས་ཅིག་ཡིན་པ་དང་། ང་ཚོ་ཚང་མ་རིགས་དང་། ཆོས་ལུགས། ཕོ་མོའི་ཁྱད་པར། དེ་བཞིན་སྤྱི་ཚོགས་ཀྱི་གྲལ་རིམ་སོགས་ལ་ལྟོས་མེད་རང་ཉིད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་ཅིག་ཡིན་པའི་རྒྱུ་མཚན་གྱི་འགྲོ་བ་མིའི་ཐོབ་ཐང་ནི་གལ་ཆེན་པོ་ཡིན་པ་དང་འབྲེལ། དེའི་ཐོག་ལྟ་ཚུལ་མི་མཐུན་པ་ཞིག་ཡོང་དགོས་དོན་མེད་པ་ཞིག་ཡིན་པ་བཀའ་སྩལ་འདུག

གཉན་རིམས་ཁྱབ་གདལ་ཁྲོད་བོད་མིར་ཁ་ལག་མ་འདང་བ་དང་ཁ་པར་འགྲོ་གྲོན་འཕར་བ་སོགས་ཀྱི་ངལ་བ་འཕྲད་པ།

འདི་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་བོད་ནང་ཏོག་དབྱིབས་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་ལག་བསྟར་འོག་རྒྱལ་ས་ལྷ་ས་གཙོས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་མང་ཆེ་བ་སྒོ་རྒྱ་བསྡམས་ནས་ཟླ་བ་གཉིས་ཙམ་འགྲོ་མུས་ཀྱི་མཚམས་འདིར་རྒྱ་ནག་གཞུང་ཕྱོགས་ནས་མང་ཚོགས་ལ་གཉན་རིམས་འགོག་ཐབས་ཀྱི་ལས་དོན་དང་དེ་འབྲེལ་ངལ་བ་འཕྲད་པ་རྣམས་ལ་དངུལ་གཙོ་གྱུར་ཉེར་མཁོ་ཁག་མཐུན་རྐྱེན་སྦྱོར་བཞིན་ཡོད་པར་བཤད་འདུག་ཀྱང་། རྒྱལ་ས་ལྷ་ས་ནང་བོད་མི་མང་དག་ཅིག་ལ་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་བཞིན་པར་མ་ཟད། ལྷག་པར་ད་ལྟའི་ཆར་བེད་སྤྱོད་ཆེ་བའི་ཁ་པར་གྱི་འགྲོ་གྲོན་སྔར་ལྷག་འཕར་ཡོད་པ་སོགས་ཀྱི་ངལ་བ་འཕྲད་བཞིན་འདུག དེ་རིང་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ལས་ཁུངས་ཀྱིས་མང་ཚོགས་ཁྲོད་ལོ་ན་བགྲེས་པ་དང་། ཚོང་ལས་གཉེར་མཁན། ཉམ་ཐག ནད་པ། ཞོར་ལས་པ་སོགས་སྡེ་ཁག་བརྒྱད་ལ་དབྱེ་ནས་དངུལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་སྤེལ་འདུག་ཀྱང་། ཕྱོགས་གཞན་ཞིག་ནས་ས་གནས་སུ་དུས་ད་ལྟའང་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་བཞིན་པ་དང་། ལྷག་པར་དུ་འདས་པའི་ཉིན་ཤས་ནང་ China Mobile ཞེས་བོད་ཁུལ་དུ་ལག་ཐོགས་ཁ་པར་ཚོང་ལས་ཁང་གིས་མང་ཚོགས་ལ་ཁ་པར་སྤྱོད་པར་རིན་གོང་རྒྱུན་ལྡན་ལས་ལྡབ་ལོག་སྤར་ཆ་བྱས་ཡོད་སྟབས་འདས་པའི་གཟའ་འཁོར་ནང་བོད་ནས་བརྙན་དང་འདྲ་པར་ཕྱིར་འགྱར་བྱུང་བ་ལས་རྣམ་ཀུན་ཁ་པར་སྤྱོད་པར་འགྲོ་གྲོན་རྒྱ་སྒོར་ ༡༥༠ ནས་ ༢༠༠ བར་ཡིན་པ་ལ་ད་ལྟ་རྒྱ་སྒོར་ ༦༠༠ ནས་ ༧༠༠ དང་ཁ་ཤས་ལ་རྒྱ་སྒོར་ ༡༠༠༠ ལྷག་ཡིན་པའི་གནས་ཚུལ་མང་དག་ཅིག་མཐོང་རྒྱུ་འདུག བརྙན་པར་གཞན་ཞིག་གི་ནང་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་བོད་མི་ཞིག་ལ་ལྕག་ཐགས་བརྒྱབ་སྟེ་ཁྱིམ་ནས་བཙན་ཁྲིད་བྱེད་བཞིན་པ་དང་། དེར་ཞུ་གཏུག་བྱེད་མཁན་མི་གཞན་ཞིག་ལ་གཅར་རྡུང་བཏང་ཡོད་པ་མངོན་རྒྱུ་འདུག་པར་མ་ཟད། དེ་བཞིན་བརྙན་གཞན་ཞིག་གི་ནང་ས་གནས་བོད་མི་ཞིག་གིས་ལས་བྱེད་པས་ལོ་ན་བགྲེས་པ་ལའང་གཅར་རྡུང་བཏང་ཡོད་སྐོར་བཤད་འདུག དེ་རིང་རྒྱ་ནག་གཞུང་གིས་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་དེ་དང་འབྲེལ། བོད་གནད་དབྱེ་ཞིབ་པའི་ཁྲོད་རྒྱ་གཞུང་གིས་རོགས་སྐྱོར་གྱི་གསལ་བསྒྲགས་བྱས་པ་དེ་དག་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་དང་མཐུན་གྱི་མེད་པ་དང་ད་བར་བོད་ནང་ལོགས་ཀྱི་བོད་མི་དང་ཐ་ན་རྒྱ་རིགས་མང་དག་ཅིག་ནས་ཀྱང་རྒྱ་ནག་གཞུང་གི་དྲ་རྒྱའི་ཐོག་གང་བཤད་པ་རྣམས་རྫུན་གཏམ་ཁོ་ན་ཡིན་པར་གསུང་མཁན་ཇེ་མང་དུ་འགྲོ་ཡོད་པ་ལྟར་མང་ཚོགས་ལ་དོན་དངོས་ཐོག་དངུལ་ལག་པར་རག་ཐུབ་རྒྱུ་ཁག་པོ་ཆགས་ཡོད་པ་གསུངས་འདུག བོད་ནང་འདས་པའི་ཟླ་བ་གཉིས་ཙམ་ནས་གཉན་རིམས་དང་གཞུང་གི་དམ་དྲག་གི་ངལ་བ་ཆེས་འཕྲད་པའི་ཁྲོད་ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ པའི་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་སྒྲགས་ཐེངས་ ༡༣༠ སྤེལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁ་ཉིན་རེས་གཟའ་ལྷག་པ་ནས་དབུ་འཛུགས་གནང་སྟེ། ལས་ཁུངས་ཁག་གི་ངོས་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་ཁུངས་སོ་སོའི་ནང་གཞིས་བཞུགས་རྒྱ་ཆེ་མང་ཚོགས་རྣམས་ལ་ཆེད་ཀྱིས་དམིགས་ཆུ་ཚོད་གཅིག་རིང་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་གསོག་སྒྲུབ་གནང་བ་དང་འབྲེལ། གཞིས་ལུས་བོད་མི་རྣམས་ཀྱི་ངོས་ནས་དངངས་སྐྲག་མ་གནང་བར་གཉན་རིམས་འགོག་ཐབས་ཀྱི་གནང་སྒོ་ཁག་མུ་མཐུད་གནང་དགོས་པའི་སྐུལ་མ་གནང་ཡོད།

བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གནས་སྟངས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་འཁུར་དགོས་པའི་འབོད་སྐུལ།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་མོ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༢ ཧྲིལ་པོ་འཁོར་བའི་ཉིན་མོ་ཞིག་ཡིན་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་རིང་བཞུགས་སྒར་དུ་བོད་ཀྱི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་པ་མ་ཟད། ཚོགས་པའི་ངོས་ནས་དེ་རིང་གི་དུས་ཚིགས་དང་བསྟུན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག འཕྲོད་བསྟེན་ཚན་པ་ཁག་བཅས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང་། བོད་མི་ཚོའི་དཀའ་སྡུག་སོགས་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་ཁུར་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་འདུགདེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དེ་རིང་ཡོངས་ཁྱབ་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ཐོག་ནས་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་དང་། ལྷག་པར་རྒྱ་ནག་གི་བཙོན་ཁང་ཁག་ཏུ་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས བློས་བཏང་བཅས་ལ་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག  ཇི་སྲིད་བོད་རང་དབང་རང་བཙན་མ་ཐོབ་ཀྱི་བར་དེ་སྲིད་གཞོན་ལྷན་སྒྲིག་འཛུགས་ནས་རྒྱ་དམར་སྲིད་གཞུང་ལ་ཁ་གཏད་དང་གདོང་ལེན་སྔར་ལྷག་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་བསྐྱར་ནན་གནང་འདུགལྷག་པར་དུ་ད་ལྟའི་ཆར་བོད་ནང་རྒྱ་དམར་གྱི་ནད་དུག་གཙང་སེལ་ཞེས་པའི་སྲིད་བྱུས་ལག་བསྟར་འོག་བོད་མི་རྣམས་ལ་སྡུག་རྩུབ་དང་གང་བྱུང་འཛིན་བཟུང་བཙན་ཁྲིད། དེ་བཞིན་ཁྲིམས་འགལ་ཉེས་འཛུགས་ཀྱིས་རྡུང་རྡེག་ཚབས་ཆེན་གཏོང་བཞིན་ཡོད་པ་དེར་ངོ་རྒོལ་སྐྱོན་བརྗོད་ནན་པོ་གནང་བ་དང་སྦྲགས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ཀྱི་སྣོད་བཅུད་གཉིས་ཀྱི་ཛ་དྲག་གི་གནས་སྟངས་སོགས་ལ་ངེས་པར་དུ་རྟོག་ཞིབ་དང་འགན་ཁུར་དགོས་པའི་ཞུ་འབོད་གནང་འདུགཚོགས་པའི་ངོས་ནས་ད་དུང་བོད་རིགས་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཀྱི་མིག་དཔེ་བཟང་པོ་ཞིགས་ཡོང་རྒྱུ་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་པ་མ་ཟད། རྙོག་གླེང་ཆུང་ཙག་གི་རིགས་ལ་ཕན་ཚུན་གུ་ཡངས་དང་བསམ་ཤེས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དགོངས་བཞེས་དང་བོད་སྤྱི་པའི་རྩ་དོན་ཐོག་ནུས་ཤུགས་སྔར་ལྷག་འདོན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་འདུགརྩ་བའི་དེ་རིང་དུས་དྲན་སྲུང་བརྩི་དང་བསྟུན། དྷ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་གནང་བའི་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་གྱི་མཐའ་མའི་རྩེད་འགྲན་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་གནང་ཡོད།འདི་ག་རླུང་འཕྲིན་ཁང་ནས་དུས་དྲན་འདི་དང་སྟབས་བསྟུན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས། ཁོང་གིས་རྩེད་འགྲན་འདི་ཉིད་ཆབ་སྲིད་ཀྱི་བརྡ་ལེན་ཡོད་པའི་རྩེད་འགྲན་ཞིག་ཡིན་པ་དང་སྦྲགས། ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གཞིས་བྱས་གཉིས་ཀྱི་བོད་མི་ཚོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པའི་བརྡ་ལེན་གནང་སོང་།

 རྒྱལ་ཚོགས་ཐོག་ཤིན་ཅང་གི་གནད་དོན་ལ་བགྲོ་གླེང་དགོས་པའི་གྲོས་འཆར་ལ་རྒྱབ་སྐྱོར་ཐོབ་མི་འདུག

ཁ་སང་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་འདི་ག་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༡ སྟེང་ཨ་རི་དང་དབྱིན་ཡུལ། ནོར་ཝེ། ཁེ་ན་ཌ། དེ་བཞིན་ཨོ་སི་ཊི་ལི་ཡ་སོགས་ནུབ་ཕྱོགས་མང་གཙོའི་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཞུང་གིས་ཤིན་ཅང་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་བཏང་བའི་སྙན་ཐོ་དང་འབྲེལ་ཏེ་རྗེས་མའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ སྐབས་རྒྱ་ནག་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་ཞིག་གནང་ཡོད་པ་རེད།ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་གྲོས་འཆར་ལ་དེར་རྒྱབ་སྐྱོར་དང་དགག་པ་ཡོད་པའི་རྒྱུ་མཚན་འགྲེལ་བརྗོད་གནང་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་ལས་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ ༡༧ གྱིས་གྲོས་འཆར་འདིར་རྒྱབ་སྐྱོར་གནང་བ་དང་ཚོགས་མི་རྒྱལ་ཁབ་ ༡༩ ཡིས་དགག་པ་གནང་བ། དེ་བཞིན་རྒྱ་གར་གཙོས་ཚོགས་མི་རྒྱལ་ཁབ་ ༡༡ བར་གནས་བཞུགས་ཏེ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་འབྲེལ་ནས་རྒྱ་ནག་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་ལ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་མེད་པ་རེད། གྲོས་འཆར་ཐོག་འཛམ་གླིང་ནང་ཁ་ཆེའི་རྒྱལ་ཁབ་ཆེ་ཁག་ཨིན་ཌོ་ནེ་ཤ་ཡ་དང་ཁཱ་ཏར། དེ་བཞིན་པ་ཀིས་ཏན་སོགས་ཀྱིས་གྲོས་འཆར་འདིར་དགག་པ་བྱས་འདུག ཐེངས་འདིའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་རང་གི་ཐོག་ལ་དམིགས་ནས་བགྲོ་གླེང་དགོས་པའི་གྲོས་འཆར་འདོན་པ་འདི་ནི་ཕྱི་ལོ་ ༢༠༠༦ རྗེས་ཀྱི་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། ཤིན་ཅང་ནང་གི་འགྲོ་བ་མིའ་ཐོབ་ཐང་དང་འབྲེལ་བའི་སྙན་ཐོ་འདི་ནི། དེ་སྔོན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་ལྕམ་སྐུ་ Michelle Bachelet མཆོག་གིས་ཁོ་མོ་ལས་གནས་ནས་འཁྱུར་བར་དུས་ཡུན་སྐར་མ་ཁ་ཤས་ལས་མེད་པའི་མཚམས་འདི་ལོའི་ཕྱི་ཚེས་ ༨ ཚེས་ ༣༡ ཉིན་འདོན་སྤེལ་གནང་ཡོད་པ་དང། སྙན་ཐོ་ནང་གཙོ་བོ་རྒྱ་ནག་གཞུང་གི་ངོས་ནས་ཤིན་ཅང་ནང་ཡུ་གུར་གཙོ་བོར་གྱུར་པའི་ཏུར་ཀི་ཁ་ཆེའི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཤུགས་ཆེ་བཏང་ཡོད་པ་ར་སྤྲོད་གནང་བ་དང་འབྲེལ། ཡུ་གུར་མི་རིགས་རྣམས་ཁྲིམས་མེད་ལུང་མེད་སྒོ་ནས་འཇིན་བཟུང་བཀག་ཉར་དང་ཁོང་ཚོའི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ཁྲིམས་འགལ་ཡིན་པར་ར་སྤྲོད་གནང་ཡོད། ལྷན་ཚོགས་སྟེང་གོང་གསལ་སྙན་ཐོ་དེ་དང་འབྲེལ་ནས་ཨ་རི་གཙོས་མང་གཙོའི་རྒྱལ་ཁབ་ཁག་ནས་རྒྱ་ནག་དེ་ལྷན་ཚོགས་ཐོག་འགན་འཁུར་ལན་འདེབས་བྱེད་དུ་བཅུག་རྒྱུའི་གྲོས་འཆར་ཞིག་འདོན་ཡོད་ཀྱང་སྐབས་དེར་ལྷན་ཚོགས་ནང་གྲོས་འཆར་ཐོག་ཚོགས་མི་རྒྱལ་ཁབ་ཀྱི་མང་མོས་རྒྱབ་སྐྱོར་ཐོབ་མེད་པ་རེད། ཕྱི་དྲོར་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱིས་གསར་འགོད་སྤྱིར་བསྒྲགས་ཤིག་སྤེལ་ཏེ་ལྷན་ཚོགས་ཐོག་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲོས་འཆར་ལ་དགག་པ་གནང་མཁན་གྱི་ཚོགས་མི་རྒྱལ་ཁབ་ཁག་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་དབྱེ་འབྱེད། འགན་འཁུར་ལན་འདེབས་ཞེས་པའི་གཞི་རྩའི་ལྟ་གྲུབ་ལ་རྒྱབ་གཏོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། ལྷན་ཚོགས་ཐོག་གྲོས་འཆར་དེ་ལམ་ལྷོང་བྱུང་མེད་པར་ལྟོས་མེད་ང་ཚོ་ཡུ་གུར་མང་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་དྲང་བདེན་ཐོག་འབད་རྩོན་བྱས་ཏེ་རྒྱ་ནག་གཞུང་དེ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་འགན་འཁུར་ལན་འདེབས་བྱེད་དགོས་པ་ཞིག་བཟོ་རྒྱུ་ཡིན་ཞེས་བཤད་འདུག དེ་བཞིན་འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ Dolkun Isa ལགས་ཀྱིས་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱལ་ཚོགས་ལ་རྒྱ་ནག་གི་ངོས་ནས་འགན་འཁུར་ལན་འདེབས་བྱེད་དུ་བཅུག་རྒྱུའི་གོ་སྐབས་ཆེན་པོ་ཞིག་ཤོར་བ་རེད་ཅེས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཉེས་མེད་གནོད་འཚེ་ཕོག་པའི་ཡུ་གུར་མང་ཚོགས་རྣམས་ཕམ་ཉེས་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་མཚན་པའི་འགན་འཛིན་ Sophie Richardson ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རང་ཉིད་ཀྱི་འགན་འཁུར་དོར་ནས་ཉེས་མེད་གནོད་འཚེ་ཕོག་པའི་ཡུ་གུར་མང་ཚོགས་ལ་རྒྱབ་གཏོད་བྱས་པ་ཞིག་པ་དང། རྒྱ་ནག་གཞུང་གིས་འགྲོ་བ་མིའི་རིགས་ལ་ཁྲིམས་འགལ་ཐོག་ནས་ནག་ཉེས་ཇི་བསགས་སུབ་ཐུབ་ཀྱི་མ་རེད་ཅེས་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག ཁ་སང་འཛམ་གླིང་རྒྱལ་ཁབ་ཉི་ཤུ་ལྷག་ནང་གནས་པའི་ཡུ་གུར་ཚོགས་སྐྱིད་ཁག་ ༦༦ ནས་ད་རེས་རྒྱལ་ཚོགས་ཀྱི་ལྷན་ཚོགས་སྟེང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་དང་འབྲེལ་ནས་རྒྱ་ནག་ཐོག་བགྲོ་གླེང་དགོས་པའི་གྲོས་འཆར་ལ་དོན་འབྲས་མ་སོན་པའི་གནད་དོན་དང་འབྲེལ་ཏེ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་དམིགས་བསལ་ཁེ་ལས་རྟོག་ཞིབ་སྡེ་ཁག་གིས་དགོས་ངེས་དང་མཐུན་པའི་བྱ་སྤྱོད་ཅིག་ངེས་པར་དུ་སྤེལ་རོགས་ཞེས་ཞུ་སྙན་ཞིག་ཀྱང་ཕུལ་འདུག

ས་གནས་ཀྱི་འོས་བསྡུའི་འགན་འཛིན་རྣམ་པར་འོས་བསྡུའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་།

ཁ་སང་ཕྱི་ཚེས་ ༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་འོས་བསྡུ་ལས་ཁང་གི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་དུ་གནས་པའི་ས་གནས་ཀྱི་འགོ་འཛིན་ནམ་འོས་བསྡུའི་འགན་འཛིན་རྣམས་ལ་འོས་བསྡུ་འཛིན་སྐྱོང་སྟངས་འཛིན་སོགས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པ་རེད།རྒྱལ་ས་ལྡི་ལིའི་ India International Centre ཞེས་པའི་ལྟེ་གནས་ཁང་དུ་གོ་སྒྲིག་ཞུས་པའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཁྲོད་ས་གནས་ཁག་གི་འོས་བསྡུའི་འགན་འཛིན་ ༣༠ ལྷག་མཉམ་ཞུགས་གནང་འདུག་པ་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཉིན་གྲངས་གསུམ་གྱི་རིང་ས་གནས་ཀྱི་འོས་བསྡུའི་འགན་འཛིན་རྣམས་ལ་ཕྱི་ལུགས་ཀྱི་མཁས་དབང་ཁག་གཅིག་གིས་རྒྱལ་སྤྱིའི་འོས་བསྡུའི་འགྲོ་ལུགས་དང་སྔོན་འགྲོའི་བྱ་རིམ། འཛིན་སྐྱོང་། དཀའ་རྙོག་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཟབ་ཁྲིད་གནང་གི་ཡོད་སྐོར་གསུངས་ཡོད། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་མང་གཙོའི་སྒྲིག་འཛུགས་ཤིག་གི་ནང་འོས་བསྡུའི་བྱ་རིམ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་མ་ཚད་པར་འོས་བསྡུའི་བྱ་རིམ་དེ་དག་དཀའ་རྙོག་མེད་པར་དྲང་བདེན་ཞིག་ཡོང་ཐབས་གནང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། ས་གནས་འོས་བསྡུའི་འགན་འཛིན་རྣམ་པར་རྒྱལ་སྤྱིའི་འོས་བསྡུའི་འགྲོ་ལུགས་དང་ས་གནས་ཀྱི་གནས་སྟངས་ལ་གཞིགས་པའི་འཛིན་སྐྱོང་སྟངས་འཛིན་གནང་ཕྱོགས། ལྷག་པར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་འོས་བསྡུའི་སྒྲིག་གཞི་སོ་སོར་གོ་རྟོགས་གསལ་པོ་དགོས་སྐོར་གསུངས་པ་དང་སྦྲགས། ཉིན་གྲངས་གཉིས་རིང་ཨ་རི་སོགས་ཀྱི་མཁས་དབང་ཚོས་ཟབ་ཁྲིད་གནང་རྒྱུ་དང་ཉིན་མཐའ་མར་དབུས་འོས་བསྡུ་ལས་ཁང་ནས་ཟབ་ཁྲིད་གནང་རྒྱུ་ཡིན་སྐོར་གསུངས་སོང་། གཞི་རྩའི་དབུས་འོས་བསྡུ་ལས་ཁང་ནི། ཕྱི་ལོ་ ༡༩༩༡ ལོར་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གསར་གཏོད་གནང་བའི་ཁོངས་ཀྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན་པ་རེད། སྡེ་ཚན་དེའི་འགན་དབང་གཙོ་བོ་ནི་བོད་མི་མང་སྤྱི་འཐུས་རྣམ་པ་དང་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་། ས་གནས་འཐུས་ཚོགས། ས་གནས་འགོ་འཛིན་ལ་སོགས་པའི་མང་མོས་འོས་བསྡུའི་ལས་དོན་ཅི་རིགས་བཅའ་ཁྲིམས་སྐབས་འཕྲལ་ལག་ལེན་འཐུས་ཚང་གནང་རྒྱུ་བཅས་ཀྱི་འགན་དབང་ཡོད་པ་རེད་། འོས་བསྡུ་ལས་ཁང་གཞིར་བཟུང་བྱས་ན་ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་བཅས་ཀྱི་བོད་མི་གནས་ཡུལ་ས་གནས་ཁག་ཏུ་འོས་བསྡུའི་འགན་འཁུར་བཞེས་མཁན་གྱི་ས་གནས་འགོ་འཛིན་ནམ་འོས་བསྡུའི་འགན་འཛིན་ཁག་ ༤༨  ཡོད་ཀྱང་། ཐེངས་འདིའི་རྒྱལ་ས་སྡི་ལིའི་ཟབ་སྦྱོང་ནང་ས་གནས་ཁག་ ༣༠ ཡི་འོས་བསྡུའི་འགན་འཛིན་མཉམ་ཞུགས་གནང་མེད་པ་དང་དེ་མིན་ས་གནས་ཁག་ ༡༨ ལ་མ་འོངས་པར་འབྲས་ལྗོངས་ས་གནས་སུ་ཟབ་སྦྱོང་གནང་རྒྱུ་ཡིན་པ་རེད།

རྒྱ་གཞུང་གིས་༸སྐུའི་ཡང་སྲིད་ཀྱི་བདག་དབང་རྩོད་རྒྱུའི་ལས་དོན་ཇེ་ཆེར་སྤེལ་བཞིན་པ་མངོན་གསལ།

ཁ་ཉིན་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གི་ངོས་ནས་མ་འོངས་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཀྱི་གྲ་སྒྲིག་དང་འབྲེལ་ཏེ། ༸རྒྱལ་བའི་ཡང་སྲིད་བསྐོ་གཞག་གི་གནད་དོན་ཐད་བདག་དབང་རྩོད་རྒྱུའི་ལས་དོན་ཇེ་ཆེར་སྤེལ་བཞིན་ཡོད་པ་མངོན་གསལ་གནང་འདུགརྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༢༠ ཙམ་ལས་གྲུབ་པའི་ ITN འམ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་ཁེ་ན་ཌ་ནང་གི་ Tibet Justice Center ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་མཉམ་འབྲེལ་ཐོག Tibet, the Dalai Lama, and the Geopolitics of Reincarnation ཞེས་བོད་དང་༸གོང་ས་ཏཱ་ལའི་བླ་མ་མཆོག ༸སྐུའི་ཡང་སྲིད་དང་འབྲེལ་བའི་ཡུལ་བབ་སྲིད་བྱུས་དང་འབྲེལ་བའི་གནད་དོན་ཐོག་ཤོག་གྲངས་ ༣༢ ཅན་གྱི་སྙན་ཐོ་ཞིག་ཀྱང་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་དམར་པོའི་གཞུང་དང་འབྲེལ་བ་ཡོད་པའི་བོད་གནས་ཉམས་ཞིབ་པ་བརྒྱུད་ནས་ལག་སོན་བྱུང་བའི་རྒྱ་ནག་གཞུང་གི་ནང་མོལ་ཡིག་ཆ་གལ་ཆེ་གཉིས་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་ད་ལྟ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་རྗེས་ཀྱི་དུས་རབས་ཞེས། ཏཱ་ལའི་རྗེས་ཀྱི་དུས་རབས་ཟེར་བའི་ཐབས་བྱུས་གྲ་སྒྲིག་འོག་རྒྱ་ནག་རང་ཉིད་ཀྱི་ངོས་ནས་༸རྒྱལ་བའི་༸སྐུའི་ཡང་སྲིད་བསྐོ་གཞག་བྱེད་ཕྱོགས་དང་འབྲེལ་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་བརྒྱུད་ལམ་ཁག་ལ་ཆེད་དམིགས་ཀྱིས་དེ་ལྟ་བུའི་དུས་སྐབས་ཁྲོད་བོད་དོན་ལ་རྒྱབ་སྐྱོར་མཚམས་འཇོག་ཐུབ་ཐབས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སྲིད་བྱུས་སྒོ་ནས་ལག་བསྟར་གྱིས་བོད་ས་ཡོངས་ལ་དབང་བསྒྱུར་སྲ་བརྟན། བོད་བརྒྱུད་ནང་བསྟན་ལ་སྟངས་འཛིན་གྱི་སྲིད་བྱུས་དེ་ཉིད་བོད་ནང་ཙམ་མ་ཡིན་པར་རྒྱ་གར་དང་འབྲུག་ཡུལ། བལ་ཡུལ། སོག་ཡུལ་གཙོས་པའི་དབུས་ཨེ་ཤ་ཡ་བཅས་ལ་རྒྱ་བསྐྱེད་ནས་ལག་བསྟར་བྱ་རྒྱུའི་ངན་བྱུས་ཀྱི་ལས་དོན་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག སྙན་ཐོ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནས་བབ་འདི་བོད་དང་བོད་མི། བོད་མིའི་ཆོས་རིག་དང་འབྲེལ་བའི་གནད་ཀྱི་སྙིང་པོ་ཆགས་ཡོད་པར་མ་ཟད། བོད་ཙམ་མིན་པར་གཙོ་བོ་ཧི་མཱ་ལ་ཡ་རི་རྒྱུད་དུ་གནས་པའི་ནང་པ་དང་སོག་ཡུལ། ཉི་ཧོང་དང་ཝེ་ཏི་ནམ། ཨུ་རུ་སུ་ཁུལ་གྱི་ནང་པའི་རྒྱལ་ཁབ་ཁག་གི་རིག་གཞུང་དང་ཡང་འབྲེལ་བ་ཆེན་པོ་ཆགས་ཀྱི་ཡོད་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་ནང་ལོག་ལའང་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་མང་པོ་ཡོད་སྟབས་འབྲེལ་བ་ཆེན་པོ་ཆགས་ཡོད་པར་ཐེར་འདོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་ངན་བྱུས་དེ་དག་ལམ་ལྷོང་འབྱུང་ཚེ་དེའི་ཐོག་ནས་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་བ་མེད་པ་བཟོ་རྒྱུ་སོགས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་འབྲེལ་ལམ་ལ་འགྱུར་ལྡོག་འགྲོ་ཉེན་ཡོད་པར་མ་ཟད། རྒྱ་ནག་གིས་ངོས་འཛིན་བྱས་པའི་༸རྒྱལ་བའི་ཡང་སྲིད་བརྒྱུད་ནས་བོད་མིའི་ཆོས་དང་རིག་གཞུང་གི་སྙིང་པོ་མེད་པ་བཟོས་ཏེ་རྒྱ་གཞུང་གིས་ལོ་མང་ནས་བོད་ནང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་སྲིད་བྱུས་སྒོ་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུ་དང་། བོད་མི་དང་ཏཱ་ལའི་བླ་མའི་དབར་གྱི་ཐུན་མོང་མིན་པའི་འབྲེལ་བ་དེ་མེད་པ་བཟོ་རྒྱུ་སོགས་ལ་དམིགས་བཞིན་ཡོད་པ་གསལ་འདུག དེ་བཞིན་ཚོགས་པར་ལག་སོན་བྱུང་བའི་ཡིག་ཆ་གཉིས་ཀའི་ནང་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་རྗེས་ཀྱི་གནད་དོན་དེ་རྒྱ་ནག་ལ་གོ་སྐབས་ཤིག་ཡིན་པར་བཤད་དེ་རྒྱ་ནག་གིས་ངོས་འཛིན་བྱས་པའི་༸པཎ་ཆེན་གྱི་ཐོག་ནས་བོད་ཐོག་དབང་ཆ་སྲ་བརྟན་བཟོ་རྒྱུ་སོགས་དང་། ལྷག་པར་༸པཎ་ཆེན་རྒྱལ་མཚན་ནོར་བུ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ལག་ཆ་ཡིན་པའི་ལྟ་ཚུལ་ལ་གདོང་ལེན། རྒྱལ་མཚན་ནོར་བུ་དེ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེན་མཁན་ཙམ་མིན་པར་བོད་བརྒྱུད་ནང་བསྟན་གོང་འཕེལ་གཏོང་མཁན་དང་བོད་མིའི་བདེ་དོན་སྲུང་མཁན་གྱི་མགྲིན་ཚབ་པའི་རྣམ་པ་མངོན་གསལ་བྱེད་ཐབས་སོགས་འཁོད་པར་ཐེར་འདོན་གནང་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དག་གིས་ཁ་ཉིན་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཚོགས་པའི་རྒྱལ་ཚོགས་ཀྱི་ཟུར་ཚོགས་ཐོག་སྙན་ཐོ་འདོན་སྤེལ་དང་སྦྲགས། ཨ་རི་གཞུང་ལྟར་རྒྱལ་སྤྱིའི་གཞུང་གཞན་རྣམས་ཀྱིས་ཀྱང་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་ཐེ་བྱུས་རྩ་བ་ནས་བྱེད་དབང་མེད་པ་གསལ་བཟོའི་ཁྲིམས་གཞི་གཏན་འབེབས་གནང་སྐྱོང་ཡོང་བ་དང། ༸པཎ་ཆེན་རྒྱལ་མཚན་ནོར་བུར་རྒྱབ་སྐྱོར་མཚམས་འཇོག་གིས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཤེས་རྟོགས་ཐུབ་སླད་ཤུགས་གནོན་རྒྱག་དགོས་པ། དེ་བཞིན་གཞུང་སོ་སོའི་ཁྲོད་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འམ་བོད་དོན་སྲིད་བྱུས་དང་འབྲེལ་བའི་སློབ་སྟོན་པ། ཡང་ན་བོད་ཀྱི་སྡེ་ཚན་སོགས་ལོགས་སུ་ཆེད་འཛུགས་གནང་ཐབས་དགོས་པར་མ་ཟད། ༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་མིའི་སྒྲིག་འཛུགས་ལ་སྲུང་སྐྱོབ་སོགས་ཀྱི་ཐད་རྒྱ་གར་གཞུང་ལ་མཐུན་འགྱུར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་སོགས་དགོས་འདུན་དོན་ཚན་ཁག་གཅིག་ཆེད་བཀོད་གནང་འདུག དེ་མཚུངས་སུ་སྙན་ཐོ་ནང་སོག་ཡུལ་དེ་དེ་སྔ་༸རྒྱལ་བའི་ཡང་སྲིད་འཁྲུངས་ཡུལ་གྱི་རྒྱལ་ཁབ་ཅིག་དང་། དེ་སྔ་སོག་ཡུལ་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྐབས་སུའང་༸གོང་ས་མཆོག་འབྲེལ་བ་ཆགས་ཀྱི་ཡོད་པ་བཅས་གནད་དོན་གཉིས་ཀྱི་ཐོག་ནས་གནད་དགག་ཆགས་ཀྱི་ཡོད་པ་མངོན་གསལ་གནང་བ་དང་ཆབས་ཅིག་སོག་ཡུལ་རྒྱལ་ཁབ་ཀྱི་མང་གཙོ་དང་བོད་བརྒྱུད་ནང་བསྟན་གྱི་སྒྲིག་འཛུགས། དེ་བཞིན་རིན་པོ་ཆེ་མཆོག་བཅས་ཀྱི་སྲུང་སྐྱོབ་ཐད་ལ་བཞེངས་ཕྱོགས་བརྟན་པོ་ཞིག་དགོས་པ་ཡང་བཀོད་འདུག

བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་སྟེ་དགེ་བའི་ལས་སྟོབས་ཆེན་བསགས་ཡོད་པས་སེམས་སྐྱིད་པོ་གྱིས་ཤིག་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་ཕོ་བྲང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་བའི་དུས་སྟོན་དང་བསྟུན་སྨན་ཁང་གི་ལས་སྣེ་དང་ཞབས་ཞུ་བ་ཡོངས་ལ་མཇལ་ཁ་སྩལ་ཡོད་པ་དང་སྐབས་དེར་༸གོང་ས་མཆོག་གིས་བདེ་ལེགས་སྨན་ཁང་ལ་སྨན་གཏུག་གནང་མཁན་ཚོས་ཕན་ཐོགས་བྱུང་ཞེས་དགའ་མོས་གནང་མཁན་མང་པོ་ཡོང་གི་འདུག་པས་སྨན་ཁང་གིས་ད་བར་མི་མང་མཆོག་དམན་དབྱེར་མེད་ཚང་མར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། སྨན་ཁང་ལ་སྨན་གཏུག་གནང་མཁན་ཡོངས་ཀྱི་སྐུ་ཚབ་མཛད་དེ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་མཛད་པར་མ་ཟད་ལྷག་པར་དུ་བདེ་ལེགས་སྨན་ཁང་ནི་མགོན་པོ་༸གང་ཉིད་མཆོག་གི་བཞུགས་སྒར་དང་ཇོ་བོ་ཝ་ཏི་བཟང་པོ་འདིར་བཞུགས་པའི་ཆ་ནས་དམིགས་བསལ་ཆགས་ཅན་ཞིག་ཡོད་ཅེས་དང་སྨན་ཁང་གིས་སྔར་བཞིན་དལས་དོན་མཐའ་དག་ལ་ཧུར་ཐག་གྱིས་ཤིག་ཅེས་བཀའ་སྩལ་འདུགདེ་བཞིན་མགོན་པོ་མཆོག་གིས་སྨན་ཁང་གི་ཞབས་ཞུ་བ་ཚོས་ནད་པར་ལྟ་སྐབས་སྒྲོལ་མའི་གཟུངས་སྔགས་བགྲང་ན་ཕན་ཐོགས་ཡོད་པ་བཀའ་སྩལ་བ་དང་ཆབས་ཅིག བཙན་བྱོལ་དུ་བཞུགས་རིང་བདེ་ལེགས་སྨན་ཁང་དུ་ཕྱག་ལས་གནང་བ་དེས་དགེ་བའི་ལས་སྟོབས་ཆེན་བསགས་ཡོད་པ་སྤྱི་དང་སྒོས་འཕགས་པ་སྤྱན་རས་གཟིགས་ཀྱིས་དུས་རྟག་ཏུ་གཟིགས་བཞིན་ཡོད་བསམ་ནས་སེམས་སྐྱིད་པོ་གྱིས་ཤིག་ཅེས་བཀའ་སྩལ་ཡོད།མགོན་པོ་༸གང་ཉིད་མཆོག་གིས་ད་ལྟ་བོད་ཀྱི་གནས་སྟངས་དཀའ་ངལ་ཅན་ཞིག་ཆགས་ཡོད་ཀྱང་འགྱུར་བ་ཏན་ཏན་འགྲོ་གི་རེད། ངོས་ཀྱི་ངོ་ཤེས་པ་ཚོས་ད་ལྟ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་མིས་བོད་ལ་དབང་བསྒྱུར་བྱས་ཡོད་ཀྱང་། མ་འོངས་པར་ཆོས་ཕྱོགས་ཀྱི་ཐོག་ནས་རྒྱ་ནག་ལ་དབང་བསྒྱུར་ཐུབ་ཀྱི་རེད་ཅེས་སྙན་སེང་ཞུས་སྐོར་བཀའ་སྩལ་བ་དང་། དེང་སང་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཚོས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་དམིགས་བསལ་གྱིས་དགའ་བོ་བྱེད་ཀྱི་འདུག གང་ལྟར་བོད་ཀྱི་བདེན་མཐའ་གསལ་བ་ཞིག་ཏན་ཏན་ཡོང་གི་རེད་ཅེས་བཀའ་སྩལ་འདུག

རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་དུས་འགྱངས་མེད་པར་སྙན་ཐོ་འབུལ་དགོས། 

བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གཙོས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཚོགས་པ། རྒྱལ་སྤྱིའི་ཡུ་གུར་ཚོགས་པ། དེ་བཞིན་ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་སོགས་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མིང་ཐོག་ལ་ཕྱག་བྲིས་ཤིག་གནང་སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཚོགས་ལ་མནར་གཅོད་མཚམས་འཇོག་གི་གྲོས་མཐུན་ལག་བསྟར་བྱེད་ཕྱོགས་ཐད་ཀྱི་སྙན་ཐོའི་དུས་ཚོད་མཐའ་མ་དེ་ཟིན་ནས་ད་ཆ་ཕལ་ཆེར་ལོ་གསུམ་འགྲོ་གི་ཡོད་སྟབས། རྒྱ་ནག་གཙོ་གྱུར་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཡོངས་ཀྱི་ཚབ་ཞུས་ཏེ་དེ་འབྲེལ་གྱི་སྙན་ཐོ་དེ་ད་དུང་ཡང་དུས་འགྱངས་མེད་པ་གང་མགྱོགས་རྒྱལ་ཚོགས་ལ་འབུལ་དགོས་པའི་ཞུ་སྐུལ་གནང་འདུག ཕྱག་བྲིས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མནར་གཅོད་མཚམས་འཇོག་གི་གྲོས་མཐུན་བཞག་པ་དང་སྦྲགས་ལོ་བཞི་རེར་དེ་འབྲེལ་སྙན་ཐོ་འབུལ་རྒྱུའི་ངོས་ལེན་ཞུས་ཡོད་པ་དེ་ལྟར་ནའང་། རྒྱ་ནག་གིས་ཕྱི་ལོ་ ༢༠༡༥ ལོར་སྙན་ཐོ་ཐེངས་ལྔ་པའི་དུས་བཀག་བསྐྱར་ཞིབ་རྗེས་སྙན་ཐོ་དྲུག་པ་དེ་ཕུལ་མེད་པ་དང་ལྷག་པར་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ལ་སྙན་ཐོ་དེ་དུས་ཐོག་ཏུ་ཕུལ་མེད་པའི་ཁར་ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་པ་མགྲོན་འབོད་ཞུས་མེད་སྐོར་བཀོད་འདུག དེ་སྔོན་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐེངས་ལྔ་པའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་ཆུང་ནས་རྒྱ་གཞུང་གིས་གྱོད་ཞིབ་སྔོན་དང་བཀག་བསྐྱིལ་སྐབས་སུ་བཙོན་པར་མནར་གཅོད་དང་གར་སོང་ཆ་མེད་དུ་བཏང་བ།  དེ་བཞིན་སྡུག་སྦྱོང་ཚད་མེད་བཏང་སྟེ་སྐོར་སྲུང་བའི་དོ་དམ་འོག་འདས་གྲོངས་སུ་གྱུར་ཡོད་པར་ཐུགས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་ཡོད་སྐོར་དང་ཆབས་ཅིག རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བ། དེ་བཞིན་ཧན་རྒྱ་རིགས་ལ་སྡུག་སྦྱོང་མནར་གཅོད་བཏང་བའི་བདེན་དཔང་ཇི་སྙེད་ཅིག་ཡོད་པ་མ་ཚད་པར་རྒྱ་ནག་གི་སྐོར་སྲུང་བའི་ལག་ནས་ཆབ་སྲིད་བཙོན་ཟུར་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་དག་ཅིག་འདས་གྲོངས་སུ་གྱུར་ཡོད་པ་གསུངས་འདུག ད་དུང་རྒྱ་ནག་གིས་མནར་གཅོད་དང་རྡུང་རྡེག་ཚད་མེད་འོག་ཕྱི་ལོ་ ༢༠༡༩ ལོར་ནོར་བཟང་ལགས་དང་ཕྱི་ལོ་ ༢༠༢༠ ལོར་ལྷ་མོ་ལགས་སོགས་འདས་གྲོངས་སུ་གྱུར་སྐོར་གསུངས་འདུག་པ་དང་། ཤར་ཏུ་ཀི་སི་ཏན་ལ་ཆ་མཚོན་ན་རྒྱ་ནག་གིས་ཡུ་གུར་མི་རིགས་རྣམས་ལ་མི་འདོད་བཞིན་དུ་ཆབ་སྲིད་སློབ་གསོ་བསྟི་གནས་ཁང་དུ་ཆབ་སྲིད་སློབ་གསོ་སྤྲད་ཡོད་སྟབས་རྒྱ་ནག་གིས་སྙན་ཐོ་འབུལ་ལམ་མ་ཞུ་བ་དེས་ཕྱི་ཕྱོགས་ཀྱི་སྐྱོན་བརྗོད་སོགས་ལས་གཡོལ་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་འདུག རྒྱ་ནག་གིས་སྙན་ཐོ་མ་འབུལ་བ་དེས་རྒྱལ་སྤྱི་དང་རྒྱལ་ཚོགས་ཀྱི་ལས་དོན་དག་ཚགས་ཚུད་ལམ་ལྷོང་ཡོང་བར་འགོག་རྐྱེན་དང་ཆབས་ཅིག་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་སྣང་ཆུང་བྱས་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ ནང་བོད་མིའི་འཐུས་མི་ ༣༨ བཀོད་སྒྲིག

འཚོགས་ལ་ཉེ་བའི་ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ ནང་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཡོངས་འཐུས་མི་ནང་བོད་མིའི་འཐུས་མི་མི་གྲངས་ ༣༨ བཀོད་སྒྲིག་བྱས་འདུགདེ་ཡང་ཁ་སང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེའི་ཐོག་མཉམ་ཞུགས་བྱེད་མཁན་གྱི་རྒྱལ་ཡོངས་འཐུས་མིའི་ཁྱོན་མི་གྲངས་ ༢༢༩༦ ཁྲོད་བོད་མིའི་འཐུས་མི་བརྒྱ་ཆ་ ༡་༦༥ མ་གཏོགས་མེད་པ་དེ་ལྟར་ཡང་། རྒྱ་ནག་གིས་དབང་སྒྱུར་འོག་ཡོད་པའི་བོད་པའི་ས་ཁྱོན་བཞི་ཆ་གཅིག་ཆགས་ཡོད་སྐོར་འཁོད་འདུག་པ་དང་། ཚོགས་ཆེན་དེར་རྒྱ་ནག་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ནས་བོད་མི་ ༡༨ ཡོད་པ་དང་། དེའི་ཁྲོད་བུད་མེད་འཐུས་མི་ ༨ དེ་བཞིན་ཤང་ཧའེ་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ནས་བོད་མིའི་འཐུས་མི་ ༤ དང་། རྒྱ་ནག་གི་དབྱེ་བའི་ཟི་ཁྲོན་དང་ཡུ་ནན། ཀན་སུ་ཞིང་ཆེན་ནས་བོད་མི་ ༣ དང་། གཉིས་རེ་བཅས་ཞིང་ཆེན་དེ་དག་བཞི་ནས་བུད་མེད་རེ་རེ་ཡོད་སྐོར་འཁོད་འདུགཕྱོགས་མཚུངས་དབུས་དང་མངའ་སྡེའི་ལས་ཁུངས་ནས་བོད་པའི་འཐུས་མི་ ༢ དང་། རྒྱ་ནག་བཅིངས་གྲོལ་དམག་མི་དང་རྒྱ་ནག་ཉེན་རྟོག་སྡེ་ཁག་ནས་བོད་པའི་འཐུས་མི་ ༤ དེ་བཞིན་དབུས་དཔལ་འབྱོར་སྡེ་ཁག་ནས་བོད་མི་ ༢ བཅས་དེ་དག་གི་ནང་དུ་བུད་མེད་འཐུས་མི་གཅིག་རེ་ཡོད་པ་མ་ཟད། གོང་གི་འཐུས་མིའི་དེ་དག་ལས་གནས་རིམ་མཐོ་ཤོས་ད་ལྟའི་ཆར་ཧྥུ་ཅིན་ཞིང་ཆེན་གྱི་ཆབ་སྲིད་གྲོས་མོལ་ཚོགས་པའི་ཚོགས་གཙོ་བོད་པའི་བུད་མེད་ ༡ བཅས་ཁྱོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེར་བོད་མིའི་འཐུས་མི་མི་གྲངས་ ༣༨ བཀོད་སྒྲིག་བྱས་ཡོད་སྐོར་འཁོད་འདུག མ་ཟད་རྒྱ་ནག་དམར་པོའི་གཞུང་གི་བོད་ས་ཡོངས་རྗོགས་མི་ལོ་ ༦༠ རིང་ལ་དབང་སྒྱུར་བྱེད་པ་དེ་ལྟར་ནའང་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་གནས་རིམ་མཐོ་ཤོས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་དང་། གཉིས་པ་རྒྱ་ནག་མི་མང་དབུས་ཆབ་སྲིད་ལྷན་ཚོགས་གཉིས་ཀྱི་ནང་དུ་ད་བར་བོད་མི་གཅིག་ཀྱང་བཀོད་མྱོང་མེད་པ་སོགས་འཁོད་འདུག འདི་ག་རླུང་འཕྲིན་ཁང་ནས་ཐེ་ཝན་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་སུ་གནད་དོན་དེ་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། འཚོགས་ལ་ཉེ་བའི་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་ཆེན་གྱི་འཐུས་མིའི་ནང་བོད་མི་འདེམ་སྒྲུག་བྱས་པ་དེ་དག་འཁྲབ་སྟོན་ཙམ་ཞིག་ཡིན་པ་དང་། དེའི་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ལ་གཞི་རྩའི་ཐོབ་ཐང་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་སོགས་ཡོད་པ་ནམ་ཡང་མཚོན་ཐུབ་ཀྱི་མེད་ཅེས་འགྲེལ་བརྗོད་གནང་བྱུང་།རྩ་བའི་ལོ་བཅུ་རའི་ནང་ཐེངས་གཉིས་རེ་ལས་ཚོགས་སྲོལ་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེའི་ཐོག་དམར་ཤོག་ཚོགས་པའི་སྲིད་བྱུས་གཏན་འབེབས་དང་། འགོ་ཁྲིད་མཐོ་ཤོས་དེ་འདེམ་སྒྲུག་བྱེད་ཀྱི་ཡོད་པ་དང་བསྟུན། ད་ལྟའི་ཆར་སྲིད་འཛིན་ཞི་ཅིན་ཕིང་གི་ངོས་ནས་རང་ཉིད་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་སླར་ཡང་དུས་ཡུན་ཐེངས་གསུམ་པར་བདམས་ཐོན་བྱུང་རྒྱུའི་རེ་བ་དང་རང་ཉིད་ཀྱི་དབང་ཆ་རྒྱ་སྐྱེད་ཀྱི་འཆར་གཞི་མངོན་གསལ་བྱུང་ཡོད་པ་ཆབས་ཅིག རྒྱ་ནག་གཞུང་འབྲེལ་གྱི་གསར་ཁང་གི་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཞི་ཅིན་ཕིང་གིས་རྒྱ་ནག་འདི་བཞིན་ལེའུ་གསར་པ་ཞིག་འགོ་འཛུགས་བྱ་རྒྱུ་ཡིན་པའི་ཡོངས་བསྒྲགས་བྱས་ཡོད་སྐོར་འཁོད་ཡོད།  

Latest news